ྋགོང་ས་མཆོག་གིས་༢༠༡༠ ལོར་རྡོ་རྗེ་གདན་དུ་གསུང་ཆོས་སྐབས་ཀྱི་བཀའ་སློབ་ལས་སྒྲ་ཕབ་བྱས།
དེ་རིང་ང་ཚོ་འདིར་འཛོམས་པའི་དགོས་དོན་དེ། ཚོང་འདུས་འཚོག་པ་མ་རེད། ལྟད་མོ་ཆེན་པོ་ཞིག་གི་ཆེད་དུ་འཛོམས་པ་མ་རེད། ལྟད་མོའི་ཟློས་གར་སྒྱུ་རྩལ་ཞེ་དྲག་ཡོད་པ་དེ་འདྲའི་ཆེད་དུ་འཛོམས་པ་ཡང་མ་རེད།
ང་ཚོ་འདིར་སངས་རྒྱས་པའི་ཆོས་ཉན་བཤད་བྱེད་པའི་དོན་དུ་འདིར་འཛོམས་པ་རེད། སྤྱིར་བཏང་སྒྲ་ཟུར་ཡངས་པའི་དབང་དུ་བྱས་ནས་བཤད་པ་ཡིན་ན། ཆོས་ཟེར་བ་དེ་ལེགས་སྦྱར་སྐད་ནང་དུ་དྷརྨ་ཟེར་བ་རེད། བོད་སྐད་ནང་ལ་ཆོས་ཟེར་བ་བཅོས་པའི་དོན་ལ་འགྲོ་ཡི་ཡོད་རེད། དྷརྨ་ཟེར་བ་དེ་འཛིན་པའི་དོན་ལ་འགྲོ་ཡི་ཡོད་རེད། འཛིན་ཟེར་བ་དེ་གང་ལས་འཛིན་པ་རེད་ཟེར་ན། སྡུག་བསྔལ་ལས་འཛིན་པའམ་སྡུག་བསྔལ་ལས་སྐྱོབ་པར་བྱེད་པའི་ཆ་ནས་ཆོས་དང་འཇིག་རྟེན་གཉིས་སུ་ཕྱེས་པའི་ཆོས་ལ་དྷརྨ་ཞེས་འཇུག་དུས་དོན་དག་དེ་འདྲ་ཞིག་ཡིན་པ་རེད།
སྤྱིར་ཤེས་བྱ་དང་ཡོད་པ་དང༌། གཞི་གྲུབ་དང་ཆོས་ཞེས་པའི་ཆོས་དེ་རང་རང་གི་མཚན་ཉིད་འཛིན་པའམ་ངོ་བོ་འཛིན་པའི་ཆ་ནས་དྷརྨ་ཞེས་པའི་ཐ་སྙད་འཇུག་གི་ཡོད་པ་རེད། བོད་སྐད་ནང་ལ་ཡོད་པའི་ཆོས་ཞེས་པ་ཆོས་དེས་སྡུག་བསྔལ་ལས་འཛིན་གྱི་ཡོད་ན་ག་འདྲ་ཞིག་འཛིན་དགོས་པ་རེད་ཟེར་ན། རང་གི་བློ་མ་དུལ་བ་དེ་སྡུག་བསྔལ་ཡོང་བའི་རྩ་བ་ཡིན་དུས་སེམས་མ་དུལ་བ་དེ་བཅོས་ཤིང་འཆོས་པའི་སྒོ་ནས་སྡུག་བསྔལ་ལས་སྐྱོབ་པར་བྱེད་པ། སྡུག་བསྔལ་ལས་ཐར་བར་བྱེད་པ། འཛིན་པར་བྱེད་པ། སྡུག་བསྔལ་ལས་དྲངས་པར་བྱེད་པ་དེ་འདྲ་ཞིག་ཡིན་པ་རེད།
དེ་འདྲ་ཡིན་དུས་སྒྲ་ཟོར་ཡངས་པའི་དབང་དུ་བྱས་པ་ཡིན་ན། འཛམ་བུ་གླིང་འདིའི་སྒང་ལ་ཆོས་ལུགས་མང་པོ་ཞེ་དྲག་ཅིག་ཡོད་པ་རེད། དཔེར་ན། ཡེ་ཤུའི་ཆོས་དང༌། ཁ་ཆེའི་ཆོས་ཞེས་ང་ཚོས་ནམ་རྒྱུན་བཤད་ཀྱི་ཡོད་རེད། དེ་ཐམས་ཅད་རང་རང་སོ་སོའི་སྡུག་བསྔལ་ཉུང་དུ་གཏོང་བ་དང༌། ཡིད་ཚིམས་པའི་བདེ་སྐྱིད་ཡོང་བའི་དོན་དུ་ཆོས་ལུགས་དེ་དག་བྱུང་ཞིང༌། གང་ལྟར་ཆོས་ལུགས་ཚང་མས་མི་ལ་རེ་བ་སྦྱིན་པ་དང༌། སེམས་ལ་དཀའ་ངལ་འཕྲད་ནས་ཆག་སྒོ་དང་འཇིགས་པ་ལྟ་བུ་འཕྲད་པའི་སྐབས་ལ་བློ་གཏད་བཅོལ་ས་ལྟ་བུ་ཞིག་ཡོང་གི་ཡོད་རེད། དེ་འདྲ་ཡིན་དུས་སངས་རྒྱས་པའི་ཆོས་ཀྱིས་གཙོས་པའི་འཛམ་བུ་གླིང་འདིའི་སྒང་གི་ཆོས་ལུགས་ཚང་མས་ཕྱི་དངོས་པོ་དེ་གཙོ་བོ་སྒྲུབ་ཀྱི་ཡོད་མ་རེད། གཙོ་བོ་ནང་བསམ་བློའི་ནང་དུ་བདེ་སྐྱིད་ཡོང་བའི་ལམ་སྟོན་ཞིག་བྱེད་ཡོང་གི་འདུག
ཆོས་ཟེར་བ་སེམས་བཅོས་པ་དང༌། སེམས་འགྱུར་བ་གཏོང་བ། སེམས་འགྱུར་བ་བཏང་བའི་སྒོ་ནས་སེམས་ལ་དངངས་སྐྲག་ཉུང་དུ་འགྲོ་བ། མ་སྐྱིད་པ་ཉུང་དུ་འགྲོ་བ། ཆོས་ལུགས་ཚང་མའི་དོན་དག་དེ་འདྲ་ཞིག་ཡིན་པ་རེད། དེ་འདྲའི་ཆོས་ལུགས་གཙོ་ཆེ་བ་དེ་དག་བྱུང་ནས་ཧ་ལམ་རྒྱ་གར་ནང་དུ་ལོ་སྟོང་ཕྲག་གསུམ་བཞི་ཙམ་ཕྱིན་པ་རེད། ཨེ་རྗེབ་ཀྱི་དཔལ་ཡོན་དར་བའི་ནང་དུ་ཆོས་ཀྱི་ལྟ་གྲུབ་བྱུང་ནས་ཕལ་ཆེར་ལོ་བཞི་སྟོང་ལྔ་སྟོང་ཙམ་ཕྱིན་པ་རེད། དེ་བཞིན་རྒྱ་ནག་གི་དཔལ་ཡོན་དར་ནས་ལོ་ལྔ་སྟོང་ཙམ་བཤད་ཀྱི་ཡོད་རེད། དེའི་ནང་དུ་རིམ་པས་རིམ་པས་ཆོས་ལུགས་ཀྱི་རྣམ་གཞག་ཅིག་སླེབས་ཡོང་གི་ཡོད་རེད། དེ་ལྟར་ཆོས་ལུགས་གཙོ་ཆེ་བ་དེ་དག་བྱུང་ནས་ལོ་སྟོང་ཕྲག་གཉིས་གསུམ་ཕྱིན་པ་རེད།
ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་པ་རེད། ལོ་སྟོང་ཕྲག་ཕྱིན་པའི་ཆོས་ལུགས་སམ་བསམ་བློ་བསྒྱུར་བཅོས་གཏོང་བྱེད་ཀྱི་ཐབས་ལམ་ཡོད་པ་དེ་དུས་རབས་ཉེར་གཅིག་འདིའི་ནང་ལ་འབྲེལ་བ་ཡོད་རེད་དམ་མ་རེད་ཟེར་ན། སྔ་མོ་འཛམ་བུ་གླིང་གི་སྒང་ལ་མིའི་སྤྱི་ཚོགས་བྱེ་བྲག་ཡར་རྒྱས་མ་ཕྱིན་པའི་སྐབས་ལ་མི་ལ་དངངས་སྐྲག་ཡོང་གཞི་དཔེར་ན། ཐོག་རྒྱག་པ་ལྟ་བུ། འཁྱགས་པའི་སྐབས་ལ་མེའི་དྲོད་ཀྱིས་མི་ལ་ཕན་གྱི་ཡོད་པ་ཡིན་སྟབས། མེ་ལ་སྐྱབས་སུ་འགྲོ་བ་ལྟ་བུ། ཉི་མས་སྣང་བ་སྦྱིན་པ་དང་ཉི་མའི་སྣང་བ་དེ་ཉི་མ་ལ་བརྟེན་ནས་ཡོང་གི་ཡོད་པ་ཡིན་དུས་ཉི་མ་སྐྱབས་སུ་འཛིན་པ་དང༌། ཟླ་བ་སྐྱབས་སུ་འཛིན་པ་དེ་འདྲ་ཡོང་གི་འདུག དེ་ཚོའི་གྲས་དེ་རིམ་པས་རིམ་པས་དུས་ཚོད་འགྱུར་བ་འགྲོ་དུས་འགྱུར་འགྲོ་ཡི་ཡོད་རེད། ཆོས་ལུགས་རིགས་གཅིག་བསམ་བློའི་ཡར་རྒྱས་མེད་པ་དང༌། སྤྱི་ཚོགས་ཡར་རྒྱས་མེད་པ། འཕྲལ་སེལ་ཙམ་གྱི་སྡུག་བསྔལ་གྱི་འཇིགས་པ་ལས་སྐྱོབ་ཐུབ་ཀྱི་ཡོད་མེད་མི་ཤེས་ཏེ། གང་ལྟར་ཡིད་ཆེས་བྱེད་ས་ལྟ་བུ་དེ་འདྲ་ཡོང་གི་འདུག དེ་ཚོའི་གྲས་ལ་ལྟ་གྲུབ་ཡོད་མ་རེད། ག་ལེར་འགྱུར་འགྲོ་ཡི་ཡོད་རེད།
དེ་ནས་སངས་རྒྱས་པའི་ཆོས་དང༌། རྗེན་ཕྱོགས་ཀྱི་གོས་ཅན་ནམ་གཅེར་བུ་བའི་ཆོས་བརྒྱུད། དེ་དང་དེ་འདྲའི་ཆོས་ལུགས་མང་པོ་ཞིག་རྒྱ་གར་རང་གི་ནང་དུ་བྱུང་ཡོད་རེད། དེ་བཞིན་འཛམ་གླིང་ས་ཆ་གཞན་ལ་འཇིའུ་ཆོས། ཡེ་ཤུའི་ཆོས། ཁ་ཆེའི་ཆོས། པར་སིའི་ཆོས་ཛོ་ར་ཛོ་དྷན་ཟེར་བ་དེ་འདྲའི་ཆོས་བརྒྱུད་མང་པོ་ཞིག་ལ་རང་རང་གི་ལྟ་གྲུབ་ཡོད་བསྡད་པ་ཞིག་རེད། དེར་བརྟེན་ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་དང་ལྟ་གྲུབ་མེད་པའི་ཆོས་བརྒྱུད་རིགས་གཉིས་ཡོད་རེད། ལྟ་གྲུབ་མེད་པའི་རིགས་དེ་ཚོ་ཕལ་ཆེར་ག་ལེར་འགག་འགྲོ་ཡི་ཡོད་པ་རེད། ལྟ་གྲུབ་ཡོད་མཁན་དེ་ཚོའི་གཞི་བརླིང་བ་ཡོད་རེད། ད་ལྟའི་དུས་ཚོད་འདིར་ཕྱི་དངོས་པོའི་ཡར་རྒྱས་ཞེ་དྲག་ཕྱིན་བསྡད་ཡོད་རེད། ས་ཁུག་ལུང་ཁུག་ཁ་ཤས་ལ་ལོ་བརྒྱ་ཕྲག་མང་པོའི་སྔོན་ལྟ་བུ་ཁ་ཤས་ཡོད་རེད་མ་གཏོགས་སྤྱི་ཡོངས་ནས་འགྱུར་བ་ཞེ་དྲག་ཕྱིན་ཡོད་རེད། ལྷག་པར་དུ་ཚན་རིག་འཕྲུལ་ཆས་དེ་དག་དར་བའི་རྗེས་སུ་འཛམ་བུ་གླིང་ལ་འགྱུར་བ་ཞེ་དྲག་ཕྱིན་ཡོད་པ་རེད།
དེར་བརྟེན་སྔ་མོ་མིའི་དཀའ་ངལ་ཟེར་བ་དེ་གཙོ་བོ་ལྟོ་གོས་ཀྱི་དཀའ་ངལ་ཆགས་བསྡད་ཡོད་རེད། དངོས་པོ་ཡར་རྒྱས་ཕྱིན་ན་ལྟོ་གོས་ཀྱི་དཀའ་ངལ་སེལ་གྱི་རེད་བསམ་པའི་ལྟོ་གོས་ཀྱི་དཀའ་ངལ་སེལ་བའི་དོན་དུ་ཚན་རིག་ལ་ཡིད་ཆེས་བྱས། འཕྲུལ་ཆས་ལ་ཡིད་ཆེས་བྱས་ནས་ཧ་ལམ་དེ་དག་སྐྱབས་ཀྱི་བཟོ་ལྟ་བུ་ཞིག་ཡོད་རེད། དེ་དག་སྐྱབས་སུ་བཟུང་བའི་ཐོག་ནས་འབད་བརྩོན་བྱས་ནས་ཕྱིའི་ལུས་ཟོལ་ལ་བརྟེན་པའི་སྡུག་བསྔལ་མང་པོ་ཞིག་སེལ་ཡོད་རེད། ནད་ན་ཚ་མང་པོ་ཞིག་ཉུང་དུ་ཕྱིན་ཡོད་རེད། འཕྲོད་བསྟེན་ཡར་རྒྱས་ཕྱིན་པ་ལ་བརྟེན་ནས་མི་ཚེ་རིང་དུ་ཕྱིན་ཡོད་རེད། ཡིན་ན་ཡང་རིམ་པས་རིམ་པས་ཕྱི་དངོས་པོའི་མཐུན་རྐྱེན་ཡག་པོ་དང༌། འཕྲོད་བསྟེན་ཡར་རྒྱས་ཕྱིན་ནས་ཚེ་རིང་དུ་བསྡད་པ་དེ་འདྲ་ཡོང་གི་ཡོད་པ་རེད་དེ། སེམས་མ་སྐྱིད་པ་བྱས་ནས་མི་མང་པོ་ཞིག་རང་ཤི་རྒྱག་མཁན་ཡོང་གི་འདུག དེ་ཚོའི་གྲས་དེ་དངོས་པོ་ཡར་རྒྱས་ཞེ་དྲག་ཕྱིན་པའི་ལུང་པ་དེ་ཚོའི་ནང་ལ་སེམས་མ་སྐྱིད་པ་བྱས་ནས་རང་ཤི་རྒྱག་མཁན་མང་དུ་འགྲོ་སྡོད་ཀྱི་འདུག སེམས་འཁྲུག་ནས་མ་སྐྱིད་པ་བྱེད་མཁན་མང་པོ་ཡོང་གི་ཡོད་རེད། སེམས་ཀྱི་ན་ཚའི་རྐྱེན་པས་རེད། དེ་རིང་ཁ་སང་སེམས་ཀྱི་ན་ཚ་ལ་སྨན་བཅོས་བྱེད་པའི་རྩོལ་བ་བྱེད་མཁན་མང་པོ་ཞིག་ཡོང་གི་འདུག དེ་འདྲ་ཡིན་དུས་ང་རང་ཚོས་ཉམས་མྱོང་གི་ཐོག་ནས་ཤེས་ཀྱི་རེད། ང་ཚོ་མི་ལ་གཙོ་བོ་ལུས་ཟོལ་ལ་བརྟེན་པའི་སྡུག་བསྔལ་དང༌། ཡིད་བློ་ལ་བརྟེན་པའི་སྡུག་བསྔལ་གཉིས་ཡོད་པ་གསལ་པོ་ཞེ་དྲག་རེད། གཉིས་པོ་དེའི་ནང་ནས་མི་ལ་བསམ་བློ་གཏོང་རྒྱུ་མང་པོ་ཡོད་པ་དང༌། རྣམ་དཔྱོད་བཀྲ་པོ་ཞེ་དྲག་ཡོད་པ་ཡིན་དུས། དེའི་རྐྱེན་པས་རེ་དོགས་མང་པོ་ཞིག་ཆགས། རེ་དོགས་དེའི་རྐྱེན་པས་སྡུག་བསྔལ་ཡོང་བསྡད་པ་ཞིག་ཆགས་ཀྱི་ཡོད་རེད། རྣམ་དཔྱོད་ཞེ་དྲག་མེད་པའི་དུད་འགྲོའི་རིགས་དེ་ཚོ་ལ་ཡིད་བློ་ལ་བརྟེན་པའི་སྡུག་བསྔལ་ཡོང་གི་ཡོད་རེད་དེ། གཙོ་བོ་ལུས་ཟོལ་ལ་བརྟེན་པ་རེད་འདུག
ང་རང་ཚོ་མི་ལ་རྣམ་དཔྱོད་ཞེ་དྲག་བཀྲ་པོ་ཡོད་པ་ཡིན་དུས་ཁོའི་བརྒྱུད་ལ་རེ་དོགས་ལུ་གུ་བརྒྱུད་ཀྱིས་བཅིངས་ནས་དཔེར་ན། འབྱོར་ལྡན་དབང་ཤུགས་ཡོད་པ། སྟོབས་དང་ལྡན་པ་དེ་འདྲ་མ་སྐྱིད་པ་ཞེ་དྲག་བྱེད་སྡོད་མཁན་འདུག དེ་ལུས་ཟོལ་ལ་བརྟེན་པའི་སྡུག་བསྔལ་གྱིས་མནར་བ་མ་རེད། ཡིད་བློའི་སྟེང་ནས་རེ་དོགས་མང་པོ་བྱས་ནས་དེས་མ་སྐྱིད་པ་ཡོང་བསྡད་པ་ཞིག་རེད། དེ་འདྲ་ཡིན་དུས་དེ་རིང་ཁ་སང་སྨན་བཅོས་ཀྱི་ཚན་རིག་པ་ཚོའི་ནང་ནས་གཞི་ནས་སེམས་ཀྱི་ཐོག་ལ་དོ་སྣང་གསར་པ་བྱེད་ཀྱི་ཡོད་པ་རེད། འཛམ་གླིང་སྤྱི་ཡོངས་ཀྱི་ཆ་ནས་ཡིན་ན་ཡང་ད་ལྟའི་འཛམ་གླིང་འདིའི་སྒང་ལ་ཡ་རབས་བཟང་སྤྱོད་ཀྱིས་ཕོངས་ནས་དེའི་རྐྱེན་གྱིས་སྤྱི་ཚོགས་ནང་དཀའ་ངལ་མང་པོ་ཞིག་ཡོང་གི་འདུག་ཅེས་འཛམ་བུ་གླིང་འདིའི་སྒང་ལ་ཡོངས་གྲགས་རེད།
ཨ་རི་དང༌། ཡུ་རོབ། ཉི་ཧོང་བཅས་ལ་ཆ་བཞག་ཀྱང་དངོས་པོ་ཡར་རྒྱས་ཞེ་དྲག་ཕྱིན་པ་རེད། ལག་རྩལ་དང༌། དེང་དུས་ཀྱི་ཤེས་ཡོན་ཧ་ཅང་ཡག་པོ་རེད། དེ་ཚོར་དཀའ་ངལ་གསར་པ་ཞིག་འཕྲད་ཡོང་གི་འདུག ད་རིང་ཁ་སང་རྒྱ་ནག་ལ་མཚོན་ན་དེ་དེ་བཞིན་རེད། དཔལ་འབྱོར་ཡར་རྒྱས་ཤུགས་ཆེན་པོ་འགྲོ་ཡི་ཡོད་རེད། ཡིན་ན་ཡང་ལྐོག་ཟ་རུལ་སུངས་ཀྱིས་མཚོན་པའི་སྤྱི་ཚོགས་ཀྱི་ནང་དུ་དྲང་བདེན་མེད་པ་དང༌། དབང་ཡོད་ན་འགྲིག་ཡོད་པ་འདྲ་པོ། དབང་མེད་མཁན་དེ་ཚོ་མགོན་མེད་སྐྱབས་མེད་ལྟ་བུ་ཆགས་ནས་དཀའ་ངལ་མང་པོ་འཕྲད་ཡོང་གི་འདུག གང་ལྟར་ཡ་རབས་སྤྱོད་བཟང་གིས་ཕོངས་ནས་དཀའ་ངལ་དེ་དག་ཡོང་གི་འདུག
དེར་བརྟེན་རྒྱ་ནག་ལ་མཚོན་ན་བར་སྐབས་ཤིག་ནས་བསམ་པའི་དཔལ་ཡོན་ཡར་རྒྱས་གཏོང་དགོས་ཀྱི་འདུག་ཅེས་ལས་འགུལ་མང་པོ་སྤེལ་གྱི་འདུག གང་ལྟར་དངོས་པོ་གཅིག་པུས་མིའི་སྤྱི་ཚོགས་ལ་བདེ་སྐྱིད་སྤྲོད་ཐུབ་ཀྱི་མེད་པ། བསམ་བློའི་ཐོག་ནས་ཡར་རྒྱས་ཤིག་དགོས་ཀྱི་ཡོད་པ། ཡ་རབས་ཤིག་དགོས་ཀྱི་ཡོད་པ་དེང་སང་སྤྱི་ཚོགས་ཚང་མའི་ནང་ནས་མཐོང་ཡོང་གི་འདུག ལྷག་པར་དུ་ངས་ད་ལྟ་ལབ་པ་ནང་བཞིན་སྨན་བཅོས་འཕྲོད་བསྟེན་གྱི་ཚན་རིག་པ་ཚོས་ལུས་ཀྱི་ན་ཚ་སྔོན་འགོག་བྱེད་རྒྱུ་དེ་སེམས་ཀྱི་ཞི་བདེ་དང་སེམས་ཀྱི་སྟོབས་དེ་ཧ་ཅང་གལ་ཆེན་པོ་ཡིན་པ། ནད་ན་ཚ་བྱུང་ནས་ན་ཚ་དྲགས་སྐྱེད་དང་ན་བ་ལས་ཡར་སོས་པར་སེམས་ལ་ཁྱད་པར་ཞེ་དྲག་ཡོད་པ་དེ་རིང་ཁ་སང་སྨན་བཅོས་ཀྱི་ཚན་རིག་པ་ཚོས་དོ་སྣང་གསར་པ་བྱེད་སྡོད་ཀྱི་འདུག
