༸སྐུ་ཕྲེང་བཅུ་བཞི་པར་ཞབས་བརྟན་དུ་གསོལ་བ་འཆི་མེད་བདུད་རྩིའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།།

༄༅། །ༀ་སྭ་སྟི། རྒྱལ་བ་ཀུན་གྱི་བརྩེ་ཆེན་ཡེ་ཤེས་སྐུ། །གཅིག་ཏུ་བསྡུས་པ་གངས་རི་ལྟར་དཀར་བ། །འཕགས་མཆོག་འཇིག་རྟེན་དབང་ཕྱུག་སྤྲུལ་པའི་སྐུ། །ཁམས་གསུམ་འགྲོ་བའི་བླ་མ་རྒྱལ་གྱུར་ཅིག །སྲིད་པ་གསུམ་ན་ངོ་མཚར་ཟླ་མེད་པ། །ཨུ་དུམ་ཝཱ་ར་ལྟར་འཕགས་ཐམས་ཅད་མཁྱེན། །འཛམ་གླིང་བསྟན་འགྲོ་ཡོངས་ཀྱི་གཙུག་ནོར་ཆེ། །རྒྱལ་མཆོག་ཕྱག་ན་པདྨོར་ཞབས་བརྟན་གསོལ། །གདོད་ནས་མངོན་སངས་རྒྱས་ཀྱང་རྩོད་པའི་དུས། །འགྲོ་རྣམས་ཕྱག་གི་ཡལ་གས་ཉེར་འཛིན་པའི། །ཐུགས་བསྐྱེད་དམ་བཅའ་རྡོ་རྗེ་ལྟ་བུར་བརྟན། །ས་བཅུའི་དབང་ཕྱུག་ཆེན་པོར་ཞབས་བརྟན་གསོལ། །བྱང་ཆུབ་ལམ་གྱི་རིམ་པའི་མངོན་རྟོགས་ཀུན། །གསང་བ་གསུམ་དང་དབྱེར་མེད་འདྲེས་པ་ལས། །མཁྱེན་དང་བརྩེ་བའི་ཡོན་ཏན་བསམ་མི་ཁྱབ། །བྱང་ཕྱོགས་ཐུབ་དབང་གཉིས་པར་ཞབས་བརྟན་གསོལ། །འཆད་རྩོད་རྩོམ་ལ་ཆགས་ཐོགས་མི་མངའ་ཞིང༌། །སྤོབས་པའི་གཏེར་ཆེན་བརྒྱད་པོ་ཡོངས་སུ་གྲོལ། །སོ་སོ་ཡང་དག་རིག་པས་ཆོས་སྟོན་པ། །ཕྱོགས་ལས་རྣམ་རྒྱལ་ཆེན་པོར་ཞབས་བརྟན་གསོལ། །བློ་བཟང་རྒྱལ་བའི་བསྟན་པ་རིན་པོ་ཆེ། །བཤད་སྒྲུབ་ལས་ཀྱི་འཁོར་ལོས་ཕྱོགས་བརྒྱར་སྤེལ། །རྒོལ་ངན་བདུད་ཀྱི་གླང་པོའི་ཀླད་པ་འགེམས། །འཇིགས་བྲལ་སྨྲ་བའི་སེངྒེར་ཞབས་བརྟན་གསོལ། །སྣང་གསུམ་རྒྱུད་གསུམ་གསང་སྔགས་ལམ་གྱི་རིམ། །དབང་བཞིའི་རྣལ་འབྱོར་ཟབ་མོས་འགྲོས་བཞི་ཐིམ། །སྐུ་བཞིའི་ཡེ་ཤེས་མངོན་སུམ་བརྙེས་མཛད་པ། །ཁྱབ་བདག་རྡོ་རྗེ་འཆང་དབང་ཞབས་བརྟན་གསོལ། །དངོས་པོ་ཀུན་གྱི་གནས་ལུགས་ཕྱག་རྒྱ་ཆེ། །ཟབ་གསལ་གཉིས་སུ་མེད་པའི་ལྷན་སྐྱེས་ཀྱི། །ཡེ་ཤེས་ཉི་མས་སྲིད་ཞིའི་མུན་སེལ་བ། །རྣལ་འབྱོར་དབང་ཕྱུག་ཆེན་པོར་ཞབས་བརྟན་གསོལ། །རྒྱུད་སྡེ་རྒྱ་མཚོའི་གསང་བ་