དེ་བཞིན་སློབ་གྲྭའི་སློབ་ཕྲུག་སེམས་རྣམ་གཡེང་ཁོ་ནའི་གཞན་དབང་དུ་སོང་བསྡད་མཁན་དེ་ཚོའི་གྲས་དེ་སློབ་ཚན་དེ་དང་དེའི་སྒང་ལ་བློ་རྩེ་གཅིག་ཏུ་བསྒྲིམས་ནས་སྡོད་པ་དེས་དཀའ་ངལ་འཕྲད་པ་ཞིག་ཡོང་གི་འདུག དེ་འདྲའི་རྐྱེན་པས་དེ་རིང་ཁ་སང་གཞི་ནས་དྲན་པ་ཉེར་བཞག་ཟེར་བའི་ཐོག་ལ་དོ་སྣང་གསར་པ་ཞིག་སླེབས་ཀྱི་འདུག ངས་ངོ་ཤེས་པའི་ཚན་པ་རིག་པ་དེ་ཚོས་དངོས་སུ་བརྟག་དཔྱད་རང་བྱས་ནས་བདུན་ཕྲག་གསུམ་བཞི་དེ་འདྲ་དྲན་པ་ཉེར་བཞག་གིས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་དྲན་ཤེས་བརྟེན་ནས་སྡོད་པ་དང༌། དེ་བཞིན་བྱམས་པ་དང་སྙིང་རྗེ་བསྒོམས་པས། བདུན་ཕྲག་གཉིས་གསུམ་གོང་གི་ལུས་ཀྱི་གནས་སྟངས་ཁྲག་ཤེད་དང༌། སེམས་ལ་དངངས་སྐྲག་གི་ཆེ་ཆུང་ག་འདྲ་ཡོད་པ་བརྟག་དཔྱད་བྱས་ནས་ཐོ་བཀོད། བདུན་ཕྲག་གཉིས་གསུམ་ཕྱིན་པའི་མཇུག་ཏུ་བསྐྱར་དུ་བརྟག་དཔྱད་བྱས་ནས། ཁྲག་ཤེད་དང༌། སེམས་ཀྱི་དངངས་སྐྲག་ག་ཚོད་ཡོད་པ་བསྐྱར་དུ་ཞིབ་འཇུག་བྱེད་སྐབས། ཤུགས་ཆུང་དུ་འགྲོ་ཡི་འདུག་ཟེར་གྱི་འདུག དཔེར་ན། ཁྲག་ཤེད་མར་ཆགས། དེ་བཞིན་སེམས་ནང་དུ་དངངས་སྐྲག་ཡོད་པ་དེ་ཚོ་ཉུང་དུ་འགྲོ་ཡི་ཡོད་པའི་གནས་སྟངས་ཤིག་ཡོང་སྡོད་ཀྱི་འདུག
དེ་འདྲ་ཡིན་དུས་དེང་སང་ཚན་རིག་པ་དངོས་གནས་རང་བློ་གཟུ་བོར་གནས་པ༌། སྙན་གྲགས་ཅན་རིགས་གཅིག་གིས་གཞི་ནས་སེམས་ཟེར་བ་དེ་གལ་ཆེན་པོ་ཡིན་པ། སེམས་ལ་ཞི་བདེ་བཟོ་བ་དང༌། སེམས་ལ་སྟོབས་རྒྱས་པའི་ཆེད་དུ་གཞི་ནས་དོ་སྣང་གསར་པ་ཞིག་བྱེད་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་རབས་བཅུ་དགུ་པའི་མཇུག་དང་དུས་རབས་ཉི་ཤུ་པའི་མགོ་སྟོད་ཙམ་ལ་དངོས་པོའི་ཡར་རྒྱས་ཞེ་དྲག་མྱུར་ཚད་ཆེན་པོ་ཕྱིན་པ་དང༌། ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཆེན་པོ་ཕྱིན་པའི་སྐབས་ལ་མི་མང་པོ་ཞིག་གི་བློ་དེའི་ཕྱོགས་སུ་གཏད་ནས་ཆོས་ཕྱོགས་ལ་དོ་སྣང་ཕར་ཡལ་བའི་བཟོ་ལྟ་བུ་ཆགས་པ་རེད། ཡང་དུས་རབས་ཉི་ཤུ་པ་དེའི་མཇུག་ནས་ཆོས་ལ་དོ་སྣང་གསར་པ་ཞིག་སླེབས་པ་རེད། ཡེ་ཤུའི་ཆོས་ཡིན་ན་འདྲ་མང་པོ་ཞིག་ལ་དོ་སྣང་སླེབས་འདུག
སེམས་ཀྱི་རྣམ་གཞག་གི་ཐོག་ལ་དོ་སྣང་སླེབས་ཡོང་དུས་ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་དེ་ཚོའི་ནང་ནས་སྡེ་ཚན་གཉིས་ཕྱེས་ནས་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་ཁག་ཅིག་དང༌། འཇིག་རྟེན་བཀོད་པ་པོ་མི་འདོད་པའི་ཆོས་བརྒྱུད་ཁག་ཅིག འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་དེ་ཚོའི་ཉམས་ལེན་གཙོ་བོ་དེ་དད་པ་རང་ལ་བརྟེན་པ་ཆགས་ཀྱི་ཡོད་རེད། དད་པ་རྩེ་གཅིག་པ་ཞིག་ཆགས་ཡོང་དུས་རྩ་བ་སྙིང་རྗེའི་བདག་ཉིད་ཅན་གྱི་དཀོན་མཆོག་གི་རྗེས་སུ་འབྲངས་ཕྱིན་ཆད་ལ་བྱམས་པ་དང༌། བརྩེ་བ། བཟོད་པ། ཆོག་ཤེས་ཟེར་བ་དེ་ཚོ་ཉམས་ལེན་བྱེད་དགོས་པ་ལྟ་གྲུབ་ཡོད་པའི་ཆོས་ལུགས་ཚང་མས་གཅིག་གྱུར་གྱིས་ཤོད་ཀྱི་ཡོད་རེད། ཡིན་ན་ཡང་གཙོ་བོ་དེ་རྩེ་གཅིག་པའི་དད་པ་དེའི་སྒང་ལ་འགྲོ་སྡོད་ཀྱི་འདུག དད་པ་དེ་རྒྱུ་གང་ལ་བརྟེན་ནས་བྱུང་བ། རྐྱེན་གང་ལ་བརྟེན་ནས་བྱུང་བ་ཞེས་དེ་འདྲའི་རྩད་གཅོད་མེད་པར་རྩེ་གཅིག་པའི་དད་པ་དེའི་སྒང་འགྲོ་སྡོད་པ་ཞིག་རེད། དེ་འདྲ་ཡིན་དུས་སེམས་ཀྱི་རྣམ་གཞག་མང་པོ་རྩད་གཅོད་བྱེད་དགོས་པ་གང་ཡང་མི་འདུག
འཇིག་རྟེན་བཀོད་པ་པོ་མི་འདོད་པའི་ཆོས་བརྒྱུད་དེ་དག་གི་ནང་ནས་སངས་རྒྱས་པའི་ཆོས་དང༌། རྗན་གྱི་ཆོས་སམ་མུ་སྟེགས་གཅེར་བུ་པའི་ཆོས་དེ་གཉིས་གཙོ་བོ་རེད་འདུག སངས་རྒྱས་ཤཱཀྱ་ཐུབ་པ་དང༌། གཅེར་བུ་པའི་སྟོན་པ་མ་ཧཱ་ཝེར་གཉིས་ཕལ་ཆེར་དུས་ཚོད་གཅིག་པ་ལ་བྱུང་བ་རེད། གང་ལྟར་འཇིག་རྟེན་བཀོད་པ་པོ་མི་འདོད་པར་རྒྱུ་འབྲས་ཀྱི་འབྲེལ་བའི་ཐོག་ནས་འགྲོ་ཡི་ཡོད་པ་ཞིག་རེད། དེ་འདྲ་ཡིན་དུས་རང་རང་གི་སེམས་དུལ་མ་དུལ་སྒང་ལ་འགྲོ་ཡི་ཡོད་རེད། རྒྱུ་བཟང་པོ་ཞིག་སེམས་ནས་སྒྲུབ་དགོས་པ་དང༌། སེམས་གཏིང་ནས་ཡོང་བའི་རྒྱུ་ངན་པ་དེ་དག་ཉུང་དུ་གཏོང་དགོས་པ་ཞིག་ཆགས་ཡོང་དུས་སེམས་ཀྱི་རྣམ་གཞག་དེ་མང་པོ་བཤད་དགོས་པ་ཞིག་ཆགས་ཀྱི་ཡོད་རེད། སངས་རྒྱས་པའི་ཆོས་ཀྱི་ནང་ནས་ནང་ཤེས་པའི་རྣམ་གཞག་དེ་མང་པོ་ཞེ་དྲག་ཐོན་ཡོང་གི་ཡོད་རེད། ག་རེ་རེད་ལབ་ན། སེམས་ལ་བཟོ་བཅོས་བྱས་ནས་སྡུག་བསྔལ་སེལ་ཐབས་བྱེད་པ་དང༌། ལྷག་པར་དུ་ཐར་པ་དང་ཐམས་ཅད་མཁྱེན་པའི་རྣམ་གཞག་ཅིག་གསུང་ཡོད་དུས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དེ་ཤེས་བརྒྱུད་འདིའི་ཐོག་ནས་བསྒྲུབ་རྒྱུ་རེད་མ་གཏོགས། གོ་ས་ལྟ་བུ་ཕྱི་ལོགས་ནས་ལེན་རྒྱུ་ཡོད་མ་རེད། ཤེས་བརྒྱུད་འདིའི་སྟེང་ནས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་དགོས་པ་ཞིག་གསུང་གི་ཡོད་དུས། སེམས་ཀྱི་རྣམ་གཞག་དེ་ཞེ་དྲག་གལ་ཆེན་པོ་རེད། མདོར་ན་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་གསུང་པ་ཡིན་ན་དྲི་མ་གང་དུ་སྦྱོང་བའི་གཞི་ལྟ་བུ་དེ་སེམས་རེད། དྲི་མ་སྦྱོང་བྱེད་ཀྱི་ཐབས་དེ་སེམས་ཀྱི་རང་བཞིན་ཤེས་པའི་ཐོག་ནས་དྲི་མ་དེ་སྦྱོང་དགོས་ཀྱི་ཡོད་རེད། ག་རེ་རེད་ཟེར་ན། དྲི་མ་དེ་དག་གི་རྩ་བ་སེམས་ཀྱི་རང་བཞིན་ལ་རྨོངས་པའི་དབང་གིས་ཡོང་གི་ཡོད་པ་ཡིན་དུས། སེམས་ཀྱི་རང་བཞིན་ལ་རྨོངས་པའི་སྐྱོན་ཆ་དེ་དག་སེལ་བ་ལ་སེམས་ཀྱི་རང་བཞིན་ཤེས་པ་ཞིག་ལ་འགྲོ་རྒྱུ་རེད་མ་གཏོགས་གཞན་ཡོད་མ་རེད།
དེ་ལྟ་བུའི་སེམས་གཏིང་གི་སྐྱོན་ཆ་དེ་དག་ཤེས་པ་བྱས་ནས། སྐྱོན་དེ་སེལ་བའི་ཐབས་ཤེས་དེ་ཤེས་པར་བྱེད་དགོས་དུས་ཤེས་པའི་རྣམ་གཞག་མང་པོ་ཞིག་ཐོན་ཡོང་གི་འདུག དེ་ལ་བརྟེན་ནས་སྦྱངས་འབྲས་སངས་རྒྱས་ཀྱི་ས་ཟེར་དུས། གང་ལྟར་སེམས་གཏིང་གི་སྐྱོན་གྱི་ཆ་མཐའ་དག་ཕར་དག་ནས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་ཤེས་བརྒྱུད་སངས་རྒྱས་ཀྱི་ས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བཤད་ཀྱི་ཡོད་རེད། དེར་བརྟེན་སངས་རྒྱས་པའི་ཆོས་ཀྱི་ནང་དུ་སེམས་ཀྱི་རྣམ་གཞག་མང་པོ་ཞིག་ཐོན་ཡོང་གི་འདུག དེ་བཞིན་སེམས་ལ་གནད་དུ་བསྣུན་པའི་སྐབས་ལ་རགས་པ་གློ་བུར་བའི་སེམས་དང་ཕྲ་བ་གཉུག་མའི་སེམས་ཟེར་བའི་དབྱེ་བ་ཞིག་ཕྱེས་ནས་སྔགས་བླ་མེད་ཀྱི་ནང་ནས་གསུངས་ཡོད་རེད།
དེ་བཞིན་རྫོགས་པ་ཆེན་པོ་དང༌། ཕྱག་རྒྱ་ཆེན་པོ། གསལ་སྟོང་ཟུང་འཇུག་གི་རྣམ་གཞག་རྒྱུད་གསུམ་གསུང་ཡོང་དུས་གཙོ་བོ་དེའི་སྒང་ལ་སླེབས་ཡོང་གི་ཡོད་རེད། སེམས་ཕྲ་རགས་ཀྱི་རྣམ་གཞག་ཅིག་གསུངས་ཡོད་རེད། སད་དུས་ཀྱི་གནས་སྐབས། གཉིད་ལམ་གྱི་གནས་སྐབས། གཉིད་མཐུག་པོའི་གནས་སྐབས་བཅས་གསུམ་གསུངས་ཡོད་རེད། ཤེས་པའི་རྣམ་གཞག་བཤད་ཡོང་དུས་སངས་རྒྱས་ཀྱི་ཆོས་དེ་གཏིང་ཟབ་པོ་ཞེ་དྲག་རེད་འདུག དེའི་ནང་ཚན་ནས་རྡོ་རྗེ་ཐེག་པ་དང་འབྲེལ་ནས་བཤད་པ་ཡིན་ན་སེམས་ཀྱི་རྣམ་གཞག་དེ་ཞེ་དྲག་ཞིབ་ཚགས་པོ་ཆགས་ཀྱི་ཡོད་པ་རེད།
དེའི་རྐྱེན་གྱིས་དེ་རིང་ཁ་སང་ཚན་རིག་པ་ཚོའི་ནང་ནས་སེམས་ཀྱི་རྣམ་གཞག་དང་སེམས་བཟོ་བཅོས་བྱེད་པ་ལ་དོ་སྣང་ཞིག་སླེབས་ཡོང་དུས། སེམས་ཀྱི་རྣམ་གཞག་གི་འགྲེལ་བཤད་དེ་རྒྱ་གར་གྱི་ཤར་ཕྱོགས་པའི་ཆོས་བརྒྱུད། དེའི་ནང་ནས་སངས་རྒྱས་པའི་ཆོས་བརྒྱུད། དེའི་ནང་ཚན་ནས་ལེགས་སྦྱར་གྱི་ཆོས་བརྒྱུད་ལ་དོ་སྣང་གསར་པ་ཞིག་སླེབས་ཡོང་གི་འདུག
སྤྱི་ཡོངས་ནས་དེང་སང་ཆོས་ལ་དོ་སྣང་ཡོང་སྟངས་ཤིག་དང༌། བྱེ་བྲག་ཏུ་རྒྱུ་འབྲས་ཀྱི་རྣམ་གཞག་བཤད་པའི་ཆོས་བརྒྱུད་ལ་དོ་སྣང་གསར་པ་ཞིག་དང༌། དེའི་ནང་ཚན་ནས་སངས་རྒྱས་པའི་ཆོས་ལ་དོ་སྣང་ཡོང་བ། གནས་སྟངས་དེ་འདྲ་ཞིག་རེད་འདུག ང་ཚོས་དེ་སྔ་བོད་ལ་ཆ་ཚང་མཐོང་གི་ཡོད་མ་རེད། འཛམ་གླིང་གི་ཕྱི་ལོག་དེ་མཐོང་གི་ཡོད་མ་རེད། སོ་སོའི་ཉེ་འཁོར་མ་གཏོགས་དོ་སྣང་ཡོད་མ་རེད། མགོ་སྟོད་ང་ཚོ་རྒྱ་གར་ལ་སླེབས་ཚར་ཙམ་དང་དེ་ནས་དངོས་པོའི་ཡར་རྒྱས་ཤུགས་ཆེན་པོ་ཕྱིན་པའི་གནས་ཚུལ་མཐོང་དུས་ཡིད་སྨོན་སྐྱེས་ནས་ང་ཚོ་བོད་པ་ཧ་ཅང་རྗེས་ལུས་རེད་འདུག་བསམ་པ་ཞིག་བྱུང་སོང༌། ཧ་ལམ་བོད་པ་ཡིན་ཞེས་ལབ་དུས་འཚེར་སྣང་བྱེད་དགོས་པ་ལྟ་བུ་བྱུང་སོང༌། ལག་པར་ཕྲེང་བ་ཞིག་ཁྱེར་བ་ཡིན་ན་ཡང་རྗེས་ལུས་ཀྱི་རྣམ་པ་མཚོན་གྱི་ཡོད་པ་ལྟ་བུ་བྱུང་བ་རེད།
རིམ་པས་འཛམ་བུ་གླིང་གི་གནས་ཚུལ་ཆ་ཚང་ཕྱོགས་ཡོངས་ནས་ཞིབ་འཇུག་བྱས་པ་ཡིན་ན། ང་རང་ཚོས་བོད་ལ་ལོ་སྟོང་ཕྲག་རིང་བདག་པོ་བརྒྱབ་པའི་སངས་རྒྱས་པའི་ཆོས་དེ་འཛམ་བུ་གླིང་སྤྱི་ལ་ཕན་ཐོགས་ཡོད་པ་ཞིག་དང༌། རིག་གཞུང་གཏིང་ཟབ་ཡོད་པ་ཞིག་རེད། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་ཟེར་བ་གནས་ཚུལ་ཐ་དད་རེད། གང་ལྟར་མིའི་སེམས་ཀྱི་རྣམ་གཞག་ཅིག་བཤད་ཡོང་དུས་སངས་རྒྱས་པའི་ཆོས་དེ་རྒྱ་ཆེ་ཤོས་དང་གཏིང་ཟབ་ཤོས་ཡིན་པ་མཐུན་སྣང་དུ་གྲུབ་བསྡད་པ་ཞིག་རེད། སྤྱིར་ཆོས་དང་ཡང་སྒོས་སངས་རྒྱས་པའི་ཆོས་དེ་དུས་རབས་ཉེར་གཅིག་པའི་ནང་འབྲེལ་བ་ཡོད་པ་དང་དགོས་མཁོ་ཡོད་པ་ཞིག་གསལ་པོ་རེད། དུས་རབས་ཉི་ཤུ་པའི་ནང་དུ་དངོས་པོ་ཡར་རྒྱས་ཤུགས་ཆེན་པོ་ཕྱིན་པ་རེད། སྔར་སུ་གཅིག་གི་རྨི་ལམ་ལ་ཡང་མེད་པའི་དངོས་པོ་ཡར་རྒྱས་ཚད་མཐོན་པོ་ཕྱིན་པ་རེད།
ཡིན་ན་ཡང་སེམས་མ་དུལ་བའི་ཆ་ནས་དུས་རབས་ཉི་ཤུ་པ་དེའི་མཐའ་མ་ག་འདྲ་བྱུང་བ་རེད་ཟེར་ན། དམག་འཁྲུག་དང་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཆགས་པ་རེད། ལོ་རྒྱུས་སྨྲ་བ་ཚོས་བཤད་ཀྱི་འདུག དུས་རབས་ཉི་ཤུ་པ་དེ་རྒྱལ་ཁབ་ཕན་ཚུན་བར་དམག་འཁྲུག་དང༌། རྒྱལ་ཁབ་ནང་ཁུལ་གྱི་ནང་འཁྲུག་གིས་རྐྱེན་པས་མི་བསད་པ་དེ་ཕལ་ཆེར་ས་ཡ་ཉིས་བརྒྱ་ལྷག་བཤད་ཀྱི་འདུག མིའི་ལོ་རྒྱུས་ནང་དུ་ལོ་བརྒྱ་ཕྲག་གཅིག་གི་ནང་དུ་མི་མང་པོ་དེ་ཙམ་བསད་པ་ཟེར་བ་དུས་རབས་ཉི་ཤུ་པའི་ནང་དུ་མ་གཏོགས་བྱུང་མྱོང་ཡོད་མ་རེད། མ་གཞི་མིའི་གྲངས་ཀ་འཕར་གྱི་ཡོད་རེད་ལ། གང་ལྟར་གཙོ་བོ་དེ་ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཕྱིན་པའི་རྐྱེན་གྱིས་མིའི་སྲོག་འཕྲོག་པའི་ནུས་པ་ཧ་ཅང་ཆེ་རུ་ཕྱིན་ནས། དེ་འདྲའི་རྐྱེན་པས་དམག་རེ་རྒྱག་ཡོང་དུས་མི་ས་ཡ་དང་ས་ཡ། དམག་མི་ས་ཡ་དང་ས་ཡ་འཛིང་རེས་ཀྱིས་གང་ལྟར་མིའི་སྲོག་གཅོད་པའི་ཡོ་ཆས་དེ་དག་ཞེ་དྲག་ཤུགས་ཆེན་པོ་ཆགས་ནས། དཔེར་ན། རྡུལ་ཕྲན་མཚོན་ཆ་ལྟ་བུར་ཆ་བཞག་ན་ཧ་ལས་པ་རེད། གཏོར་བཤིག་གི་ནུས་པ་ཚད་ལས་བརྒལ་བ་ཞིག་དང་བློ་ཡུལ་ལས་འདས་པ་ཞིག་རེད།
དེར་བརྟེན་དུས་རབས་ཉི་ཤུ་པ་དེ་མི་གསོད་པའི་གྲངས་ཀ་མཐོ་ཤོས་དེ་ཆགས་བསྡད་ཡོད་རེད། དེ་འདྲའི་ཐོག་ནས་འཛམ་བུ་གླིང་འདིའི་སྒང་ལ་ཆོས་ཀྱི་བྱིན་རླབས་ཀྱིས་ཞི་བདེའི་སྐད་ཆ་བཤད་ཀྱི་ཡོད་མ་རེད། ཉམས་མྱོང་གི་ཐོག་ནས་དུས་རབས་ཉི་ཤུ་པའི་ནང་དུ་མི་ལ་བརྡབ་གསིག་ཞེ་དྲག་བྱུང་འདུག་ད་ཞི་བདེ་དགོས་ཀྱི་འདུག་ཅེས་ཆོས་དད་ཡོད་མེད་ལ་མ་ལྟོས་པར་དོ་སྣང་གསར་པ་ཞིག་སླེབས་ཡོང་གི་འདུག རྩ་བ་དེ་མིའི་ཆགས་སྡང་གི་གཞན་དབང་ལ་ཕྱིན་ནས་རང་རྒྱལ་གཞན་ཕམ་གྱི་བྱ་སྤྱོད་ཅིག་བྱས་ཕྱིན་ཆད་ལ། མི་གསོད་ཁྲག་སྦྱོར་དེ་ཡོང་གི་ཡོད་རེད། རང་རྒྱལ་གཞན་ཕམ་རང་མིན་པར་ཀུན་ལ་ཕན་པ་དང་ཀུན་ལ་བདེ་བ་ཞིག་གི་བསམ་བློ་བཏང་བ་ཡིན་ན། དམག་འཁྲུག་ཟེར་བ་ཞིག་ཡོང་དོན་ཡོད་མ་རེད། རང་གི་དགྲ་ཡིན་ནའང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ། འཛམ་བུ་གླིང་འདིའི་སྒང་དུ་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་གཅིག་པ་ཡིན་པ་ཤེས་པའི་ཐོག་ནས་བསམ་སྦྱོར་བསྟེན་པ་ཡིན་ན་དམག་འཁྲུག་ཡོང་བའི་གཞི་ཡོད་མ་རེད།
དགྲ་དང་གཉེན། རང་ཕྱོགས་དང་གཞན་ཕྱོགས། རང་རྒྱལ་གཞན་ཕམ་གྱི་ཆགས་སྡང་གི་བསམ་བློ་དེ་ཐུགས་དམ་གྱི་མཐིལ་དུ་བཟུང་ནས་བསྡད་པ་ཡིན་ན། རྙོག་གྲ་ཡོང་སྡོད་ཀྱི་རེད། དེང་སང་འཛམ་གླིང་གི་ཁོར་ཡུག་གནས་སྟངས་ཡིན་ན་འདྲ། དཔལ་འབྱོར་གྱི་གནས་སྟངས་ཡིན་ན་འདྲ། ཕན་ཚུན་ལྟོས་གྲུབ་དང་ཚབས་ཆེན་པོ་ཡིན་པ་མངོན་གསལ་དོད་པོ་ཆགས་བསྡད་ཡོད་རེད། སྔ་མོ་ཡིན་ན་ལུང་པ་ཞིག་ལ་འཁྲུག་པ་བརྒྱབ་ཀྱང་ལུང་པ་གཞན་ལ་ཕན་གནོད་ཡོད་མ་རེད། དེང་སང་ལུང་པ་གཅིག་ལ་འཁྲུག་པ་བརྒྱབ་ན་ལུང་པ་གཞན་ལ་ཕན་གནོད་སླེབས་ཡོང་གི་འདུག ལྷག་དོན་ཁོར་ཡུག་སྐོར་ལ་ཆ་བཞག་ན་འཛམ་གླིང་སྤྱི་རེད་མ་གཏོགས་ཁོར་ཡུག་ལ་རྒྱལ་ཁབ་ཀྱི་ས་མཚམས་ཡོད་མ་རེད། གནས་སྟངས་དེ་འདྲ་ཞིག་གི་འོག་ལ་འཛམ་གླིང་འདིའི་སྒང་དུ་མི་འབོར་དུང་ཕྱུར་དྲུག་ཅུ་ལྷག་ཙམ་དང་བདུན་ཅུ་མ་ཟིན་ཙམ་ཡོད་པ་རེད། ཚང་མས་སྐྱིད་སྡུག་མཉམ་མྱོང་དང་རང་ཕྱོགས་དང་གཞན་ཕྱོགས་ཞེས་ཆགས་སྡང་མེད་པར་ཀུན་ལ་ཕན་བདེ་བསྒྲུབ་དགོས་ཀྱི་འདུག་བསམ་པའི་བློ་དེ་འདྲ་ཞིག་ག་ལེར་སྐྱེ་ཐུབ་པ་ཞིག་བྱུང་ན། དུས་རབས་ཉེར་གཅིག་པ་འདི་དམག་འཁྲུག་མེད་པའི་ཞི་བདེའི་དུས་རབས་ཤིག་ཡོང་ཐུབ་པའི་རེ་བ་ཏན་ཏན་ཡོད་རེད།
དེ་རིང་འདིར་འཚོག་མཁན་མི་ཁྲི་ཁ་ཤས་ཤིག་ཡོད་པ་དེ་དག་གི་ནང་ནས་མཐའ་གཅིག་ཏུ་ཆོས་དད་མེད་པ་དེ་འདྲ་ཡོད་ཤས་ཆེ། ཆོས་ཞེས་ལབ་དུས་ལམ་ལུགས་ལྟ་བུར་བརྩིས་ནས་ཞེ་དྲག་དོ་སྣང་མེད་པ་ཆོས་བརྒྱུད་གཞན་དག་ནང་ལ་དེ་འདྲ་མང་པོ་ཡོད་རེད། སོ་སོའི་ཁྱིམ་ཚང་གི་ཐོག་ནས་བཤད་ཡོང་དུས་ང་ནང་པ་ཡིན། ང་ཧིན་དྷུ་ཡིན། ང་ཁ་ཆེ་ཡིན་ཟེར་ནས་ངོ་ཐོག་འགག་རྩར་ཐུག་དུས་ཆོས་ནས་དེ་འདྲ་བཤད་ཀྱི་འདུག་ཟེར་མཁན་མང་པོ་རེད། ཆོས་ནས་དེ་སྐད་བཤད་དེ་ཟེར་བ་ལྟ་བུ་མང་པོ་ཞིག་དེ་འདྲ་རེད། འཛམ་གླིང་སྒང་གི་མི་དུང་ཕྱུར་དྲུག་ཅུ་ཚང་མ་སྡུག་བསྔལ་མི་འདོད་པ་དང༌། བདེ་བ་འདོད་པ་ཤ་སྟག་མ་གཏོགས་རྙོག་གྲ་འདོད་མཁན་སུ་གཅིག་ཡོད་མ་རེད། ཡིན་ན་ཡང་རྙོག་གྲ་ཡོང་གི་འདུག དེ་ག་རེ་བྱས་པ་རེད། མི་ཤེས་པའི་དབང་གིས་བྱས་པ་རེད། སྐབས་རེ་ཤེས་བཞིན་དུ་ཆགས་སྡང་རགས་པའི་གཞན་དབང་དུ་སོང་ནས་གནས་ཚུལ་དེ་བྱུང་བ་རེད།
དེ་འདྲ་ཡིན་དུས་སྐྱེ་བ་ཕྱི་མའི་སྐད་ཆ་བཤད་ཀྱི་ཡོད་མ་རེད། མི་ཚེ་འདིའི་རིང་བག་ཕེབས་པ་དང་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་ཡོང་བའི་དོན་དག་ལ་ཆོས་དང་འབྲེལ་བ་ཆགས་ཀྱི་འདུག དེང་སང་གཞི་ནས་འཛམ་བུ་འདིའི་སྒང་ལ་སེམས་རྒྱུད་འདུལ་དགོས་པ་དང་བྱམས་པ་དང་བརྩེ་བས་ཕོངས་འདུག་ཅེས་སྤྱིར་བཏང་སྤྱི་ཚོགས་ཀྱི་སྐོར་ལ་ཚོགས་འདུ་མང་པོ་འཚོགས་ནས་དོ་སྣང་བྱེད་མཁན་མང་པོའི་མཐོང་ཚུལ་གཅིག་པ་རེད། འདས་པའི་ལོ་མང་པོའི་རིང་ལ་ང་ཚོགས་འདུ་དེ་འདྲར་སླེབས་ཡོད་རེད། སེམས་ཀྱི་དཀའ་ངལ་དེའི་སྐོར་ལ་ཉམས་ཞིབ་བྱེད་མཁན་དམིགས་བསལ་ཆེད་ལས་བྱེད་མཁན་ཚོས་ཁ་གཅིག་གྲགས་ཀྱིས་སྤྱི་ཚོགས་ནང་སྤྱི་དང༌། ལྷག་པར་གཞོན་སྐྱེས་ཚོའི་ནང་གསོད་རེས་གཏོང་བ། རང་ཤི་རྒྱག་པ་དེ་འདྲའི་དཀའ་ངལ་ཡོང་བ་དེ་སྤྱི་ཚོགས་ནང་དང༌། ལྷག་པར་དུ་ཁྱིམ་ཚང་ནང་དུ་བྱམས་བརྩེས་ཕོངས་པའི་རྐྱེན་གྱིས་དཀའ་ངལ་དེ་འཕྲད་ཀྱི་འདུག་ཅེས་མང་པོས་བཤད་ཀྱི་འདུག དེར་བརྟེན་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་དགོས་པ་ཟེར་བ་དེ་འཛམ་བུ་གླིང་སྤྱི་ཚོགས་ཡོངས་རྫོགས་ཀྱིས་ཁ་གཅིག་གྲགས་རེད།།
བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་དགོས་ཀྱི་འདུག་ཅེས་ཟེར་གྱི་འདུག ཆགས་སྡང་དབང་གིས་རང་ཕྱོགས་དང་གཞན་ཕྱོགས། ཕྲག་དོག འགྲན་སེམས། གཡོ་སྒྱུ་སྤྲ་ལག་བྱེད་པ་དེ་ཚོས་ཕུང་གི་འདུག་ཅེས་བཤད་ཀྱི་འདུག
དེ་འདྲ་ཡིན་དུས་ཆོས་དད་ཡོད་མེད་ལ་མ་ལྟོས་པར་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་ཞིག་ཡིན་ཕྱིན་ཆད་ལ། ཕྱི་དངོས་པོ་རྐྱང་རྐྱང་ལ་བསམ་བློ་བཏང་ནས་མི་སྡོད་པར་ནང་བསམ་བློ་ཞི་ཞིང་དུལ་བ་ཞིག་ཡོང་རྒྱུ་གལ་ཆེན་པོ་རེད་འདུག སྤྱི་ཡོངས་ཀྱི་གནས་སྟངས་དེ་འདྲ་ཞིག་རེད།
དེར་བརྟེན་ང་རང་ཚོ་འདིར་ཡོད་པའི་ཆོས་གྲོགས་ཚོ་མཐའ་གཅིག་ཏུ་ཆོས་ལ་དད་པ་ཡོད་ཀྱང་རུང༌། མེད་ཀྱང་རུང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། དེར་བརྟེན་བདེ་སྐྱིད་ཡོང་བའི་གཞི་གཙོ་བོ་དེ་དངུལ་ལ་ཐུག་ཡོད་མ་རེད། བདེ་སྐྱིད་ཀྱི་རྩ་བ་ཟེར་བ་དེ་སེམས་ལ་ཐུག་ཡོད་རེད། དེ་འདྲ་ཡིན་དུས་དྲང་པོ་དང༌། སེམས་པ་བཟང་པོ་བྱེད་དགོས་པ་རེད། སུ་ལ་ཡིན་ཡང་བརྣག་སེམས་གནོད་སེམས་མ་བཅངས་པ་དང༌། བསམ་བརྣག་མ་བྱས་པར་དྲང་པོ་བྱེད་དགོས་རེད། དྲང་པོ་བྱས་ན་སྙིང་སྟོབས་སླེབས་ཀྱི་རེད། ཁ་གསལ་གཏིང་གསལ་བྱེད་ཐུབ་ཀྱི་རེད། དྲང་པོ་མ་བྱས་ན་གཡོ་སྒྱུ་མ་བྱས་རང་བྱས་རེད། སྦས་དགོས་པ་དང་འགེབས་དགོས་པ་ཞིག་ཡོད་ན་གཡོ་སྒྱུ་མ་བྱས་རང་བྱས་རེད། དྲང་པོ་བྱས་ན་སུ་ལ་ཡིན་ཡང་བསམ་པ་རྣམ་དག་གིས་སྐད་ཆ་བཤད་ཆོག་གི་རེད། བསམ་པ་རྣམ་དག་བྱས་ནས་ཕྱི་གསལ་ནང་གསལ་བྱས་ན་ཡིད་ཆེས་སླེབས་ཀྱི་རེད། ཡིད་ཆེས་སླེབས་ན་གྲོགས་པོ་ཆགས་ཀྱི་རེད། ཕྱི་གསལ་ནང་གསལ་བསམ་པ་རྣམ་དག་མ་བྱས་ན་ཡིད་ཆེས་སླེབས་ཀྱི་མ་རེད། ཡིད་ཆེས་མ་སླེབས་ན་གྲོགས་པོ་ཆགས་ཀྱི་མ་རེད། མིའི་སྤྱི་ཚོགས་ཟེར་བ་དེ་གྲོགས་པོས་བསྐོར་བསྡད་པའི་སྤྱི་ཚོགས་ཤིག་བྱུང་ན་སྐྱིད་པོ་རེད།
དོགས་པ་རྣམ་རྟོག་ཁོ་ནའི་ངང་ལ་སྡོད་པའི་སྤྱི་ཚོགས། དཔེར་ན། ཁྱིམ་ཚང་གཅིག་ལ་ཆ་བཞག་ཀྱང་ཁྱིམ་ཚང་དེའི་ནང་དུ་ཕ་མ་དང་ཕྲུ་གུ་བཅས་མི་ལྔ་དྲུག་ཅིག་ཡོད་པ་ཡིན་ན། གཅིག་གིས་གཅིག་ལ་དོགས་པ་བྱས་ནས་སྡོད་དགོས་བྱུང་ན་སྐྱིད་པོ་ག་ནས་ཡོང་གི་རེད། གསེར་དང་དངུལ། རྡོ་རྗེ་ཕ་ལམ་ག་ཚད་ཡོད་ཀྱང་ཕན་ཐོགས་གང་ཡང་ཡོད་མ་རེད། མི་ལྔ་དྲུག་ཅིག་ཡོད་བསྡད་པ་དེ་གཅིག་གིས་གཅིག་ལ་ཡིད་ཆེས་བློས་ཁེལ་ཡོད་ན་ཁྱིམ་ཚང་དེའི་ནང་དུ་ལྟོ་ཆས་སྐྱོ་པོ་ཞིག་མ་གཏོགས་མེད་ཀྱང་སྐྱིད་པོ་ཡོང་གི་རེད། དེར་བརྟེན་མིའི་བདེ་སྐྱིད་ཟེར་བ་གཙོ་བོ་དེ་སེམས་ལ་ཐུག་འདུག
སེམས་ལ་ཞི་བདེ་བག་ཕེབས་དང༌། བློ་གཡེང་བྱེད་མི་དགོས་པ་ཞིག་བྱུང་ན་བདེ་སྐྱིད་འདུག བློ་ཁོག་སླེབས་ཀྱི་འདུག དེ་ཡོང་བ་སོ་སོས་བྱེད་དགོས་རེད། སོ་སོས་བསམ་པ་རྣམ་དག་བྱས་ན་ཡོང་གི་རེད། སོ་སོའི་ངོས་ནས་ཕྱི་ནང་མི་མཚུངས་པ་ཞིག་དང༌། ཞེ་དྲག་ཅིག་ཡིན་མདོག་མདོག་བྱེད་བསྡད་ན། སེམས་ཀྱི་གཏིང་ལ་ཞབས་འདྲེན་ཞུ་མི་ཡོང་ངམ་སྙམ་ནས་སེམས་བཀྱགས་ནས་སྡོད་དགོས་བྱུང་ན་ཡོང་རྒྱུ་ཡོད་མ་རེད། སྐད་ཆ་བཤད་དགོས་བྱུང་ཡང་དྲང་པོ་དྲང་བཞག་བཤད། ཤེས་ཀྱི་ཡོད་ན་ཤེས་ཀྱི་ཡོད་ཅེས་ལབ། ཤེས་ཀྱི་མེད་ན་ཤེས་ཀྱི་མེད་ཅེས་ལབ། དེ་ངོ་ཚ་རྒྱུ་དང་སྤམ་ཤོར་དགོས་པ་གང་ཡང་ཡོད་མ་རེད།
ང་སྔོན་མ་བདུན་ཅུ་དོན་གསུམ་ལོར་དབྱིན་ཇིར་སླེབས་པ་རེད། ཡུ་རོབ་ལུང་པ་མང་པོ་ཞིག་ལ་ཕྱིན་པ་ཡིན། ཉི་མ་གཅིག་གཏམ་བཤད་ཀྱི་ཚོགས་འདུ་ཞིག་འཚོགས་ཚར་བའི་རྗེས་སུ་ཇ་མགྲོན་ཞིག་འཚོགས་པ་རེད། དབྱིན་ཇི་སྤོ་བོ་ཞིག་ཇ་མགྲོན་དེའི་སྐབས་སུ་དཀར་ཡོལ་ཞིག་ལག་པར་བཟུང་སྟེ་ངའི་མདུན་དུ་ཡོང་ནས། ང་ཁྱེད་རང་ལ་ངོ་མཚར་སྐྱེ་བ་ཞིག་བྱུང་ཟེར། ག་རེ་བྱུང་ལབ་དུས། ཁྱེད་རང་གིས་ངས་ཤེས་ཀྱི་མེད་ཅེས་ལབ་ཀྱི་འདུག I don’t know ཞེས་ལབ་ཀྱི་འདུག དེ་དཔེ་ཡག་པོ་རེད་ཟེར། ཁོ་རང་ཚོས་ནམ་རྒྱུན་སྤམ་མདོག་གིས་ངས་ཤེས་མེད་ཅེས་ལབ་ཀྱི་མེད་པ་འདྲ་འདུག མ་ཤེས་ཀྱང་ཤེས་ཀྱི་ཡོད་མདོག་མདོག་བྱས་ན་རྗེས་སུ་རྐུབ་བརྡོལ་གྱི་རེད། དེ་ཡག་པོ་རྩ་བ་ནས་མི་འདུག
ཤེས་ཀྱི་ཡོད་ན་ཡོད་དང་མེད་ན་མེད་ཅེས་བཤད་ན་དེ་ལ་གཡོ་ཟོལ་བྱེད་དགོས་པ་རྩ་བ་ནས་ཡོད་མ་རེད། སེམས་ནང་སྤོབས་པ་འདུག ངས་ཉེ་ཆར་བཤད་ཀྱི་ཡོད། ངས་ནམ་རྒྱུན་ཚགས་པར་རྒྱག་མཁན་སོགས་སུ་ལ་ཐུག་ཀྱང་དྲང་པོ་བཤད་བསྡད་དུས་དེ་ལ་བག་ཡོད་བསྟན་དགོས་པ་དང༌། ཟོན་བྱེད་དགོས་པ་གང་ཡང་མི་འདུག བསམ་པ་རྣམ་དག་གིས་བཤད་བཞག་ན་འགྲིག་གི་འདུག ཁ་སང་ཨ་རིའི་སྲིད་འཛིན་པེ་ཅིང་ལ་ཕེབས་པ་རེད། དེའི་སྐབས་སུ་ཨ་རིའི་སྲིད་འཛིན་དང་རྒྱ་ནག་སྲིད་འཛིན་གཉིས་ཚགས་པར་རྒྱག་མཁན་ལ་ཐུག་དུས། མར་གསུང་བཤད་གནང་དགོས་པ་དེ་ཚོ་གནང་ཚར་དུས་ཡར་དྲི་བ་འདྲི་ཆོག་གི་མི་འདུག གསུང་བཤད་གནང་ཚར་དུས་ལོག་ཕྱིན་པ་རེད། སྤོབས་པ་མི་འདུག བདེན་པ་དེ་ལ་གདོང་ལེན་བྱེད་ཐུབ་ཀྱི་མི་འདུག དེ་ལ་གཡོ་སྒྱུ་མང་པོ་འདྲེས་བསྡད་ཡོད་དུས་དྲི་བ་བརྣག་པོ་བྱུང་ན་རྙོག་གྲ་ཡོང་གི་རེད། དེ་འདྲ་ཡིན་དུས་རིགས་གཅིག་དྲི་བ་དྲི་ལན་ལ་དཀའ་ངལ་འཕྲད་ཀྱི་ཡོད་རེད།