ཀུན་གྱི་མཛོད། །སྨིན་གྲོལ་ཁ་འབབ་རྣམ་བཞིའི་རྒྱན་བཟང་པོ། །སྐལ་བཟང་གདུལ་བྱའི་ཞིང་སར་འདྲེན་མཛད་པ། །གསང་བ་འཛིན་པའི་བདག་པོར་ཞབས་བརྟན་གསོལ། །འཁོར་འདས་ཆོས་ཀུན་རྟེན་འབྲེལ་རོལ་པར་ཤར། །ཤར་ཡང་གདོད་ནས་སྐྱེ་མེད་རབ་ཞི་བ། །སྤྲོས་པ་ཀུན་བྲལ་ཟབ་མོ་དབུ་མའི་ལམ། །སྟོན་མཁས་ཀླུ་ཡི་དབང་པོར་ཞབས་བརྟན་གསོལ། །ཕྱི་ནང་གཞན་གསུམ་དབྱེར་མེད་དུས་འཁོར་ལོ། །ལེགས་པར་འདོམས་མཁས་རིགས་ལྡན་པདྨ་དཀར། །བྷོ་ཊའི་ལྗོངས་སུ་དགེ་བའི་བཤེས་སུ་སྟོན། །དང་པོའི་སངས་རྒྱས་ངོ་བོར་ཞབས་བརྟན་གསོལ། །འཁོར་འདས་ཆོས་ཀུན་འོད་གསལ་ཐིག་ལེའི་ཀློང༌། །བྲི་གང་མེད་པ་ལྷུན་གྱིས་རྫོགས་པ་ཆེ། །བྱར་མེད་རང་གྲོལ་འབྲས་བུའི་རྒྱལ་ས་སྙོགས། །ཀུན་བཟང་གདོད་མའི་མགོན་པོར་ཞབས་བརྟན་གསོལ། །མདོར་ན་ཐུབ་བསྟན་ཡོངས་རྫོགས་ཤིང་རྟ་ཆེ། །མ་འདྲེས་ཕྱག་གིས་འདྲེན་ལ་བསྙེངས་པ་བྲལ། །བསྟན་དང་འགྲོ་བ་ཀུན་གྱི་སྐྱབས་གཅིག་པུ། །བསྟན་འཛིན་རྒྱ་མཚོའི་དབང་པོར་ཞབས་བརྟན་གསོལ། །སྲིད་པ་གསུམ་གྱི་ཆེ་རྒུའི་གཙུག་ནོར་གྱིས། །གང་གི་ཞབས་པད་བཀྲ་ཤིས་འཁོར་ལོ་ལ། །གུས་ཤིང་འདར་བཅས་ལན་བརྒྱར་བཏུད་པ་ཡིས། །ཆོས་ཀྱི་རྒྱལ་པོ་ཆེན་པོར་ཞབས་བརྟན་གསོལ། །ལྷ་མིན་བདུད་སྡེ་ཚར་གཅོད་ལྷ་ཡི་དབང༌། །མཐུ་སྟོབས་ནུས་པའི་རྡོ་རྗེ་རྩེ་བརྒྱ་པས། །ལྟ་ངན་ལོག་ལྟའི་བྲག་རི་འཇོམས་མཛད་པ། །འཇིགས་མཛད་ཧེ་རུ་ཀ་དཔལ་ཞབས་བརྟན་གསོལ། །ས་དང་ལྷུན་པོ་ཉི་ཟླ་གནས་ཀྱི་བར། །གསང་གསུམ་གཞན་དུ་འགྱུར་བ་མེད་པ་ཡི། །གྲུ་འཛིན་འཕགས་མཆོག་དགྱེས་པའི་གཞལ་མེད་ཁང༌། །རྡོ་རྗེའི་ཁྲི་ལ་གཞོམ་བྲལ་བརྟན་བཞུགས་གསོལ། །འཆི་མེད་ལྷ་མཆོག་གསུམ་གྱི་བྱིན་རླབས་དང༌། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཀྱི། །བདེན་པའི་སྟོབས་ཀྱིས་ཇི་ལྟར་གསོལ་བའི་དོན། །གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།། །།