རྩ་བ་དེ་སོ་སོའི་ངོས་ནས་ལྷག་བསམ་རྣམ་དག་དྲང་པོ་དྲང་བཞག བདེན་པ་བདེན་ཐུབ་ཕྱི་གསལ་ནང་གསལ་བྱས་ན། དོགས་པ་བྱེད་དགོས་པ་ཡོད་མ་རེད། དེ་འདྲ་ཡིན་དུས་མིའི་སྤྱི་ཚོགས་ནང་དུ་གཡོ་སྒྱུ་སྤྲ་ལག་ཟེར་བ་དེ་སོ་སོའི་ངོས་ནས་བསམ་བློ་བཏང་ན། རང་ཉིད་རྒྱལ་ཁ་ཐོབ་པའི་དོན་དུ་བྱེད་ཀྱི་ཡོད་པའི་སྐད་ཆ་རེད་དེ། དོན་དུ་སོ་སོ་སྡུག་བསྔལ་དཀྱིལ་ལ་འཇུག་གི་ཡོད་རེད། སྐྱག་རྫུན་མ་བཤད་པར་དྲང་པོ་དང་ཕྱི་གསལ་ནང་གསལ་བྱས་ན་སོ་སོར་བདེ་སྐྱིད་ཡོང་གི་རེད། དེ་ཡོང་བ་ལ་སེམས་ཀྱི་ནང་དུ་ཕྲག་དོག་འགྲན་སེམས། ང་རྒྱལ་དེ་དག་ཡོད་པ་ཡིན་ན་བདེ་སྐྱིད་ཡོང་གི་མི་འདུག ཕན་སེམས་ཡོད་ན་བདེ་སྐྱིད་ཡོང་གི་རེད། འབྲེལ་བ་བྱེད་སའི་ཡུལ་དེ་ཚོ་དཔེར་ན། གང་དུ་སུ་དང་འགྲོགས་པའི་ཚེ།། བདག་ཉིད་ཀུན་ལས་དམན་ལྟ་ཞིང༌།། གཞན་ལ་བསམ་པ་ཐག་པ་ཡིས།། མཆོག་ཏུ་གཅེས་པར་འཛིན་པར་ཤོག་ཅེས་དེ་འདྲའི་བསམ་བློ་ཐོངས་དང༌། གོང་དུ་བཀུར་དང༌། དེ་ནས་སེམས་ནང་དུ་གློད་བཞག་པའི་བཟོ་འདྲ་ཞིག་མ་གཏོགས་གུ་དོག་པོ་ཡོང་གི་མི་འདུག དེ་ཧ་ཅང་གལ་ཆེན་པོ་རེད་འདུག
དེར་བརྟེན་ཆོས་ཀྱི་བསླབ་བྱ་ཟེར་བ་དེས་སྐྱེ་བ་ཕྱི་མར་ཕན་པ་ཙམ་མ་ཟད། ཚེ་འདི་ལ་སྐྱིད་པ་དང༌། དོན་དམ་གྱི་གཉེན་ཉེ་དུ་ཡོང་གི་རེད། རྒྱུ་དངོས་པོ་རྐྱང་རྐྱང་གི་ཐོག་ནས་གཉེན་ཉེ་དུ་ཡོང་ཟེར་བ་ཁག་པོ་རེད། གཉེན་ཉེ་དུ་ཡོང་བ་ཡིན་ཡང་རྒྱུ་ལ་བལྟས་ནས་འཁོར་བསྡད་པ་ཞིག་རེད། རྒྱུ་ལ་བལྟས་ནས་འཁོར་བསྡད་པ་དེ་མཐའ་མ་སོ་སོ་འཆི་ཁར་སེམས་ཁྲལ་བྱས་ནས་སྡོད་དགོས་པ་ཆགས་ཀྱི་རེད། ཁོས་རྒྱུ་དེ་འཁྱེར་མི་འགྲོ་ན། འདིས་རྒྱུ་དེ་འཁྱེར་མི་འགྲོ་ན་བསམ་ནས་སེམས་ཁྲལ་འཐོལ་པ་རེད་མ་གཏོགས་གང་ཡང་ཡོད་མ་རེད། དེ་ང་ཚོ་ཚང་མས་ཤེས་དགོས་པ་རེད།
དེར་བརྟེན་སེམས་པ་བཟང་པོ་བྱེད་དགོས་པ་རེད་ཅེས་པའི་ཆོས་ཀྱི་བསླབ་བྱ་དེ་རྣམ་མཁྱེན་ཐོབ་པའི་རྒྱུ་ཡིན་པ་མ་ཟད། མི་ཚེ་འདི་ལ་ཆ་བཞག་ཀྱང་ཏན་ཏན་སྐྱིད་པོ་ཡོང་བ་ཞིག་རེད་འདུག དེ་འདྲ་ཡིན་དུས་ངས་བཤད་པ་དེ་ཆོས་ཡིན་མིན་ལ་མ་ལྟོས་པར་མི་ཚང་མར་བྱམས་བརྩེ་དགོས་པ་རེད། བྱམས་བརྩེ་ཡོད་ན་སྐྱིད་པོ་རང་བཞིན་གྱིས་ཡོང་གི་རེད་ཅེས་འཛམ་བུ་གླིང་གང་དུ་ཕྱིན་ཡང་ངས་ཁ་གདང་ཚད་ལ་དེ་ལྟར་བཤད་ཀྱི་ཡོད། བྱམས་བརྩེ་ཞེས་ལབ་དུས་དེ་སེམས་ཀྱི་ཡོན་ཏན་རེད། བྱམས་བརྩེ་དེ་རྒྱུ་དངོས་པོ་སྤྲད་ནས་ཉོ་རྒྱུ་ཡོད་མ་རེད། དཔེར་ན། ལྡི་ལི་དང་མོམ་བྷེ་སོགས་ལ་ཚོང་ཁང་ཆེན་པོ་ཚོའི་ནང་དུ་སོང་ནས་བྱམས་བརྩེ་བཙོང་རོགས་གྱིས་ལབ་ན། མི་ཚོ་གད་མོ་ཤོར་གྱི་རེད། མི་དེ་སྨྱོན་པ་འདྲ་འདུག་ཟེར་གྱི་རེད། བྱམས་བརྩེ་བཙོང་སའི་ཚོང་ཁང་མི་འདུག ཡང་ན་སྨན་ཁང་ནང་དུ་སྨན་པའི་སར་སོང་ནས་ང་ལ་བྱམས་བརྩེ་ཡོང་བའི་ཁབ་ཅིག་རྒྱག་རོགས་ལབ་ན། སྨན་པ་གད་མོ་ཤོར་གྱི་རེད་མ་གཏོགས་ཡོང་རྒྱུ་ཡོད་མ་རེད། བདེ་སྐྱིད་ཀྱི་རྩ་བ་དེ་བྱམས་བརྩེ་རེད། བྱམས་བརྩེ་སོ་སོའི་སེམས་ནས་བཟོ་རྒྱུ་རེད་མ་གཏོགས་མིས་ཚུར་སྤྲོད་རྒྱུ་ཞིག་ཡོད་མ་རེད།
དེར་བརྟེན་ཆོས་བརྒྱུད་ཚོའི་ནང་ནས་སེམས་ལ་བཟོ་བཅོས་རྒྱག་པའི་སྐད་ཆ་ཤོད་མཁན་དེ་དུས་རབས་ཉེར་གཅིག་པ་འདིའི་ནང་དུ་འབྲེལ་བ་ཡོད་པ་ཞིག་དང༌། དགོས་མཁོ་ཡོད་པ་ཞིག་ཆགས་བསྡད་ཡོད་རེད།
ཆོས་བརྒྱུད་ཀྱི་སྐད་ཆ་བཤད་ཡོང་བའི་སྐབས་སུ་དཔེར་ན། དེ་སྔོན་ཞིག་ལ་ཨ་མིར་སར་ཆོས་བརྒྱུད་འདྲ་མིན་གྱི་མི་སྣ་ཡོད་པའི་ཚོགས་འདུ་ཞིག་གི་སྐབས་ང་འགྲོ་རྒྱུ་བྱུང་སོང༌། དེའི་སྐབས་སུ་མི་གཅིག་གིས་ཆོས་བརྒྱུད་ཚང་མས་དྲི་བ་གསུམ་ལ་ལན་འདེབས་བྱེད་ཀྱི་ཡོད་རེད། དྲི་བ་གསུམ་དེ་དང་པོ་བདག་ཟེར་བ་ག་རེ་ཡིན་པ། གཉིས་པ་བདག་ལ་ཐོག་མ་ཡོད་མེད། གསུམ་པ་བདག་ལ་མཐའ་མ་ཡོད་མེད་ཅེས་དྲི་བ་དེ་གསུམ་པོ་ཡོང་གི་ཡོད་རེད་ཅེས་ལབ་སོང། བཤད་སྟངས་དེ་ཡག་པོ་འདྲ་ཞིག་མཐོང་སོང༌།
ངས་དེ་རིང་བཤད་རྒྱུ་དེ་མང་པོ་ཞིག་ལ་སྐད་ཆ་རྙིང་པ་རེད། མང་པོ་ཞིག་གིས་གསན་མྱོང་ཡོད་ཀྱི་མ་རེད། དེར་བརྟེན་དེ་རིང་བཤད་སྙིང་འདོད་བྱུང༌། དྲི་བ་དང་པོ་དེ་བདག་ཟེར་བ་གལ་ཆེན་པོ་རེད། དྲི་བ་དེ་ལ་ལན་མི་འདྲ་བ་གཉིས་ཆགས་པ་རེད། བདག་ཟེར་བ་དེ་ཕུང་པོ་ལ་དབང་བསྒྱུར་མཁན་གྱི་བདག་རང་སྐྱ་བ། ཕུང་པོ་ལས་དོན་གཞན་པའི་བདག་ཅིག་ཡོད་རེད་ཟེར་བའི་སྐད་ཆ་གཅིག་དང༌། ཕུང་པོ་ལ་དབང་བསྒྱུར་མཁན་གྱི་བདག་རང་སྐྱ་བ་ཞིག་ཡོད་པ་ཡིན་ན་དེས་ཆགས་སྡང་འདྲེན་ཡོང་གི་རེད། བདག་ཅེས་བྱ་བ་བདུད་ཀྱི་སེམས་ཞེས་བཅོམ་ལྡན་འདས་ཀྱིས་མདོའི་ནང་ལ་དེ་གསུངས་འདུག ཕུང་པོ་ལ་དབང་བསྒྱུར་མཁན་གྱི་བདག་རང་མཚན་པ་ཞིག་ཡིན་པའི་དབང་དུ་བཏང་བ་ཡིན་ན། རང་ལ་ཆགས་པ་གཞན་ལ་སྡང་བ་དེ་སླེབས་ཡོང་གི་རེད།
དེར་བརྟེན་དེ་འདྲའི་བདག་ཏུ་ཞེན་པ་དེས་ཕྱིན་ཅི་ལོག་གི་ལྟ་བ་མཐའ་དག་གི་རྩ་བ་བྱེད་ཡོང་གི་ཡོད་པ་རེད། དེའི་མཇུག་ཏུ་འོ་ན་བདག་ཟེར་བ་ག་འདྲ་ཞིག་རེད་ཅེ་ན། འདུ་བྱེད་ཕུང་པོ་འདི་སྟོང་སྟེ།། དེ་ལ་བདག་ནི་ཡོད་མ་ཡིན་ཞེས་འདུ་བྱེད་ཕུང་པོའི་སྒང་ལ་ཕུང་པོ་ལས་དོན་གཞན་པའི་བདག་ཡོད་མ་རེད། འོ་ན་བདག་མེད་པ་རེད་དམ་ཞེ་ན། མེད་པ་མ་རེད། ཇི་ལྟར་ཡན་ལག་ཚོགས་རྣམས་ལ།། བརྟེན་ནས་ཤིང་རྟ་བརྗོད་པ་ལྟར།། དེ་བཞིན་ཕུང་པོ་རྣམས་བརྟེན་ནས།། ཀུན་རྫོབ་སེམས་ཅན་བརྗོད་པ་ཡིན་ཞེས་པའི་མདོ་ཡི་ཚིག་དེས། བདག་ཟེར་བ་ཕུང་པོ་ལ་དབང་བསྒྱུར་མཁན་གྱི་རྗེ་བོ་ལྟ་བུ་ཞིག་བློ་ལ་ཤར་གྱི་འདུག་སྟེ། ཡག་པོ་ཞིག་བཙལ་བ་ཡིན་ན་ཕུང་པོའི་གསེང་ནས་ཕུང་པོ་ལ་དབང་བསྒྱུར་མཁན་གྱི་བདག་དེ་འདྲ་ཞིག་ཡོད་མ་རེད། ཕུང་པོ་ལས་དོན་གཞན་དུའང་བདག་དེ་འདྲ་ཞིག་ཡོད་མ་རེད། དེར་བརྟེན་སངས་རྒྱས་པའི་ཆོས་ནང་དུ་བདག་མེད་པ་ཞེས་གསུངས་པ་དེ་བྱུང་བ་རེད།
བདག་ཟེར་བ་གང་རེད་ཅེས་པའི་དྲི་བ་དེའི་ཐོག་ནས་སངས་རྒྱས་པ་དང༌། སངས་རྒྱས་པའི་ཆོས་མེད་མཁན་གྱི་ཆོས་ལུགས་ཡོངས་རྫོགས་ཀྱིས་བདག་དེ་ཁས་ལེན་གྱི་ཡོད་རེད། རྟག་གཅིག་རང་དབང་བའི་བདག་ཁས་ལེན་གྱི་ཡོད་རེད། དེ་གཞི་ལ་བཞག་ནས་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་དེ་ཁས་ལེན་པ་རེད། བདག་ཟེར་བ་གང་རེད་ཅེས་པའི་དྲི་བ་དེའི་ལན་ལ་སངས་རྒྱས་པའི་ཆོས་དང་ཆོས་ལུགས་གཞན་དག་གི་དབྱེ་བ་དེ་ལྟར་ཕྱེ་ཐུབ་ཀྱི་རེད། བདག་དེ་ལ་ཐོག་མ་ཡོད་རེད་དམ་མ་རེད་ཅེས་པའི་དྲི་བ་དེ་ལ། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་ཐོག་མར་འཇིག་རྟེན་བཀོད་པའི་སྐབས་སུ་བདག་ཐོག་མར་གྲུབ་པ་རེད། བདག་ལ་ཐོག་མ་ཡོད་ཟེར་དགོས་པ་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ནང་དུ་ཚེ་འདི་རང་འཇིག་རྟེན་བཀོད་པ་པོས་ཐད་ཀར་བཀོད་པ་རེད་ཟེར་བའི་འདོད་ཚུལ་གཅིག་དང༌། ཡང་ཚེ་རབས་མང་པོ་ཡོད་རེད་དེ་ཐོག་མའི་འགོ་འཛུགས་མཁན་དེ་འཇིག་རྟེན་བཀོད་པ་པོ་ཚངས་པ་ཆེན་པོས་བཀོད་པ་རེད་ཅེས་པའི་འདོད་ཚུལ་གཅིག་འདུག ལས་འབྲས་ཀྱི་རྣམ་གཞག་ཅིག་བཤད། སྐྱེ་བ་སྔ་ཕྱིའང་བཤད། མཐར་གཏུག་ཡོང་དུས་འཇིག་རྟེན་བཀོད་པ་པོས་བཀོད་པ་རེད་ཅེས་གང་ལྟར་ནང་གསེས་མི་འདྲ་བ་ཡོད་རེད་དེ། བདག་ལ་ཐོག་མ་འདུག
སངས་རྒྱས་པའི་ཆོས་དང་གཅེར་བུ་པའི་ཆོས་གཉིས་པོ་དེ་བདག་ལ་ཐོག་མ་མེད་པ་རེད། རྒྱུ་འབྲས་བཤད་ཀྱི་ཡོད་རེད། ཁ་སང་གཅེར་བུ་པའི་གནས་རྩ་ཆེན་ཞིག་ཏུ་ང་སྐད་བཏང་ནས་དེར་འགྲོ་དུས་ཚངས་སྤྱོད་ལ་གནས་པའི་ཕོ་མོ་མང་པོ་ཞིག་འདུག མཁས་པ་དེ་འདྲ་ཡང་འདུག བཀའ་མོལ་བྱུང་བའི་སྐབས་སུ་གསལ་པོ་ཞིག་ག་རེ་འདུག་ཟེར་ན། གཅེར་བུ་པའི་ཆོས་ལུགས་ལ་ཤེས་བརྒྱུད་ལ་ཐོག་མ་མེད་པ། འཇིག་རྟེན་བཀོད་པ་པོ་མ་ཡིན་པར་རྒྱུ་དང་འབྲས་བུའི་རྐྱེན་རང་ལ་བརྟེན་ནས་ཡོང་བསྡད་པ་ཞིག་གསུང་གི་འདུག སངས་རྒྱས་པའི་ཆོས་དང་གཅེར་བུ་པའི་ཆོས་བརྒྱུད་གཉིས་དང་གཞན་དག་ཆོས་བརྒྱུད་དེ་འདྲ་ཡོད་ཀྱི་རེད། གྲངས་ཅན་ལྷ་མེད་པས་ཕལ་ཆེར་དེ་འདྲ་བཤད་ཀྱི་མེད་འགྲོ། གང་ལྟར་བདག་ལ་ཐོག་མ་ཡོད་མེད་བཤད་སྐབས། ཐོག་མ་མེད་ཅེས་བཤད་པ་རེད། གང་ལྟར་བདག་ལ་ཐོག་མ་ཡོད་ཟེར་མཁན་གྱི་སྡེ་ཚན་གཅིག་དང༌། མེད་ཟེར་མཁན་གྱི་སྡེ་ཚན་གཅིག་བཅས་གཉིས་ཡོད་པ་རེད།
དེ་ནས་བདག་ལ་མཐའ་མ་ཡོད་མེད་སྐོར་བཤད་ཡོང་དུས། སངས་རྒྱས་པའི་ནང་དུ་གྲུབ་མཐའ་རིགས་འགའ་ཤས། དཔེར་ན། བྱེ་བྲག་སྨྲ་བའི་སྡེ་པ་རིགས་འགའ་ཤས་ཀྱིས་ལྷག་མེད་མྱང་འདས་མངོན་དུ་བྱེད་པའི་སྐབས་ལ་རིག་པ་རྒྱུན་ཆད་པ་རེད་ཟེར་བ་རེད། དེར་བརྟེན་སྐྱེ་བ་ཕྱི་མར་འགྲོ་དུས་ཆགས་བྱེད་ཀྱི་སེམས་ཞེས་པ་ཞིག་བཤད་ཀྱི་འདུག དེ་འདྲ་གསུང་མཁན་ཡོད་པ་རེད། འོན་ཀྱང་སྤྱི་ཡོངས་སངས་རྒྱས་པའི་ཆོས་ནང་དུ་བདག་ལ་མཐའ་མ་མེད་པ་རེད། མཐར་ཐུག་ཐེག་པ་གཅིག་ཏུ་འདོད་པ་ཡིན་ན་ཇི་སྲིད་ནམ་མཁའ་མ་ཟད་ཀྱི་བར་དུ་འཕྲིན་ལས་རྒྱུན་མི་ཆད་དུ་སྤྲོ་མཁན་གྱི་སྐུ་ལྔའི་བདག་ཉིད་ཟེར་ན་འདྲ། སྐུ་བཞིའི་བདག་ཉིད་ཟེར་ན་འདྲ། སྐུ་གསུམ་གྱི་རང་བཞིན་ཟེར་ན་འདྲ། དེ་འདྲའི་གོ་འཕང་མངོན་དུ་བྱས་ཚར་དུས་མཐའ་མ་མེད་པ་རེད།
གཅེར་བུ་པའང་དེ་འདྲ་རེད་འདུག ཆོས་ཉམས་ལེན་དང༌། སྡིག་སྤོང་དགེ་སྒྲུབ་ཀྱི་བླང་དོར་བྱས་ནས་རང་ཉིད་གཅེར་བུ་པའི་སྟོན་པའི་གོ་འཕང་མངོན་དུ་བྱེད་ཐུབ་ཀྱི་རེད། འདྲ་པོ་ཞེ་དྲག་རེད་འདུག ང་རང་ཚོར་སྟོན་པའི་གོ་འཕང་བརྙེས་པའི་རྒྱུ་རང་ཆས་སུ་ཡོད་པ་རེད། ང་ཚོས་ཁམས་བདེ་བཤེགས་སྙིང་པོ་ཞེས་ཟེར་གྱི་ཡོད་རེད། གཅིག་པ་རང་བཤད་ཡོང་གི་འདུག ཁོ་རང་ཚོས་ང་ཚོ་ནང་པ་དང་མཚུངས་པོ་ཞེ་དྲག་ཡོད་པ་རེད་ཅེས་ཟེར་གྱི་འདུག་ལ་འདྲ་པོ་ཡང་འདུག གང་ལྟར་སངས་རྒྱས་པའི་ཆོས་པ་དང་གཅེར་བུ་པའི་ཆོས་པ་གཉིས་ཀྱིས་བདག་ལ་ཐོག་མ་ཡང་མེད། མཐའ་མ་ཡང་མེད་ཅེས་དེ་འདྲ་ཞིག་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་མཐའ་མ་ཡོད་རེད་དམ་ཟེར་ན། དེ་གསལ་པོ་ཐག་ཆོད་པ་ཞིག་ངས་ཤེས་ཀྱི་མེད། དེ་རྗེས་སུ་སྐད་ཆ་འདྲི་དགོས་ཡོད། དག་ཞིང་ལ་སྐྱེས་ཚར་དུས་དཀོན་མཆོག་གི་དྲུང་དུ་སྐྱིད་པོ་བྱས་ནས་འཇིག་རྟེན་མཐའ་མེད་པ་བྱས་ནས་བསྡད་རྒྱུ་ཡིན་ནམ་ཡང་ན་མེད་པ་ཆགས་ཀྱི་ཡོད་ཤེས་མ་བྱུང༌། གཞན་འཇིག་རྟེན་ཐོག་མ་བཞག་ནས་ཚེ་འདི་རང་འཇིག་རྟེན་བཀོད་པ་པོས་བཀོད་པ་རེད་ཅེས་པ་དེ་ཞེ་དྲག་ཤུགས་ཆེན་པོ་རེད་འདུག ལྟ་གྲུབ་དེ་ནུས་པ་ཆེན་པོ་རེད་འདུག སྔོན་མ་ཡེ་ཤུའི་ཆོས་པ་ཡག་པོ་ཞིག་ཡོད་པ་རེད། ཁོ་རང་ལ་ངས་སྐད་ཆ་དྲིས་པ་ཡིན། ཁྱེད་རང་ཚོས་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་གིས་བཀོད་པ་དེ་སྐྱེ་བ་སྔ་མ་འདོད་ན་སྐྱོན་ག་རེ་ཡོད་རེད་ཅེས་ལབ་པ་ཡིན། སྐྱེ་བ་སྔ་མ་ཁས་ལེན་གྱི་མ་རེད། ཚེ་འདི་ག་རང་དཀོན་མཆོག་གིས་བཀོད་པ་རེད་ཅེས་ལབ་བྱུང༌། དེ་ཞེ་དྲག་གནད་འགག་ཆེན་པོ་འདུག་བསམ་བྱུང༌།
རང་རང་གི་ཆོས་ལུགས་ཀྱི་ཐོག་ནས་ཧ་ཅང་གལ་ཆེན་པོ་རེད་འདུག ནུས་པ་ཆེན་པོ་རེད་འདུག གང་ཡིན་ཟེར་ན། ཚེ་འདི་ག་རང་འཇིག་རྟེན་བཀོད་པ་པོས་བཀོད་པ་རེད་ཅེས་ལབ་ཡོང་དུས་བཀོད་མཁན་གྱི་དཀོན་མཆོག་དང་སེམས་ཐག་ཉེ་པོ་ཆགས་ཡོང་གི་འདུག ཕ་མའི་འབྲེལ་བ་ལྟ་བུ་ཆགས་ཡོང་གི་འདུག དེར་བརྟེན་ཇི་ཙམ་གྱིས་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ལ་སེམས་ཐག་ཉེ་བའི་ཚོད་ཀྱིས་དེའི་བཀའ་བཞིན་སྒྲུབ་པ་དང༌། དེའི་རྗེས་སུ་ཞུགས་པར་འདོད་པ་ཆེ་བ་ཡོང་གི་རེད། དཔེར་ན། ང་ཚོ་ལ་ཆ་བཞག་ན་དེ་འདྲ་ཡོང་གི་འདུག སངས་རྒྱས་བཅོམ་ལྡན་འདས་ལོ་ཉིས་སྟོང་ལྔ་བརྒྱའི་གོང་བྱུང་བ་རེད་ཅེས་ལབ་དུས། ཨ་ཙི་སྐྱབས་སུ་མཆི་བསམ་པ་མ་གཏོགས་ཞེ་དྲག་མེད་པ་ལྟ་བུ། སོ་སོའི་ཆོས་བརྒྱུད་ནས་མར་ཉེ་རུ་ཕྱིན་ནས། བླ་བརྒྱུད་ནས་མར་སླེབས་ཡོང་དུས་སོས་པ་འདྲ་ཞིག་ཆགས་ནས་སེམས་ཐག་ཉེ་པོ་ཆགས་ཀྱི་འདུག
བཅོམ་ལྡན་འདས་ཟེར་དུས་ཐག་རིང་པོ་ཞིག་མཐོང་གི་མི་འདུག་གམ། སོ་སོའི་ཆོས་བརྒྱུད་མར་སླེབས་ཡོང་དུས་དཔེར་ན། དགེ་ལུགས་པ་ཡིན་ན་རྗེ་རིན་པོ་ཆེ་དང༌། བཀའ་བརྒྱུད་པ་ཡིན་ན་མར་པ་དང་དྭགས་པོ་ལྷ་རྗེ་དེ་ཚོ་བཅོམ་ལྡན་འདས་ལས་སེམས་ཐག་ཉེ་བ་འདྲ་པོ་མི་འདུག་གམ། ང་རང་ཚོའི་སེམས་ནང་ལ་དེ་འདྲ་ཡོད་རེད། ལོ་ཉིས་སྟོང་ལྔ་བརྒྱའི་གོང་ལབ་དུས་ཐག་རིང་པོ་ཞིག་མཐོང་གི་རེད། དེར་བརྟེན་འཇིག་རྟེན་བཀོད་པ་པོས་ཚེ་འདི་རང་ལ་བཀོད་པ་རེད་ལབ་དུས་སེམས་ཐག་ཉེ་པོ་འདྲ་ཞིག་འདུག འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་གི་རང་བཞིན་ག་འདྲ་ཞིག་ཡོད་པ་རེད་ལབ་ན། སྙིང་རྗེ་ལ་མཐའ་མེད་པ། བརྩེ་བའི་བདག་ཉིད་ཅན་དེ་འདྲ་ཞིག་ཡིན་པ་བཤད་ཡོང་དུས། ཇི་ཙམ་གྱིས་དཀོན་མཆོག་ལ་སྙིང་ཉེ་བའི་ཚོད་ཀྱིས་རང་ཉིད་བྱམས་བརྩེའི་བསླབ་བྱ་ལ་ཉམས་ལེན་བྱེད་དགོས་པ་ཞིག་ཏུ་གོ་བ་ཆགས་ཀྱི་འདུག ཡག་པོ་ཞིག་བྱས་པ་ཡིན་ན་དེ་འདྲ་རེད།
དེར་བརྟེན་ངས་ཁོ་རང་ཚོ་ལ་རྩེད་མོ་དང་སྦྲགས་ནས་བཤད་ཀྱི་ཡོད། སངས་རྒྱས་ཀྱི་ཆོས་དེ་འཇིག་རྟེན་བཀོད་པ་པོས་བཀོད་པ་རེད། བཀོད་པ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀོད་པ་རེད། ཆོས་བརྒྱུད་ཡོངས་རྫོགས་འཇིག་རྟེན་བཀོད་པ་པོས་དགོས་པ་ཡོད་སྟབས་བཀོད་པ་རེད། དེར་བརྟེན་དག་སྣང་སྦྱོངས་དགོས་པ་རེད་ཅེས་ཤོད་ཀྱི་ཡོད། ཁ་ཆེའི་བླ་མ་ཞིག་གིས་ཁ་ཆེའི་ཆོས་ཉམས་ལེན་བྱེད་མཁན་ཞིག་གིས་སེམས་ཅན་མཐའ་དག་ལ་བྱམས་བརྩེ་སྒོམ་དགོས་པ་རེད། གང་ཡིན་ཟེར་ན། འཇིག་རྟེན་བཀོད་པ་པོས་བཀོད་པ་རེད་ཅེས་ཟེར། དེ་ཡག་པོ་འདུག སོ་སོའི་ཆོས་ནས་བཤད་བཞག་པ་དེ་ལག་ལེན་དངོས་ལ་དོ་གལ་གྱིས་བྱས་པ་ཡིན་ན་དངོས་གནས་ཡག་པོ་རེད་འདུག ངས་ནམ་རྒྱུན་ནས་ཆོས་བརྒྱུད་ཚང་མ་ལ་གུས་ཞབས་བྱེད་ཀྱི་ཡོད། དེ་ངས་རང་དགར་འདྲ་ཆགས་པོ་དང༌། མཁས་པོ་སྙན་པོ་བྱས་ནས་འཁྲབ་བཞག་པ་གང་ཡང་མིན། བསམ་པ་རྣམ་དག་ཡིན། ང་ཚོ་ནང་པའི་ངོས་ནས་བཤད་ན་འཛམ་བུ་གླིང་ཡོངས་རྫོགས་ནང་པ་ལ་ནི་བསྒྱུར་ཐུབ་རྒྱུ་ཡོད་མ་རེད། བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་སུ་རྒྱ་གར་ཡོངས་རྫོགས་ནང་པ་ལ་བསྒྱུར་ཐུབ་མི་འདུག མགོན་པོ་ཀླུ་སྒྲུབ་རྩོད་པའི་ཁྱུ་མཆོག་དེ་ཚོ་བཞུགས་པའི་སྐབས་ལ་རྒྱ་གར་ཡོངས་རྫོགས་ནང་པ་ལ་བསྒྱུར་ཐུབ་མི་འདུག ང་ཚོས་བསྒྱུར་ཐུབ་ཐབས་གང་ཡང་ཡོད་མ་རེད། ཆོས་བརྒྱུད་འདྲ་མིན་དེ་དག་ཡོད་བཞིན་པ་རེད། དེར་བརྟེན་ཚང་མ་འཆམ་པོ་བྱུང་ན་ཡག་གི་རེད། རྒྱག་རེས་རྒྱག་བསྡད་པ་ཡིན་ན་བྱབ་ཆུང་རེད། ཕན་ཐོགས་གང་ཡང་ཡོད་མ་རེད།
ཡེ་ཤུའི་ཆོས་པ་དང༌། ཁ་ཆེའི་ཆོས་པ། ཧིན་དྷུའི་ཆོས་པ། འཇིའུ་ཆོས་པ། གཅེར་བུ་པའི་ཆོས་པ་དེ་དག་བསམ་པ་རྣམ་དག་གིས་ཆོས་བྱེད་མཁན་དེ་ཚོ་དངོས་གནས་མ་འདྲ་བ་འདུག སྔོན་མ་ཕལ་ཆེར་ལོ་ཉི་ཤུ་སུམ་ཅུའི་སྔོན་ལ་ང་སི་པན་ལ་ཕྱིན་པའི་སྐབས་སུ། ཡེ་ཤུའི་ཆོས་པ་གཟུགས་པོ་ཆུང་ཆུང་ཞིག་འདུག ཁོ་རང་ང་ལ་ཆེད་དུ་ཐུག་པར་ཡོང་བ་རེད། དེའི་སྔོན་ལ་ཁོ་རང་གི་རྒྱབ་རིའི་སྒང་ལ་ཡོད་པའི་དགོན་པ་དེའི་ནང་དུ་སྒོམ་བརྒྱབ་ནས་ལོ་ལྔ་བསྡད་པ་རེད་ཟེར། ལྟོ་ཆས་ཡང་ཇ་དང་བག་ལེབ་གཅིག་པུར་བརྟེན་ནས་འཚོ་བ་ངན་ངོན་གྱིས་བསྡད་པ་རེད་ཟེར་གྱི་འདུག ངས་ཁོ་རང་ཐུག་པའི་སྐབས་ལ་ཁྱེད་རང་ལོ་ལྔ་ཙམ་ལ་སྒོམ་བརྒྱབ་ནས་བསྡད་པ་རེད་ཟེར་གྱི་འདུག ག་རེ་བྱས་ནས་བསྡད་པ་ཡིན། སྒོམ་ག་རེ་བརྒྱབ་པ་ཡིན་ཞེས་ལབ་དུས་བྱམས་བརྩེ་སྒོམ་པ་ཡིན་ཞེས་ཟེར། དེ་ལབ་པའི་སྐབས་སུ་མིག་གི་ནང་ནས་རྣམ་པ་མི་འདྲ་བ་ཞིག་འདུག ཨོ་འགྲིག་འདུག་བསམ་བྱུང༌།
ང་ཚོ་སངས་རྒྱས་པའི་ཆོས་པའི་ནང་དུ་ལོ་ལྔ་ཙམ་ལ་བྱམས་བརྩེ་རྐྱང་རྐྱང་བསྒོམས་ནས་སྡོད་མཁན་ཉུང་ཉུང་ཡིན་གྱི་རེད། སྔགས་བགྲང་ནས་སྡོད་རྒྱུ་ལས་སླ་པོ་རེད། ཉོན་མོངས་མ་ཟད་སེན་མོ་ཟད་ཅེས་ལབ་པ་ནང་བཞིན་སེན་མོ་མ་ཟད་བར་དུ་སྔགས་བགྲང་ནས་སྡོད་རྒྱུ་ལས་སླ་པོ་རེད་དེ་རྩེ་གཅིག་ཏུ་བྱམས་བརྩེ་རྐྱང་རྐྱང་བསྒོམས་ནས་སྡོད་མཁན་ཧ་ཅང་དཀོན་པོ་རེད། ཁོ་རང་གི་གདོང་ལ་བལྟས་ན་སྐྱག་རྫུན་བཤད་མཁན་ཞིག་དང༌། ཡིན་མདོག་མདོག་བྱེད་མཁན་ཞིག་རེད་མི་འདུག ཡག་མདོག་ཁ་པོ་ཞིག་འདུག ཁོ་རང་དབྱིན་སྐད་སྐྱོ་པོ་རེད་འདུག ང་དབྱིན་སྐད་སྐྱོ་པོ་རེད་དེ་ཁོ་རང་ང་ལས་སྐྱོ་བ་འདུག དེར་བརྟེན་ངས་སྤོབས་པ་ལྟ་བུ་བྱས་ནས་དབྱིན་སྐད་ཞེ་དྲག་བརྒྱབ་པ་ཡིན།
མ་དྷར་ཁྲེ་རི་ས་ལ་ཆ་བཞག་ན། ཁོང་གི་རྗེས་འབྲངས་ཡེ་ཤུའི་བཙུན་མ་དེ་འདྲ་མང་པོ་འདུག སྔོན་གནས་བསམ་པ་རྣམ་དག་གིས་མི་ལ་ཞབས་འདེགས་སྒྲུབ་ཀྱི་འདུག མ་དྷི་ཡ་པར་དྷེ་ཤི་ལ་སོགས་པ་གྲོང་གསེབ་ཁུག་ཀྱོག་དེ་ཚོའི་སློབ་གྲྭ་དང་སྨན་ཁང་ནང་དུ་ཡེ་ཤུའི་ཆོས་པ་དེ་འདྲ་ལས་ཀ་བྱས་ནས་སྡོད་ཀྱི་འདུག ང་རང་ཚོའི་བོད་པའི་དགེ་འདུན་པ་དང་བཙུན་མའི་ནང་དུ་སྤྱི་ཚོགས་ནང་དུ་སོ་སོའི་དཀའ་ངལ་ཁྱད་དུ་བསད་ནས་ཞབས་འདེགས་སྒྲུབ་མཁན་ཉུང་ཉུང་རེད། ཡེ་ཤུའི་ཆོས་པ་དེ་འདྲ་མང་པོ་འདུག དཀའ་ལས་རྒྱག་མཁན་དེ་ཚོ་སོ་སོའི་ཆོས་བརྒྱུད་ཀྱི་ནང་ནས་བརྩེ་བའི་བདག་ཉིད་དཀོན་མཆོག་གིས་ཞབས་འདེགས་སྒྲུབ་དགོས་རེད་ཅེས་གསུངས་པ་བཞིན་བརྩེ་བ་དང་སྨན་པའི་སྒོ་ནས་ཞབས་འདེགས་སྒྲུབ་ཀྱི་ཡོད་རེད། ཆོས་བརྒྱུད་ཚང་མས་ཡག་པོ་བྱས་པ་ཡིན་ན། མིའི་སེམས་འདུལ་བ་དང༌། བྱམས་པ་དང་བརྩེ་བ་ཞེས་རྒྱ་ཆེ་ཆུང་ཡོད་རེད་དེ། ཕན་ཐོགས་ཡོད་པ་ཞིག་ཏན་ཏན་རེད་འདུག དེར་བརྟེན་ཆོས་བརྒྱུད་ཚང་མ་ལ་གུས་ཞབས་བྱེད་རྒྱུ་གལ་ཆེན་པོ་རེད། དེའི་ནང་གསེས་སངས་རྒྱས་ཀྱི་ཆོས་ལ་ཆ་བཞག་ན། ད་གིན་ཞལ་འདོན་གྱི་གོ་རིམ་སྒྲིག་པ་ནང་བཞིན་བཅོམ་ལྡན་འདས་རང་ཉིད་ཞལ་བཞུགས་པའི་སྐབས་སུ་ཡོངས་གྲགས་ཀྱིས་གསུང་ཆོས་གནང་བ་དེ་ཚོ་ལེགས་སྦྱར་སྐད་ཀྱི་ནང་དུ་གནང་བ་ཡིན་ས་མ་རེད། པཱ་ལིའི་སྐད་དང་འདྲ་མི་འདྲ་བྱུང་ཡོད་ས་རེད། ཕྱིས་སུ་བཀའ་སྡེ་སྣོད་གསུམ་ཚུར་བསྡུས་པའི་སྐབས་སུ་ཕལ་ཆེར་གཙོ་བོ་པཱ་ལིའི་སྐད་རེད་འདུག སྟོན་པ་རང་ཉིད་ཞལ་བཞུགས་པའི་སྐབས་སུ་ཡོངས་གྲགས་བྱས་ནས་གསུང་ཆོས་གསུངས་པ་དེ་ཚོ་ལེགས་སྦྱར་སྐད་ཕལ་ཆེར་རེད་མི་འདུག ཡང་གདུལ་བྱ་ལས་དག་གི་ངོས་ལ་གནས་བྱ་རྒོད་ཕུང་རི་ལ་སོགས་པ་ལ་ལེགས་སྦྱར་སྐད་ཀྱི་ཐོག་ནས་གསུངས་བཞག་པ་ཞིག་དང༌། ལེགས་སྦྱར་གྱི་ཆོས་བརྒྱུད་དེ་དག་ཡོངས་གྲགས་དགྲ་བཅོམ་པ་གསུམ་གྱིས་བཀའ་བསྡུ་གནང་བའི་ནང་ལ་ཕལ་ཆེར་མེད་པ་རེད། དཔེར་ན། རྟོག་གེ་འབར་བའི་ནང་དུ་ཐེག་པ་ཆེན་པོའི་མདོ་སྡེའི་བཀའ་བསྡུ་མཛད་མཁན་དེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང༌། རྗེ་བཙུན་འཇམ་པའི་དབྱངས་དང༌། གསང་བདག་ཕྱག་ན་རྡོ་རྗེ་དེ་ཚོས་བཀའ་བསྡུ་མཛད་པ་རེད་ཅེས་གསུངས་འདུག
དེ་དག་མིའི་རྣམ་པ་ཅན་མ་རེད། གདུལ་བྱ་ལས་དག་ཚོའི་ངོས་ལ་གསུངས་བཞག་པ་ཞིག་ཡིན་པ་གསལ་པོ་ཞེ་དྲག་རེད། ཤེར་ཕྱིན་གྱི་གཞུང་དེ་ཚོའི་འགོའི་གླེང་གཞིའི་ནང་དུ་མིའི་རྟེན་ཅན་གྱི་བྱང་ཆུབ་སེམས་དཔའ་དང༌། ལྷའི་རྟེན་ཅན་གྱི་བྱང་ཆུབ་སེམས་དཔའ་མང་པོ་ཞིག ལྷ་དང་མི་དང་ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ་ཞེས་གསུང་གི་འདུག ལས་དག་གི་སེམས་ཅན་སྣ་ཚོགས་ཡོད་ས་རེད་དེ་དག་ལ་གསུངས་བཞག་པ་ཡིན་པ་རེད།
བསྟན་པ་དར་བའི་རིམ་པ་ལྟ་བུ་ཞིག་བཤད་པ་ཡིན་ན་ཕལ་ཆེར་དང་ཐོག་སྟག་ཞི་ལ་ཟེར་བ་དེང་སང་པཱག་ཀི་སི་ཐན་ནང་ཡོད་པ་དེར་ནང་ཆོས་ཞེ་དྲག་དར་བ་རེད། སངས་རྒྱས་པའི་ཆོས་ཀྱི་བཤད་སྒྲུབ་ལྟེ་གནས་གཙོ་བོ་དེ་ཡིན་ས་རེད། དེ་ནས་མར་ཨབ་གྷ་ནི་སི་ཐན། ཁ་སང་ཉེ་ཆར་ཀིར་གྷི་སི་ཐན་ནས་ཡིན་པའི་མཁས་པ་ཁ་ཤས་དང་ཐུག་བྱུང། ཀིར་གྷི་སི་ཐན་དེ་སྔོན་མ་ཨུ་རུ་སུའི་ཁོངས་སུ་རེད། དེ་སང་རང་བཙན་རེད། ཁོ་ཚོས་སྔ་མོ་ལོ་སྟོང་ཕྲག་ཁ་ཤས་གོང་ལ་ཁོ་ཚོའི་ལུང་པའི་ནང་དུ་ནང་ཆོས་ཞེ་དྲག་དར་ཁྱབ་བྱུང་འདུག་ཟེར་གྱི་འདུག དེར་ནང་ཆོས་དར་ནས་བོད་དང་འབྲེལ་བ་ཤུགས་ཆེན་པོ་བྱུང་ཡོད་ས་རེད། ཁོ་ཚོས་ས་འོག་ནས་རྙེད་པའི་གནའ་རྫས་དེ་འདྲ་བསྟན་བྱུང་དེའི་ནང་ཨོྃམཎིཔདྨེཧཱུཾ་ཞེས་དབུ་ཅན་གྱིས་བྲིས་པའི་པར་ཞིག་བསྟན་བྱུང༌། ཁོ་ཚོའི་ལུང་པའི་ས་འོག་ནས་རྙེད་པ་རེད་ཟེར། དེར་བརྟེན་བོད་ཡིག་ཡིན་དུས་བོད་ནས་ཡིན་པ་གསལ་པོ་རེད།
ཨབ་གྷ་ནི་སི་ཐན་དང༌། དེ་ནས་ནུབ་བྱང་མཚམས་ཀྱི་གྷིར་ཀི་སི་ཐན་ནང་དུ་ནང་ཆོས་དར་བསྡད་པ་ཆགས་ཀྱི་འདུག དེ་ནས་ཕལ་ཆེར་ཕྱི་ལོའི་དུས་རབས་འགོ་ཚུགས་པའི་མཚམས་ལོ་ཉིས་སྟོང་གོང་དུ་ནཱ་ལེནྜའི་ཆོས་སྡེ་ཆགས་ནས་མགོན་པོ་ཀླུ་སྒྲུབ་ལ་སོགས་པ་བྱུང་ནས་ནང་ཆོས་དར་རྒྱས་ཤུགས་ཆེན་པོ་བྱུང་བ་རེད། དེ་དག་པཱ་ལིའི་གཞུང་དང་ལེགས་སྦྱར་གྱི་གཞུང་ནང་དུའང་ཡོད་པ་རེད། ལྷག་དོན་དུ་ལེགས་སྦྱར་གྱི་སྐད་དེ་མཁས་པའི་སྐད་ཡིག་ལྟ་བུ་ཆགས་ནས། མཁས་པའི་སྤྱི་ཚོགས་ཀྱི་ནང་དུ་ནང་པའི་ཆོས་དེ་ལེགས་སྦྱར་གྱི་སྐད་ཐོག་ནས་ཁྱབ་སྤེལ་བྱུང་བ་ལྟ་བུ་རེད། ཀླུ་སྒྲུབ་དང་ཆོས་གྲགས་ལ་སོགས་པས་བརྩམས་པའི་ལེགས་སྦྱར་གྱི་རྩོམ་ཡིག་དེ་ཚོ་ཧ་ལས་པའི་སྤུས་དག་པོ་འདུག་ཟེར་གྱི་འདུག མཁས་པའི་རྣམ་དཔྱོད་ཀྱི་དཔལ་ངོམ་པ་ལྟ་བུར་ནང་ཆོས་ཀྱི་གཞུང་མང་པོ་ལེགས་སྦྱར་གྱི་སྐད་ནང་དུ་བརྩམས་པ་དེ་འདྲ་བྱུང་བ་རེད།
གང་ལྟར་སངས་རྒྱས་པའི་ཆོས་དེ་པཱ་ལིའི་ཆོས་བརྒྱུད་གཅིག་དང༌། ལེགས་སྦྱར་གྱི་ཆོས་བརྒྱུད་གཅིག་བཅས་ཁག་གཉིས་འདུག པཱ་ལིའི་ཆོས་བརྒྱུད་དེ་ཆོས་རྒྱལ་མྱ་ངན་མེད་དེ་ཚོའི་སྐབས་ནས་ཤྲི་ལངྐ་དང༌། འབར་མ། ཐེ་ལན་ཌི། ཁམ་བྷོ་ཌི་ཡ། ལའོ་སི་དེ་ཚོའི་ནང་དུ་པཱ་ལིའི་ཆོས་བརྒྱུད་དེ་གཙོ་བོ་རེད་འདུག ཁ་སང་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་མེལ་སྦོམ་དུ་འབར་མའི་དགེ་སློང་གཉིས་དང་མཇལ་བྱུང༌། རྒྱལ་སྤྱིའི་ཆོས་ཚོགས་ཀྱི་གྲོས་ཚོགས་ཟེར་བ་ཞིག་ཡོད་རེད། དེའི་སྐབས་སུ་འབར་མའི་དགེ་སློང་གཉིས་ཕེབས་འདུག ཁོང་གཉིས་ཀྱིས་གསུངས་པར། མངོན་པ་སྡེ་བདུན་དེ་འབར་མའི་དགེ་འདུན་པ་ཚོས་སངས་རྒྱས་ཀྱི་བཀའ་མ་རེད། དགྲ་བཅོམ་པས་བསྡུས་པ་རེད་ཅེས་ཟེར་སྲོལ་ཡོད་རེད། ཤྲི་ལངྐའི་དགེ་འདུན་པས་སངས་རྒྱས་ཀྱི་བཀའ་རེད་གསུང་གི་ཡོད་རེད་ཅེས་གསུང་གི་འདུག གང་ལྟར་དེ་ཚོ་པཱ་ལིའི་ཆོས་བརྒྱུད་གཙོ་བོ་ཆགས་བསྡད་ཡོད་པ་རེད། རྒྱ་ནག་ལ་ནང་ཆོས་དར་བའི་དུས་ཚོད་དེ། བོད་ལ་མ་དར་སྔོན་གྱི་ཕལ་ཆེར་ལོ་སུམ་བརྒྱའི་སྔོན་དུ་ནང་ཆོས་དར་བ་རེད། དེ་ཐེག་ཆེན་པའི་ཆོས་བརྒྱུད་རེད། རྒྱ་ནག་ལ་དར་བའི་རྗེས་སུ་ཝེ་ནམ་དང༌། ཀོ་རི་ཡ། ཉི་ཧོང་ལ་སོགས་པར་རྒྱ་ནག་ནས་ཐེག་ཆེན་པའི་མདོ་སྡེའི་གཞུང་དེ་དག་དར་བ་རེད། རིགས་ཁ་ཤས་ལ་གསང་སྔགས་ཀྱང་དར་ཡོད་པ་རེད། དེ་རིང་ཁ་སང་ཆ་བཞག་ན་གསང་སྔགས་ནང་ནས་སྤྱོད་རྒྱུད་དང༌། རྣལ་འབྱོར་རྒྱུད་གཙོ་བོ་རེད་འདུག ངས་ཤེས་པ་དེ་དག་རེད། ངས་མ་ཤེས་པ་ཡོད་ཀྱི་རེད། དེ་ནས་དུས་རབས་བདུན་པ་ནས་བོད་ལ་དར་བ་རེད། བོད་ནས་ཕར་སོག་ཡུལ་ལ་དར་བ་རེད། སོག་ཡུལ་ལ་ཨབ་གྷ་ནི་སི་ཐན་དང་གྷིར་ཀི་སི་ཐན་དེ་དག་བརྒྱུད་ནས་དེ་ལ་བསྟན་པ་སྔ་དར་དང༌། བསྟན་པ་བར་དར་ཟེར་བ་དེ་འགྲོ་མགོན་ཆོས་རྒྱལ་འཕགས་པ་དེ་དག་གི་སྐབས་སུ་ཡིན་གྱི་རེད། ཕྱི་དར་དེ་རྒྱལ་མཆོག་བསོད་ནམས་རྒྱ་མཚོའི་སྐབས་ནས་རེད། དེ་ཡང་གཙོ་བོ་དགེ་ལུགས་རང་ཡིན་པ་རེད། གང་ལྟར་བསྟན་པ་བར་དར་དང་ཕྱི་དར་དེ་བོད་ནས་མར་དར་བ་ཞིག་རེད།
དེར་བརྟེན་སོག་པོ་ཚོས་ནང་ཆོས་སློབ་སྦྱོང་བྱེད་པ་དེ་ཡང་བོད་སྐད་ཐོག་དང༌། འདོན་པ་འདོན་རྒྱུ་དེ་ཚོའང་བོད་སྐད་ཐོག་ནས་བྱེད་ཀྱི་འདུག སྔ་མོ་བདུན་ཅུ་དོན་དགུའི་ལོར་ང་སོག་པོ་ལ་ཕྱིན་པ་ཡིན། དེའི་སྐབས་སུ་སོག་པོའི་གྲྭ་པ་དེ་ཚོས་བོད་སྐད་ཤེས་ཀྱི་མེད་ཀྱང༌། འདོན་པ་བོད་ཡིག་གི་ཐོག་ནས་འདོན་གྱི་འདུག གངས་རི་ར་བས་བསྐོར་བའི་ཞིང་ཁམས་ཞེས་པ་དེའང་འདོན་གྱི་འདུག འདོན་པ་བོད་སྐད་ནང་བཏོན་ན་བྱིན་རླབས་ཆེ་བ་ཡོད་རེད་ཟེར་གྱི་འདུག ང་ཚོས་ལེགས་སྦྱར་སྐད་ནང་བྱིན་རླབས་ཆེ་བ་དང་སྐད་ལ་བག་ཆགས་འཇོག་པ་རེད་ཅེས་བརྗོད་པ་གཉིས་འདྲ་པོ་རེད་འདུག
སོག་པོའི་གྲྭ་རྒན་དེ་ཚོས་བོད་སྐད་ཤེས་ཀྱི་མི་འདུག་སྟེ། ལོ་ཙཱ་བ་མེད་པའི་སྐབས་སུ་ཤོག་བུའི་ཐོག་ཏུ་དབུ་ཅན་བྲིས་ཏེ་སྤྲད་ན་གོ་བརྡ་འཕྲོད་ཀྱི་འདུག གང་ལྟར་སོག་པོ་དང་བོད་གཉིས་སྔ་མོ་ནས་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་ཞིག་རེད། དེ་རིང་ཁ་སང་འཛམ་བུ་གླིང་འདིའི་སྒང་ལ་ཐེག་ཆེན་པའི་ཆོས་བརྒྱུད་ཁུངས་གཏུགས་ས་གཙོ་བོ་དེ་རྒྱ་ཡིག་དང་བོད་ཡིག་གཉིས་རེད། བོད་ཡིག་དེ་རྒྱ་ཡིག་ལས་གོ་བདེ་བ་དང་འགྱུར་ཡག་པ་འདུག་ཅེས་ཟེར་གྱི་འདུག སྤྱིར་བཏང་ནས་མཁན་ཆེན་ཞི་བ་འཚོ་ཁོ་རང་ནཱ་ལེནྜའི་མཁས་པ་ཆགས་བསྡད་ཡོད་རེད། ནཱ་ལེནྜའི་མཁས་པ་དགུང་ལོ་བདུན་ཅུ་དོན་གྲངས་ལ་ཕེབས་པ་ཞིག་ཡིན་པ་རེད། རྒྱ་གར་གྱི་ལོ་རྒྱུས་སྨྲ་བ་ཚོས་དགུང་ལོ་བདུན་ཅུ་དོན་གྲངས་སྐབས་སུ་བོད་ལ་ཕེབས་པ་རེད་ཅེས་ཤོད་ཀྱི་འདུག གང་ལྟར་ནཱ་ལེནྜའི་མཁས་པ་དགུང་ལོ་བདུན་ཅུ་དོན་གྲངས་ལ་ཕེབས་པ་དང༌། ལྷག་པར་དུ་དབུ་མ་རྒྱན་མཛད་ནས། མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མའི་ལྟ་བ་འཛིན་མཁན་གྱི་ནང་གསེས་ཕྱི་དོན་བཞེད་མཁན་ཞིག་དང་མི་བཞེད་མཁན་གཉིས་ཀྱི་ནང་ནས། ཕྱི་དོན་མི་བཞེད་པའི་དབུ་མའི་ལྟ་བའི་སྲོལ་གཏོད་མཁན་དེ་མཁན་ཆེན་ཞི་བ་འཚོ་རེད། དེར་བརྟེན་མཁས་པ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་རེད་འདུག རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་སྲོལ་གཏོད་མཁན་དེ་མཁན་ཆེན་ཞི་བ་འཚོ་རེད། སློབ་དཔོན་སེང་གེ་བཟང་པོ་ལ་སོགས་པ་ཁོང་གི་རྗེས་འབྲངས་པ་མང་པོ་བྱུང་བ་རེད། ལས་སླ་པོ་ཞིག་རེད་མི་འདུག དངོས་གནས་དྲང་གནས་ཀྱི་མཁས་པའི་གཙུག་རྒྱན་རེད། དེའི་སྒང་ལ་ད་དུང་ཚད་མ་ལ་མཁས་པ་རེད། ཁོང་གིས་མཛད་པའི་ཚད་མའི་དེ་ཁོ་ཉིད་བསྡུས་པ་ཟེར་བ་དེ་མཁྲེགས་པོ་ཞེ་དྲག་འདུག་ལ་ཧ་ལས་པའི་ཡག་པོ་རེད།
ཁོང་གི་རྗེས་འབྲངས་སམ་དགེ་ཕྲུག་ཀརྨ་ལ་ཤི་ལ་ཡང་བོད་ལ་ཕེབས་པ་རེད། དཔལ་ནཱ་ལེནྜའི་མཁས་པའི་གཙུག་རྒྱན་དངོས་སུ་བོད་ལ་ཕེབས་ནས་སངས་རྒྱས་པའི་བསྟན་པ་བོད་ལ་དར་རྒྱས་མཛད་པ་རེད། ང་ཚོ་བོད་གངས་ཅན་པའི་སངས་རྒྱས་པའི་ཆོས་བརྒྱུད་དེ་དཔལ་ནཱ་ལེནྜའི་ཆོས་བརྒྱུད་དྲི་མ་མེད་པ་ཡིན་ཞེས་ངས་ནམ་རྒྱུན་སྐད་གསང་མཐོན་པོ་བྱས་ནས་བཤད་ཀྱི་ཡོད། དེ་ང་ཚོས་སྤོབས་པ་བྱེད་དགོས་པ་ཞིག་རེད་འདུག མཁན་ཆེན་ཞི་བ་འཚོ་ཁོ་རང་དབུ་མའི་ལྟ་བ་ལ་མཁས་པ་དང༌། དེ་བཞིན་ཚད་མའི་གཞུང་ལ་མཁས་པ་ཡིན་པས་མཁན་ཆེན་ཞི་བ་འཚོའི་ཕྱག་སྲོལ་ནས་མར་ཡོང་བ་ཡིན་ན། དབུ་ཚད་སེངྒེ་མཇིང་བསྣོལ་ཟེར་བ་དེ་བྱུང་བ་རེད། ཧ་ཅང་ཡག་པོ་འདུག དེ་འདྲ་ཡིན་དུས་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་སངས་རྒྱས་པའི་བསྟན་པ་དེ་དཔལ་ནཱ་ལེནྜ་ནས་བརྒྱུད་བསྡད་པ་ཞིག་ཡིན་པ་གསལ་པོ་ཞེ་དྲག་རེད་འདུག
དེ་ཡང་དྲི་མ་མེད་པ་ཞིག་རེད། གང་ཡིན་ཟེར་ན། ནཱ་ལེནྜའི་མཁས་པའི་གཙུག་རྒྱན་ཁོ་རང་དངོས་སུ་བོད་ལ་ཕེབས་ནས་བཙུགས་པ་ཞིག་རེད། ཡང་ཏོག་ཙམ་དབུ་ཚད་སེངྒེ་མཇིང་བསྣོལ་གྱི་བསྟན་པ་ཉམ་ཆག་ཡོང་བའི་སྐབས་སུ་སློབ་དཔོན་ཀརྨ་ལ་ཤཱ་ལས་དཔེར་ན། རྒྱའི་མཁན་པོ་ཞིག་གིས་བསམ་གཏན་རང་སྒོམ་པ་ལས་སློབ་གཉེར་གལ་ཆེན་པོ་མིན་ཚུལ་བརྗོད་པ་དེར་ལན་གསལ་པོ་སྤྲད་པའི་ལོ་རྒྱུས་ཡོད་རེད། དེ་འདྲ་ཡིན་དུས་བོད་ལ་བསྟན་པ་བཤད་སྒྲུབ་ཟུང་འབྲེལ་གྱིས་སྐྱོང་བ་དང༌། ད་ལྟ་དུས་རབས་ཉེར་གཅིག་པའི་ནང་དུའང་སངས་རྒྱས་པའི་ཆོས་ལ་གཏིང་ཕྱིན་པའི་གོ་བ་ཞིག་ལེན་དགོས་བྱུང་ན། བོད་ཀྱི་སངས་རྒྱས་པའི་ཆོས་དེ་ཡག་ཤོས་རེད་འདུག དེ་ངས་ཡང་སྦོ་ཤོབ་བཤད་པ་མ་རེད། སྐྱག་རྫུན་ག་ནས་ཡིན། སྣང་བ་དག་ནས་བཤད་པ་ཡང་མིན། ཉི་ཧོང་གི་མཁས་པ་དང༌། རྒྱ་ནག་གི་མཁས་པ་སོགས་མི་མང་པོ་ཐུག་ནས་སྐད་ཆ་བཤད། བགྲོ་གླེང་བྱས། དེ་འདྲ་བྱས་པའི་སྐབས་སུ་ཁོ་རང་ཚོས་གསལ་པོ་གསུང་གི་འདུག བོད་ཀྱི་ཤེས་ཚད་ནང་བཞིན་སྤུས་དག་པོ་དང་གཏིང་རིང་པོ་ཡོད་མ་རེད་ཟེར་གྱི་འདུག
ཐེ་ཝན་ནང་དུ་ཁོ་རང་ཚོས་ཚོགས་པ་བཙུགས་ནས་བསྟན་བཅོས་བསྒྱུར་བའི་འགོ་འཛུགས་ཀྱི་ཡིན་ཟེར་གྱི་འདུག སྔོན་ལ་གལ་ཆེ་བ་དབུ་མའི་ནང་ལ་ཆ་བཞག་ན་དབུ་མ་ཚིག་གསལ་མི་འདུག དབུ་མ་འཇུག་པ་འདུག རྩ་བ་ཤེས་རབ་འདུག དབུ་མ་ཚིག་གསལ་ཡིན་གཅིག་མིན་གཅིག་བསྒྱུར་དགོས་རེད་ཅེས་ལབ་པ་ཡིན། ཚིག་གསལ་བསྒྱུར་བ་ཡིན་ན་དབུ་མ་ཐལ་རང་གི་ཁྱད་པར་དེ་དག་དེའི་ནང་དུ་གསལ་པོ་ཞེ་དྲག་ཐོན་ཡོང་གི་རེད་ཅེས་བཤད་པ་ཡིན། གཞན་མ་གཏོགས་མང་པོ་ཞིག་གིས་ཤེས་ཀྱི་མི་འདུག
ཉི་ཧོང་གི་སྐད་ནང་བསྒྱུར་དགོས་ཀྱི་འདུག་ཅེས་ལས་གཞི་ཞིག་འགོ་བཙུགས་ནས་བཞག་ཡོད། དེ་ལྟར་བསམ་བློ་བཏང་ཡོང་དུས་ང་ཚོ་བོད་པའི་གཞུང་དེ་དག་ཆ་ཚང་པོ་ཞེ་དྲག་ཡོད་བསྡད་པ་ཞིག་རེད་འདུག ཡང་བོད་ཡིག་ནང་ལ་མེད་པ་དང་རྒྱ་ཡིག་ནང་དུ་ཡོད་པ་དེ་འདྲ་ཡང་ཁ་ཤས་འདུག དེ་ཚོའི་གྲས་དེ་རྒྱ་ཡིག་ནས་ཚུར་བོད་ཡིག་ནང་ལ་བསྒྱུར་དགོས་པ་གལ་ཆེན་པོ་རེད་འདུག གཞུང་གནད་ཆེ་བ་འགའ་ཤས་རྒྱ་ཡིག་ནང་ལ་མེད་པ་དང༌། བོད་ཡིག་ནང་དུ་ཡོད་པ་དེ་འདྲ་ཡོད་རེད།
རྗེ་རིན་པོ་ཆེས་གསུངས་པ་ནང་བཞིན། ཁྱེད་ཀྱིས་སྦྱངས་པའི་གཞུང་ལས་གདམས་པའི་དོན།། ལོགས་སུ་མེད་པར་ཤེས་ནས་ཐུབ་དབང་གིས།། ཞེས་གསུངས་པ་ནང་བཞིན་ང་ཚོས་བོད་ལ་བཀའ་འགྱུར་བསྟན་འགྱུར་ཡོད་པ་དེ་དག་ལ་ལོ་མང་པོའི་རིང་སློབ་གཉེར་བྱས་ནས་བསྡད་པ་དེ་གཅེས་ནོར་རེད་འདུག སུ་གཅིག་ལ་མེད་པ་ཞིག་རེད་འདུག དེ་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁྱེད་རང་ཚོ་དེ་རིང་འདིར་བཤད་གྲྭ་ཁག་ནས་ཕེབས་པའི་དགེ་འདུན་པ་མང་པོ་ཞིག་ཡོད་རེད། ལྷག་པར་དུ་སེར་འབྲས་དགའ་གསུམ་ནས་ཡོང་བ་མང་པོ་ཞིག་ཡོད་རེད། ཁྱེད་རང་ཚོ་དཔལ་ནཱ་ལེནྜའི་ཆོས་བརྒྱུད་དྲི་མ་མེད་པ་དེ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་དེ་རེད།
དེར་བརྟེན་སོ་སོའི་གཅེས་ནོར་དེ་ངོ་ཤེས་པ་བྱས་ནས་དེ་འཛམ་གླིང་གི་གཅེས་ནོར་ལྟ་བུ་ཡིན་བསམ་པ་བྱས་ནས་སློབ་གཉེར་ཧུར་ཐག་དང༌། ཐོས་དོན་སྒྲུབ་ལ་གཞོལ་ནས་དེ་ཡང་རྗེ་རིན་པོ་ཆེས་གསུངས་པ་ནང་བཞིན་རེད། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ༌།། ཞེས་གསུངས་པ་ནང་བཞིན་དེ་འདྲ་ཞིག་ང་ཚོས་བྱེད་དགོས་པ་རེད། སློབ་གཉེར་ཡག་པོ་ཞིག་བྱས་པ་ནང་བཞིན་གཤིས་རྒྱུད་དུལ་བ་ཞིག་དགོས་ཀྱི་རེད། གཤིས་རྒྱུད་མ་དུལ་ན་ལྷ་བདུད་དུ་བབས་པ་ནང་བཞིན་ཆགས་པ་རེད། སྨན་དུག་ཏུ་སོང་བ་ནང་བཞིན་རེད། ཕན་ཐོགས་ཡོད་མ་རེད། དེར་བརྟེན་ཐོས་དོན་སྒྲུབ་ལ་གཞོལ་ནས་ཉམས་ལེན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
དགྲ་བཅོམ་པ་ཞིག་གིས་འདུལ་བའི་གཞུང་ཞིག་ཏུ་གསུངས་པ་བཞིན་རེད། བསམ་གཏན་ཀློག་པའི་ལས་དག་གིས།། ལུས་ལ་སྙིང་པོ་བླང་བར་བྱ།། ངུར་སྨིག་དོན་ཙམ་བསྐྱེད་ཆོག་པའི།། བསམ་པ་ནམ་ཡང་མི་བྱའོ།། ཞེས་གསུངས་པ་དེ་ཧ་ཅང་ཡག་པོ་འདུག ང་ཚོ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་གྲྭ་ཆས་ཤིག་གོན་པའི་རྗེས་སུ་ཕྱིའི་རྟགས་ཆ་ལུགས་དེ་དང་མིང་དོན་མཚུངས་པའི་བསམ་གཏན་སྒོམ་པ་དང་དཔེ་ཆ་ལ་བལྟས་ནས། ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱི་སྒོ་ནས་དུས་འདའ་བར་བྱེད་དགོས་པ་རེད། ཀློག་པ་ཐོས་བསམ་ལ་ཡང་བལྟ་ས་མེད་པ། སྤོང་བ་བསམ་གཏན་གྱི་ཉམས་ལེན་ལ་ཡང་བལྟ་ས་མེད་པ། ངུར་སྨིག་གི་དོན་ཙམ་བསྐྱེད་ཆོག་པ་ཞེས་ངུར་སྨིག་གི་དོན་ཡོད་པ་ཙམ་གྱིས་ཆོག་ཤེས་བྱས་ནས་བསྡད་ན་མ་འགྲིག་པ་རེད། དེར་བརྟེན་དེ་བསླབ་བྱ་ཆེན་པོ་ཞིག་རེད། གཞན་སྐྱབས་རྗེ་ཕ་བོང་ཁས་གསུངས་པ་བཞིན་རྟོག་གེ་མགོ་མཁྲེགས་སུ་སྐྱེས་ན་སངས་རྒྱས་དངོས་བྱོན་ཡང་འདུལ་ཐབས་དཀའ་ཞེས་པ་བཞིན་ཆགས་ན་ཡག་པོ་གང་ཡང་མི་འདུག ཁ་བདེ་པོ་ཞེ་དྲག་ཡོད་པ་ཞིག་ལ་སེམས་རྒྱུད་མ་དུལ་བ་ཡིན་ན་ཕན་ཐོགས་ཡོད་མ་རེད།
ད་ཡང་རྙོག་གྲའི་ཆ་ནས་གཅིག་བཤད་སྙིང་འདོད་བྱུང༌། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མ་རེད་ཅེས་ཀླུ་སྒྲུབ་མ་བྱུང་གོང་ནས་རྒྱ་གར་ལ་དེ་འདྲ་གསུངས་མཁན་བྱུང་ཡོད་རེད། དེར་བརྟེན་ཀླུ་སྒྲུབ་ཀྱི་རིན་ཆེན་ཕྲེང་བའི་ནང་ནས་ཐེག་ཆེན་གྱི་བཀའ་སྒྲུབ་ཚུལ་གསུང་གི་འདུག ལྷག་པར་སློབ་དཔོན་ལེགས་ལྡན་གྱི་གཞུང་གི་ནང་དུ་ཐེག་ཆེན་བཀའ་སྒྲུབ་ཚུལ་གསུངས་ཡོད་པ་རེད། བྱམས་པ་མགོན་པོའི་མདོ་སྡེ་རྒྱན་གྱི་ལེའུ་དང་པོ་རང་ནས་ཐེག་ཆེན་བཀའ་སྒྲུབ་གསུངས་ཡོད་རེད། དེ་ནས་སྤྱོད་འཇུག་ནང་དུའང་ཐེག་ཆེན་བཀའ་སྒྲུབ་ཚུལ་གསུང་གི་འདུག དེ་དག་གི་སྐབས་ནས་ཐེག་ཆེན་སངས་རྒྱས་ཀྱི་བཀའ་མ་རེད་གསུང་མཁན་ཞིག་ཡོང་གི་ཡོད་རེད། དུས་དེང་སང་ཡིན་ན་ཡང་ཐེག་ཆེན་སངས་རྒྱས་ཀྱི་བཀའ་མ་རེད་ཅེས་ཟེར་མཁན་ཡོང་གི་འདུག
དཔེར་ན། རྒྱ་ནག་གི་སངས་རྒྱས་པའི་ཆོས་པའི་ནང་ནས་ཐེག་ཆེན་སངས་རྒྱས་ཀྱི་བཀའ་མ་རེད་ཅེས་ཟེར་མཁན་འགའ་ཤས་ཡོད་ས་རེད། འཕགས་པ་གནས་བརྟན་སྡེ་པའི་ལུགས་ཀྱི་ཡུལ་གྲུ་ཁག་མང་ཆེ་བས་དེ་འདྲ་གསུང་གི་ཡོད་རེད། ད་གིན་ཞུས་པ་བཞིན་ཨོ་སི་ཁྲུ་ལི་ཡར་འབར་མའི་དགེ་སློང་གཉིས་དེ་ཐུག་པའི་སྐབས་སུ་འབར་མའི་སངས་རྒྱས་ཀྱི་ཆོས་ལུགས་ཀྱི་འདུལ་ཁྲིམས་ཧ་ཅང་ཡག་པོ་ཡོད་པའི་སྐད་ཆ་འདུག ལྷག་པར་འདུལ་བའི་ཉམས་ལེན་སྐོར་དང༌། ཞི་གནས་དང་ལྷག་མཐོང༌། ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་དེ་ཚོའི་སྐོར་ཡག་པོ་ཞེ་དྲག་ཡོད་པའི་བཟོ་འདྲ་ཞིག་འདུག སྔོན་མ་ནས་དེ་འདྲ་གོ་མྱོང༌།
ཁ་སང་འབར་མའི་དགེ་སློང་གཉིས་མཇལ་དུས་ང་རང་ཡང་ཆོས་གོས་དེ་ཡར་གོན། གུས་ཞབས་ཆེན་པོ་བྱས་པ་ཡིན། དངོས་གནས་སེམས་ནས་དད་པ་ཆེན་པོ་སྐྱེས་བྱུང༌། ཁོ་རང་གཉིས་ཀྱིས་ཀྱང་དགའ་པོ་ཞེ་དྲག་གནང་གི་འདུག ཁོང་གཉིས་ཀྱིས་གསུངས་པར། ང་ཚོ་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་གཅིག་པ་རེད་དེ། མི་མཐུན་པ་ཆེན་པོ་ཞེ་དྲག་ཡོད་པ་རེད་ཅེས་གསུངས་སོང༌། དེར་ང་ཏོག་ཙམ་ནད་མ་ཐེག་པ་ལྟ་བུ་བྱུང༌། ངས་ཀྱང་མི་མཐུན་པ་ཡོད་པ་རེད། ཡིན་ན་ཡང་རྩ་བ་སངས་རྒྱས་པའི་གཞི་མ་དེ་འདུལ་བ་རེད། གཞི་གསུམ་གྱི་ཆོ་ག་ལབ་དུས་གཙོ་བོ་འདུལ་བའི་ཉམས་ལེན་རེད། ང་ཚོའི་འདུལ་བའི་ཉམས་ལེན་བྱེད་ས་གཙོ་བོ་སོ་སོར་ཐར་པའི་མདོ་དེ་ལེགས་སྦྱར་སྐད་ནང་ལ་ཡོད་པ་བྱས་ནས། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཀྱི་འདུལ་བ་ཆགས་བསྡད་ཡོད་རེད། ཁྱེད་རང་ཚོ་གནས་བརྟན་སྡེ་པའི་ལུགས་ཀྱི་སོ་སོར་ཐར་པའི་མདོ་དེ་པཱ་ལིའི་ནང་ལ་ཡོད་པ་རེད། དེར་བརྟེན་སྔོན་ཆད་སོ་སོར་ཐར་པའི་མདོའི་ནང་ལ་གསུངས་པའི་ལྟུང་བའི་གྲངས་ཀ་དེ་ཁྲིམས་ཉིས་རྒྱ་ལྔ་བཅུ་རྩ་གསུམ་ཡོད་རེད། ཁྱེད་རང་ཚོའི་ཁྲིམས་ཉིས་བརྒྱ་དང་ཉི་ཤུ་རྩ་བདུན་རེད།
ཕམ་པ་བཞི། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། དེ་དག་གཅིག་པ་རེད། འབའ་ཞིག་པ་དེ་ང་ཚོའི་སོ་སོར་ཐར་པའི་མདོ་ནང་འབའ་ཞིག་པ་དགུ་བཅུ་རེད། ཁྱེད་རང་ཚོའི་པཱ་ལིའི་སོ་ཐར་གྱི་མདོའི་ནང་ལ་དགུ་བཅུ་གོ་གཉིས། ང་ཚོའི་ནང་དུ་ཉེས་བྱས་བརྒྱ་དང་བཅུ་གཉིས། པཱ་ལིའི་མདོའི་ནང་དུ་བདུན་ཅུ་དོན་ལྔ་ཡོད་པ་རེད། ཉེས་བྱས་སྐབས་སུ་གྲངས་ཀ་མང་ཉུང་ཁྱད་པར་གང་འཚམས་ཡོད་རེད། དེ་ངས་ཞིབ་འཇུག་བྱས་པ་ཡིན་ལབ་པ་ཡིན། དེ་ནས་ཁོ་རང་གཉིས་ཧ་ཅང་ཡ་མཚན་པོ་བྱས་ནས། ཁྱོད་རང་ཚོ་ལ་འདུལ་བའི་ཉམས་ལེན་པ་འདུག་མདོག་མདོག་ལྟ་བུ་གནང་གི་འདུག དེ་ནས་ང་ཡང་སྐྱིད་པོ་འདྲ་ཞིག་བྱུང༌། ང་ཚོ་སྐྱོ་པོ་རང་མི་འདུག་བསམ་པ་ལྟ་བུ་བྱུང༌། ངས་བོད་པའི་འདུལ་བ་འཛིན་པའི་ཚབ་ལྟ་བུ་བྱས་ནས་ཞབས་འདྲེན་རང་ཞུས་མེད།
རྗེས་ལ་ངས་བསམ་བློ་ཞིག་འཁོར་བྱུང༌། ཁོང་ཚོས་དེ་འདྲ་དགོངས་པར་ཁག་མི་འདུག་བསམ་བྱུང༌། དེ་སྔ་ནུབ་ཕྱོགས་རྒྱལ་ཁབ་དེ་དག་ནས་ཉམས་ཞིབ་པ་དེ་འདྲ་བོད་ལ་འབྱོར་ནས་ཉམས་ཞིབ་བྱེད་དུས། བོད་ཀྱི་ཆོས་ཟེར་དུས་བླ་མ་རྩ་ཆེན་པོ་ཞེ་དྲག་བརྩི་བསྡད་པ་ཞིག བླ་མ་དེ་ཡང་སྡོམ་གསུམ་གྱི་བསླབ་པ་དང་ལྡན་པ། མཁས་གྲུབ་གཉིས་ལྡན་ཟེར་བའི་སྐད་ཆ་ཡང་མེད་པར་བླ་བྲང་བཟུང་བསྡད་པའི་བླ་མ་དེ་གལ་ཆེན་པོ་འདྲ་ཆགས་ནས་ཡོད་དུས་དེའི་རྐྱེན་གྱིས་ཡིན་ས་རེད། དེ་ནས་བླ་མའི་རིང་ལུགས་ཞེས་པའི་མིང་ཞིག་བཏགས། དེ་ནས་དགོན་པའི་ནང་དུ་ཡོད་པའི་ཆོས་པ་ཚོས་དུང་དང་རྒྱ་གླིང་འདྲ་ཞིག་གཏོང༌། སྦུབ་དང་རྔ་དང་དེ་ཚོའི་གྲས་དེ་གཅིག་བརྡུང༌། སྐབས་རེར་འབག་འདྲ་ཞིག་གོན་ནས་འཆམ་འཁྲབ། དེ་ནས་དགྲ་བགེགས་གཏོར་གྱི་ཡོད་རེད་ཟེར་ནས་གཏོར་མ་འདྲ་ཞིག་འཕེན། དགྲ་བགེགས་གཏོར་ནི་ཐུབ་མ་སོང༌། དགྲ་བགེགས་ཚར་གཅོད་ཀྱི་ཡོད་རེད་ཟེར་ནས་མངོན་སྤྱོད་ཀྱི་ལས་མང་པོ་འདྲ་ཞིག་ཐོན་བསྡད་པ་ཞིག་ཆགས།
གསང་སྔགས་ཀྱི་ལྷག་པའི་ལྷ་མང་པོ་ཞིག་བསྟེན་ནས་ཚེ་ལྷ་ཡིན། ནོར་ལྷ་ཡིན། དབང་སྡུད་ཀྱི་ལྷ་ཡིན་ཞེས་མང་པོ་ཞིག་དེ་འདྲ་བྱེད་སྡོད་ཀྱི་འདུག དེ་དག་བསྟེན་ནས་བསྙེན་སྒྲུབ་བྱས་ཏེ་རྣམ་འཁྱེན་སྒྲུབ་པའི་སྐད་ཆ་ཡོད་མ་རེད།
གསང་སྔགས་ཀྱི་ལྷག་པའི་ལྷ་མང་པོ་ཞིག་བསྟེན་ནས། ཚེ་ལྷ་ཡིན། ནོར་ལྷ་ཡིན། དབང་སྡུད་ཀྱི་ལྷ་ཡིན་ཞེས་པ་མང་པོ་ཞིག་དེ་འདྲ་བྱེད་སྡོད་ཀྱི་འདུག དེ་དག་བསྙེན་སྒྲུབ་བྱས་ཏེ་རྣམ་མཁྱེན་སྒྲུབ་པའི་སྐད་ཆ་ཡོད་མ་རེད། ཚེ་རིང་པོ་ཡོང་བ་དང༌།
ལུས་བདེ་པོ་ཡོང་བ། སྨན་བླ་སྒྲུབ་པ་དང་སྨན་བླའི་གཟུངས་སྔགས་བཏོན་ནས་ན་ཚ་ན་མ་མྱོང་བ་ཕལ་ཆེར་ཨེ་ཡོད། ན་ནིང་སེར་སྨད་ལ་སྨན་བླའི་རྗེས་གནང་བྱེད་དུས་ངས་ལབ་རྒྱུ་བྱུང༌། ད་ཁྱེད་རང་སེར་སྨད་ཀྱི་གྲྭ་པ་ཚོ་ན་ཚ་ཁྱོན་ནས་ཡོང་གི་མ་རེད་ཅེས་རྩེད་མོའི་ཚུལ་དུ་བཤད་པ་ཡིན། སྨན་བླའི་གཟུངས་སྔགས་ང་རང་གིས་བགྲང་གི་ཡོད། འོན་ཀྱང་ང་བཤའ་བཅོས་བྱས་ནས་མཁྲིས་པ་བཏོན་དགོས་ཁེལ་བ་རེད།
གང་ལྟར་ང་ཚོས་ཆོ་ག་ཕྱག་ལེན་ལ་དོ་སྣང་ཞེ་དྲག་བྱེད་པ་ཞིག་འདུག ངོ་ཐོག་ལ་བསྟན་པའི་ཞབས་ནས་འཛིན་མཁན་དེ་འདུལ་བ་འཛིན་པས་འཛིན་དགོས་ཀྱི་ཡོད་རེད། འོན་ཀྱང་དེ་དག་ལྷོད་གཡེང་བཏང༌། དེར་བརྟེན་ཕྱི་ལོག་ནས་བོད་ཀྱི་ནང་ཆོས་ལ་ཧོབ་སྟེ་བལྟས་དུས་སྔགས་པ་དང་འདྲ་མི་འདྲ་ཞེ་དྲག་ཅིག ལུས་ལ་གྲྭ་ཆས་གྱོན་ནས་ཨ་ཅེ་དང་ཕྲུ་གུ་ཡོད་པ་དེ་འདྲ་ཆགས་ཡོང་བ་རེད། དེ་རིང་ཁ་སང་འུ་ཐུག་ཡོང་དུས་གྲྭ་པ་ཨ་ཅེ་ཡོད་མཁན་དེ་རེད་དམ། མེད་མཁན་དེ་རེད་ཅེས་བཤད་དགོས་པ་ཆགས་ཀྱི་འདུག ཞབས་འདྲེན་རེད། སོག་པོ་རྣམས་ཁག་མི་འདུག་བར་སྐབས་ཤིག་ནས་དམར་པོའི་འོག་དཀའ་ངལ་ཞེ་དྲག་འཕྲད་པའི་སྐབས་སུ་སོག་པོའི་གྲྭ་རྒན་རྣམས་ཨ་ཅེ་དང་ཕྲུ་གུ་འཁྲིད་རྒྱུ་ཡོད་རེད་དེ། དཀའ་ངལ་ཆེ་བའི་སྐབས་སུ་དགོན་པ་འཕྲོ་བརླག་མི་འགྲོ་བའི་ཆེད་དུ་སྡུག་རུས་ཞེ་དྲག་བརྒྱབ་འདུག ཡག་པོ་རེད། དེ་དག་དམིགས་བསལ་འདྲ་ཞིག་རེད།
དེ་སྔོན་ཞིག་ལ་སོག་པོ་རུ་ཕྱིན་པའི་སྐབས་སུ་སོག་པོའི་མཁན་པོ་ཞིག་གིས་བུ་མོ་ཞིག་ཁྲིད་ཡོང་ནས་འདི་ངའི་བུ་མོ་ཡིན་ཟེར། ཧོབ་སྟེ་བལྟས་དུས་མི་བདེ་བ་ཞིག་བྱུང༌། མཁན་པོས་ངའི་བུ་མོ་རེད་ལབ་དུས་མ་བདེ་བ་ཞིག་འདུག དེར་བརྟེན་སོག་ཡུལ་ལ་གྲྭ་པ་ཨ་ཅེ་ཡོད་པ་དེ་རེད་མེད་པ་དེ་རེད་ཅེས་ལབ་དགོས་ཀྱི་འདུག དེ་ཞབས་འདྲེན་རེད། ད་ང་ཚོ་བོད་པའི་དཀྱིལ་ལ་གྲྭ་ཆས་གྱོན་སྡོད་མཁན་ཨ་ཅེ་ཡོད་པ་དེ་རེད་མེད་པ་དེ་རེད་ཅེས་ལབ་དགོས་པ་ཆགས་ཀྱི་འདུག ཁྱོན་ནས་ཡག་པོ་མ་རེད། རྩ་བ་ནས་ཡག་པོ་མ་རེད། མཁན་སློབ་ཆོས་གསུམ་གདན་འཛོམས་པའི་སྐབས་ལ་ཚིག་གི་བདག་པོས་ཚིག་སུ་བཅད་ནས། གོས་དཀར་ལྕང་ལོའི་སྡེ་དང༌། རབ་བྱུང་ངུར་སྨིག་གི་སྡེ་ཞེས་སྡེ་གཉིས་བཙུགས་འདུག དེ་འདྲ་བྱས་ན་གཙང་མ་རེད། ཨ་ཅེ་ཡོད་མཁན་ཚོ་གོས་དཀར་ལྕང་ལོའི་སྡེའི་ནང་ལ་ཕྱིན། ཨ་ཅེ་མེད་མཁན་སྡོམ་གཙང་བ་ཡིན་ན་རབ་བྱུང་ངུར་སྨིག་གི་སྡེ་བྱས་ནས་གྲྭ་ཆས་གོན། གཞན་མ་གཏོགས་སྐྱ་མིན་སེར་མིན་དེ་ཡག་པོ་ཁྱོན་ནས་མི་འདུག འབར་མའི་དགེ་སློང་དེས་བོད་ཀྱི་ནང་ཆོས་ལ་ལྟ་སྟངས་དེ་འདྲ་འཛིན་པ་ཁག་མི་འདུག་བསམ་བྱུང༌། བོད་ཀྱི་ནང་ཆོས་ནང་འདུལ་བའི་ཉམས་ལེན་ག་འདྲ་ཞིག་བྱེད་ཀྱི་ཡོད་མེད། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་གྱི་འདུལ་བའི་ཉམས་ལེན་ག་འདྲ་ཞིག་བྱེད་ཀྱི་ཡོད་མེད། གཞི་གསུམ་གྱི་ཆོ་ག་ག་འདྲ་བྱེད་ཀྱི་ཡོད་མེད་མངོན་གསལ་དོད་པོས་ཤེས་པ་གང་ཡང་ཡོད་མ་རེད། ཉམས་ཞིབ་བྱས་ན་མ་གཏོགས་ཤེས་ཁག་པོ་རེད།
ཁ་སང་པོ་ལན་ཌིར་མཐོ་རིམ་སློབ་གཉེར་ཁང་ཞིག་ཏུ་སོག་པོའི་སྐོར་ལ་ཉམས་ཞིབ་བྱེད་མཁན་ཞིག་ཡིན་ཟེར་མཁན་སྐྱེ་དམན་ཞིག་ཐུག་བྱུང༌། མཁས་པ་ཞིག་རེད་འདུག སོག་ཡུལ་ལ་ཕྱིན་པ་ཡིན་ཉམས་ཞིབ་བྱེད་ཀྱི་ཡོད་ཟེར། སོག་པོའི་གྲྭ་པ་ཁ་ཤས་ཀྱིས་ང་ཚོ་དེང་རབས་དང་མཐུན་པའི་གྲྭ་པ་ཨ་ཅེ་ཡོད་པ་ཞིག་བྱེད་དགོས་རེད་ཟེར་གྱི་འདུག་ཟེར། དེ་འདྲ་ཡོང་གི་རེད་དམ་ཞེས་ང་ལ་དྲིས་བྱུང༌། སོ་སོ་ཆོས་མགོ་མ་ཐོན་པ་དེ་ངན་བྱས་ངོ་ལ་ཁྱེར་ནས་ད་དུང་དེང་རབས་དང་མཐུན་པའི་སངས་རྒྱས་ཀྱི་ཆོས་ཉམས་ལེན་བྱེད་སྟངས་རེད་མདོག་མདོག་དེ་འདྲ་བཤད་འདུག ཡོང་གི་མ་རེད་ཅེས་ལབ་པ་ཡིན། བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་སུ་འདུལ་བའི་བཅད་རྒྱ་ཟེར་བ་གླེང་གཞི་རེ་རེ་བྱུང་ནས་ཁོ་རང་གིས་བཅས་པ་གནང་བཞག་པ་དེ་ཇི་སྲིད་བར་དུ་དེ་ག་རང་སྒང་ལ་འགྲོ་རྒྱུ་རེད་མ་གཏོགས། དེ་གནས་དུས་གསར་པ་རེ་ལ་འདུལ་བ་ཡུལ་དུས་ཞེས་ལབ་རྒྱུ་དེ་འདྲ་ཡོད་མ་རེད། དེ་རང་དམིགས་བསལ་འགྲོ་སྟངས་ཤིག་རེད།
དེ་ལ་དག་སྣང་བྱུང༌། ལྷས་ཞལ་གཟིགས་བྱུང༌། འདུལ་བ་གསར་པ་གནང་བྱུང་ཞེས་རྩ་བ་ཉིད་ནས་བཤད་རྒྱུ་གང་ཡང་ཡོད་མ་རེད། རྒྱུད་སྡེའི་ཉམས་ལེན་དེ་འདྲ་ཡིན་ན་དག་སྣང་གི་སྒོ་ནས་ཡོང་བསྡད་པ་དེ་འདྲ་ཡོད་རེད། དེ་ཡང་གནས་ཚུལ་ཁ་ཁར་དབྱེ་དགོས་རེད། འདུལ་བའི་ཉམས་ལེན་བཤད་ཡོང་དུས་ལོ་ཉིས་སྟོང་དྲུག་བརྒྱའི་གོང་ལ་བཅོམ་ལྡན་འདས་རང་ཉིད་ཞལ་བཞུགས་པའི་སྐབས་སུ་འདུལ་བའི་བཅས་ཁྲིམས་གནང་བཞག་པ་དེ་ག་རང་བརྒྱ་ཆ་བརྒྱ་ཐམ་པ་ལག་ལེན་ཆ་ཚང་བཀལ་ནས་འགྲོ་རྒྱུ་རེད་མ་གཏོགས། དེ་དམིགས་བསལ་སྤྲོད་རྒྱུ་ཡོད་མ་རེད་ཅེས་ལབ་པ་ཡིན། དེར་བརྟེན་ང་རང་ཚོས་གཟབ་གཟབ་བྱེད་རྒྱུ་གལ་ཆེན་པོ་རེད། གྲྭ་པ་ཡོང་གི་མི་འདུག་ན་གྲྭ་ཆས་གོན་དགོས་པ་གང་ཡང་ཡོད་མ་རེད། སུས་ཁྲལ་འགེལ་གྱི་འདུག སྔགས་པའི་ཆ་ལུགས་རང་བྱས་བཞག་ན་མི་འགྲིག་པ་མི་འདུག
འབར་མའི་དགེ་སློང་གཉིས་ཀྱིས་དེ་འདྲ་བཤད་ཡོང་དུས་ད་གང་དྲགས་བསམ་པ་འདྲ་པོ་བྱུང༌། བསམ་བློ་ཞིག་བཏང་དུས་ཐུགས་ཁག་མི་འདུག་བསམ་བྱུང༌། ངས་ཁོ་རང་གཉིས་ལ་སྡེ་པ་མི་འདྲ་བའི་ཆ་ནས་བསླབ་པའི་བསླབ་གྲངས་མང་ཉུང་དེ་འདྲ་ཡོད་རེད་མ་གཏོགས། གཅིག་པ་རེད་ཅེས་ལབ་པ་ཡིན། ལོ་འདིའི་ནང་ལ་ཁྱེད་རང་ཚོར་དུས་ཚོད་ཡོད་པ་དང༌། དགོངས་པར་བབས་ན། གནས་བརྟན་སྡེ་པའི་ཡུལ་གྲུ་ཁག་ནས་དགེ་སློང་འདུལ་བ་འཛིན་པ་གདན་འདྲེན་ཞུས་ནས་བོད་པའི་འདུལ་བ་འཛིན་པ་སྟེ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་འདུལ་བ་འཛིན་པ་རྣམས་དང་མཉམ་དུ་གོ་སྡུར་བྱས་ནས། གྲོས་ཆོད་འཇོག་པ་དེ་འདྲ་གང་ཡང་ཡོང་གི་མ་རེད་དེ་གོ་སྡུར་བྱས་ནས། ང་ཚོའི་ངོས་ནས་ཁྱེད་རང་ཚོའི་ལག་ལེན་གྱི་ཐོག་ནས་ཚུར་བསླབ་བྱ་དགོས་པ་དང་ལེགས་ཆ་ལེན་རྒྱུ་ཏན་ཏན་ཡོང་གི་རེད། ཁྱེད་རང་ཚོས་ང་ཚོ་ལ་བསླབ་བྱ་ལེན་རྒྱུ་ཏན་ཏན་ཡོང་མདོག་ཁ་པོ་རེད། གང་ལྟར་གཅིག་གིས་གཅིག་ལ་རྒྱུས་ཡོད་ཆགས་རྒྱུ་དེ་གལ་ཆེན་པོ་རེད་འདུག དེ་འདྲ་བྱས་ན་ཞུས་དུས་འགྲིག་གི་འདུག་ཅེས་མོས་མཐུན་གནང་སོང༌། ཞེ་དྲག་ཡག་པོ་འདུག་གསུངས་བྱུང༌། དུས་ཚོད་རྗེས་མ་གཏན་འཁེལ་གྱི་རེད།
དེ་འདྲའི་གོ་སྐབས་ཤིག་ཤར་སོང་ན་ཁོ་རང་ཚོའི་སྡོམ་རྒྱུན་གྱི་ཐོག་ནས་གལ་ཏེ་དགེ་སློང་མ་བསྒྲུབས་པ་ཡིན་ན། ཕ་རྐྱང་རྐྱང་གི་ཐོག་ནས་སྒྲུབ་ཐུབ་ཀྱི་ཡོད་དང་མེད་ཀྱི་ཐོག་ལ་གོ་སྡུར་བྱེད་རྒྱུ་འདུག ཁོ་རང་ཚོ་འདུལ་བའི་ལག་ལེན་ཡག་པོ་ཞེ་དྲག་ཡོད་རེད། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཀྱི་ཚིག་ཁ་ཤས་ཀྱི་གོ་བ་ལེན་སྟངས་ཐོག་ནས་ཐག་ཆོད་པོ་ཞིག་ཡོང་གི་མི་འདུག གོ་སྡུར་བྱས་ན་ཡག་པོ་མི་ཡོང་ན་བསམ་བྱུང༌། དེ་འདྲ་ཡིན་དུས་ཕྱོགས་གཅིག་ནས་བོད་ཀྱི་ཐེག་ཆེན་གྱི་ཆོས་དེ་སངས་རྒྱས་ཀྱི་བཀའ་མ་རེད་ཅེས་དོགས་པ་དང་རྣམ་རྟོག་གཅིག་ཡོང་གི་ཡོད་རེད། ལྷག་པར་དུ་བོད་ཀྱི་གསང་སྔགས་དེ་སངས་རྒྱས་པའི་གསང་སྔགས་མ་རེད། མུ་སྟེགས་པའི་གསང་སྔགས་རེད། བོད་ཀྱི་གནའ་རབས་ནས་ཡོད་པའི་བོན་གྱི་ཆོས་དང་འདྲེས་པ་རེད་ཟེར་ནས་བཤད་པ་དེ་འདྲ་ཡོང་གི་འདུག ཁ་སང་ང་ཐེ་ཝན་ལ་ཕྱིན་པའི་སྐབས་སུ་ངོ་རྒོལ་བྱེད་མཁན་ཁག་ཅིག་གིས་ང་ཁ་བྲལ་བ་རེད་ཅེས་པའི་ཆབ་སྲིད་ཀྱི་སྐད་ཆ་དེ་རེད། དེ་ལ་གནད་འགག་གང་ཡང་མི་འདུག ཁ་ཤས་ཀྱིས་ྋརྒྱལ་བ་རིན་པོ་ཆེས་ནང་ཆོས་ངོ་མ་བཤད་ཀྱི་ཡོད་མ་རེད་ཅེས་དེ་འདྲའི་ངོ་རྒོལ་བྱེད་མཁན་མི་ཁ་ཤས་ཤིག་འདུག ཁ་ཤས་ཁོང་ཚོའི་སར་ཕར་ཕྱིན་ནས་ནང་ཆོས་ངོ་མ་ག་རེེ་རེད་ཅེས་སྐད་ཆ་དྲིས་པ་རེད་ཟེར། ཁོ་ཚོས་ལན་རྒྱག་རྒྱུ་མེད་པར་བྲོས་འགྲོ་ཡི་འདུག་ཟེར། མཇུག་ཏུ་སྐད་ཆ་བྱུང་སྐབས་ཁོ་ཚོའི་གྲས་དེ་ཕལ་ཆེར་ཐེག་ཆེན་ཁས་མི་ལེན་མཁན་དང༌། ལྷག་པར་གསང་སྔགས་ཁས་མི་ལེན་མཁན་དེ་ཚོའི་གྲས་ཡིན་གྱི་རེད་ཅེས་ཟེར་གྱི་འདུག
དེར་བརྟེན་གསང་སྔགས་ཀྱི་ཆོས་དེ་སངས་རྒྱས་ཀྱི་ཆོས་མ་རེད་ཟེར་མཁན་ཤུགས་ཆེན་པོ་ཡོང་གི་འདུག ངས་ནམ་རྒྱུན་བསམ་བློ་གཏོང་བ་དང་མི་ལ་ཡང་འདི་འདྲ་བཤད་ཀྱི་ཡོད། ལེགས་སྦྱར་གྱི་ཐེག་ཆེན་པའི་ཆོས་བརྒྱུད་ཁས་མ་བླངས་ན་སྐུ་བཞིའི་རྣམ་གཞག་ཡོད་མ་རེད། སྐུ་བཞིའི་རྣམ་གཞག་མེད་ན་ལོ་ཉིས་སྟོང་དྲུག་བརྒྱའི་གོང་ལ་བྱུང་བའི་སྟོན་པ་བཅོམ་ལྡན་འདས་དེ་ཞེ་ས་མ་ཞུས་ན་མི་ཕལ་པ་ཞིག་ཏུ་ངོས་འཛིན་བྱེད་རྒྱུ་ཁེལ་གྱི་རེད་ཅེས་བཤད་ཀྱི་ཡོད། དེ་ང་ལ་རྒྱུ་མཚན་བཤད་རྒྱུ་ཡོད།
ན་ནིང་ཀོ་རི་ཡའི་གཙུག་ལག་སློབ་གྲྭ་ཞིག་གི་དགེ་རྒན་ཡིན་ཟེར་མཁན་ཞིག་དང་ཐུག་བྱུང༌། ཁོ་རང་གིས་བཅོམ་ལྡན་འདས་ཀྱི་ལོ་རྒྱུས་འབྲི་ཡི་ཡོད་ཟེར། བཅོམ་ལྡན་འདས་ཀྱི་ལོ་རྒྱུས་འབྲི་དུས་དཔེ་ལྟ་ས་དེ་རྒྱལ་བ་རིན་པོ་ཆེ་ལ་བལྟ་ཡི་ཡིན་ཟེར། ང་ཧོན་འཐོར་སོང༌། གྲངས་མེད་གསུམ་གྱི་ཚོགས་བསགས་ནས་ཐུན་མོང་གི་སྣང་ངོ་ལ་སྐུ་ཚེ་འདིར་གསར་དུ་སངས་རྒྱས་མཁན་གྱི་དེ་འདྲའི་སྐྱེས་བུ་དམ་པ་དེའི་རྣམ་ཐར་དེ་ང་མི་ཕལ་པ་ཕལ་རྐྱང་ཞིག་ལ་དཔེ་ག་འདྲ་བལྟ་དགོས་རེད། རྩ་བ་ཉིད་ནས་ཡོང་གི་ཡོད་མ་རེད་ཅེས་ལབ་པ་ཡིན། དེ་ག་རེའི་ལན་པ་རེད་ཟེར་ན། ཐེག་པ་ཆེན་པོའི་གཞུང་ནས་གསུངས་པའི་སྐུ་བཞིའི་རྣམ་གཞག་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། སྤྲུལ་སྐུའི་ནང་གི་སྐྱེ་བ་སྤྲུལ་སྐུ་ལ་སོགས་པ་དེ་ཚོའི་རྣམ་གཞག་མི་ཤེས་མཁན་ཞིག་ལ་ཁག་མི་འདུག
གཉིས་ནས་ཚད་མ་རྣམ་འགྲེལ་གྱི་གཞུང་ནས་གསུངས་པ་ནང་བཞིན་བདེན་བཞི་སྒྲུབ་ཡོང་དུས། རིག་པས་སྒྲུབ་ཡོང་གི་འདུག ལྷག་པར་དབུ་ཚད་ཟུང་འབྲེལ་གྱི་ཐོག་ནས་ཐར་པ་བསྒྲུབ་དགོས་པ་ཞེ་དྲག་གལ་ཆེན་པོ་རེད། འགོག་བདེན་གྱི་ཁྱད་ཆོས་བཞི་པོ་དེ་རིག་པས་བསྒྲུབས་ནས་བཤད་ཡོང་གི་ཡོད་རེད། མཐར་གཏུགས་ན་དབུ་མའི་ལྟ་བ་ལ་ཐུག་ཡོང་གི་ཡོད་རེད། དེ་ཡང་རྟེན་འབྱུང་གི་ལྟ་བ་ལ་ཐུག་ཡོང་གི་ཡོད་རེད། དེར་བརྟེན་ཐེག་ཆེན་མེད་ན་བདེན་བཞི་རིག་པས་བསྒྲུབ་རྒྱུ་ཁག་པོ་ཞེ་དྲག་རེད། ཀུན་ནས་ཉོན་མོངས་ཀྱི་བདེན་པ་རྒྱུ་འབྲས་གཉིས་བཤད་ཐུབ་ཀྱི་རེད་དེ། འགོག་བདེན་བཤད་ཐུབ་རྒྱུ་ཞེ་དྲག་ཁག་པོ་རེད། དེར་བརྟེན་ཐེག་པ་ཆེན་པོའི་དབུ་ཚད་ཟུང་འབྲེལ་གྱི་གཞུང་དེ་དག་མེད་ན། སངས་རྒྱས་པའི་ཆོས་ཀྱི་རྩ་བ་བརྟན་པོ་བཟོ་ཐུབ་རྒྱུ་ཞེ་དྲག་ཁག་པོ་རེད། སྐུ་བཞིའི་བདག་ཉིད་ཀྱི་གོ་འཕང་ཟེར་བ་འགྲེལ་བཤད་ཡག་པོ་ཞིག་རྒྱག་པ་དང༌། སེམས་ཀྱི་ནང་ལ་གོ་བ་སླེབས་པའི་འགྲེལ་བཤད་ཡག་པོ་ཞིག་རྒྱག་པ་ལ་སྔགས་བླ་མེད་ཀྱི་སྐབས་ནས་གསུངས་བཞག་པའི་གཉུག་སེམས་ཕྲ་མོའི་རྣམ་གཞག་དེ་དང་འབྲེལ་བའི་རླུང་སེམས་ངོ་བོ་གཅིག་པའི་སྟེང་ནས་འགྲེལ་བཤད་རྒྱག་པའི་བསམ་བློ་ཞིག་མ་བཏང་ན། སྐུ་བཞིའི་བདག་ཉིད་བཤད་ཐུབ་རྒྱུ་ཞེ་དྲག་ཁག་པོ་རེད་འདུག དེར་བརྟེན་ཕྱི་ཉན་ཐོས་དང་ནང་བྱང་སེམས། གསང་བ་གསང་སྔགས་ཞེས་སྟན་ཐོག་གཅིག་པར་དེ་ཐམས་ཅད་འགལ་མེད་དུ་ཉམས་ལེན་བྱེད་པ་ཞེས་གསུང་གི་ཡོད་རེད་ལ། ཡག་པོ་ཞིག་བྱུང་བ་ཡིན་ན་བསྟན་པ་ཡོངས་རྫོགས་ལ་གོ་བ་ཆགས་པ་ཞིག་བྱུང་ན། སངས་རྒྱས་ཀྱི་བསྟན་པའི་རྣམ་གཞག་དེ་རིག་པའི་ལམ་ནས་དཔྱིས་ཕྱིན་པ་ཞིག་རང་ཉིད་ཀྱིས་ཡིན་ཡང་ངེས་པ་རྙེད་ཐུབ་པ་ཞིག་དང༌། གཞན་ལ་ཡིན་ཡང་འགྲེལ་བཤད་རྒྱག་ཐུབ་པ་ཞིག་ཏན་ཏན་ཕན་ཐོགས་ཡོད་པ་ཞིག་རེད་འདུག
ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མ་རེད་ཅེས་ཤུགས་ཆེན་པོ་ཡོད་རེད། དེ་བཞིན་གསང་སྔགས་དེ་སངས་རྒྱས་ཀྱི་ཆོས་མ་རེད་ཅེས་ཟེར་མཁན་ཤུགས་ཆེན་པོ་རེད། སྔར་ནས་ཡོད་རེད་ད་ལྟ་ཡིན་ཡང་ཡོད་རེད། དེ་དག་ང་ཚོས་མཁྱེན་དགོས་པ་ཞིག་རེད་འདུག གཞན་མ་གཏོགས་ང་རང་ཚོ་སྣང་བ་དག་ནས་ཡོད་བསྡད་པ་ཞིག་ལ་ཧོབ་སྟེ་མི་གཅིག་གིས་གཅིག་བཤད་ཡོང་དུས། ཁྱད་མཚར་བསམ་པ་ལྟ་བུ་ཡོང་གི་རེད། དེ་མཁྱེན་དགོས་པ་ཞིག་རེད། དེ་མཁྱེན་པའི་ཐོག་ནས་ང་རང་ཚོར་བསྟན་པ་ཡོངས་སུ་རྫོགས་པ་ཆ་ཚང་བ་ཞིག་ཡོད་བསྡད་པ་དེ་སོ་སོས་སྤུས་དག་པོ་ཤེས་པ་ཞིག་དང༌། མི་ལ་འཆད་ཤེས་པ་བྱེད་རྒྱུ་དེ་ཞེ་དྲག་གལ་ཆེན་པོ་རེད་འདུག
བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ། དེ་འདྲའི་སངས་རྒྱས་ཀྱི་ཆོས་དེ་ངོ་སྤྲོད་ཀྱི་ཚུལ་དུ་ཞུས་པ་ཡིན་ན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཟེར་བ་དེ་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་ལུང་གིས་ཟིན་པ་དང༌། གང་ལྟར་མཁས་པའི་དབང་པོ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པ་ཁོང་གི་གསུང་དང༌། ཞེ་ས་མ་ཞུས་ན་ཁོང་གི་དགེ་ཕྲུག་དེ་ཚོའི་གསུང་གི་ལེགས་བཤད་ལ་བལྟས་ན་ཤེས་ཀྱི་རེད། དགེ་ཕྲུག་མཁས་པ་དེ་འདྲ་ཡོད་དུས་དགེ་རྒན་མཁས་པ་ཞེ་དྲག་ཅིག་ཡོད་པ་སྨྲོས་མ་དགོས་པ་རེད། ཐེག་ཆེན་གྱི་ཆོས་བརྒྱུད་དར་ས་ཚང་མར་ཀླུ་སྒྲུབ་ཀྱི་མཚན་དེ་ཡོངས་སུ་གྲགས་པ་ཞིག་རེད། ཁོང་གི་གསུང་ནང་དུ་དབུ་མ་རིགས་ཚོགས་དྲུག་དེ་ཡོངས་གྲགས་རེད། དེ་བཅོམ་ལྡན་འདས་ཀྱི་ཤེར་ཕྱིན་གྱི་མདོའི་དངོས་དོན་སྟོང་ཉིད་ཀྱི་རིམ་པ་རྩལ་དུ་བཏོན་ནས་ཡོད་བསྡད་པ་དེ་རེད།
མདོར་ན། འཁོར་ལོ་དང་པོའི་ཐེག་པ་ཐུན་མོང་གི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་གཞི་རྩ་ལྟ་བུ་དེ་བདེན་པ་བཞིའི་རྣམ་གཞག་དེ་རེད། འཁོར་ལོ་བར་པ་ཤེར་ཕྱིན་གྱི་ཆོས་འཁོར་དེ་དག་འཁོར་ལོ་དང་པོའི་སྐབས་ལ་གསུངས་བཞག་པའི་འགོག་པའི་བདེན་པ་ཟེར་བའི་ངོ་བོ་མཐར་ཐུག་ག་རེ་ཡིན་པ། དེའི་ཆོས་རྣམས་ཀྱི་ཡིན་ལུགས་གཏན་ལ་འབེབ་པ་འཁོར་ལོ་བར་པས་རྩལ་འདོན་གནང་གི་འདུག དེར་བརྟེན་འཁོར་ལོ་བར་པ་དེ་འཁོར་ལོ་དང་པོའི་འགོག་བདེན་རྩལ་དུ་བཏོན་ནས་གསུངས་པ་ལྟ་བུ། དེ་དང་འབྲེལ་ནས་ལམ་བདེན་གྱི་དམིགས་པ་མཐར་ཐུག་དེ་རྩལ་དུ་བཏོན་ནས་གསུང་གི་ཡོད་རེད། ལྷག་པར་འཁོར་ལོ་མཐའ་མས་ལམ་གྱི་བདེན་པའི་ཡུལ་ཅན་གྱི་འོད་ཟེར་དེ་འཁོར་ལོ་བར་པས་ཡུལ་གྱི་འོད་ཟེར་སྟོང་པ་ཉིད་དེ་གཏན་ལ་ཕབ། འཁོར་ལོ་མཐའ་མས་དེ་འདྲའི་སྟོང་ཉིད་ཡུལ་དུ་བྱེད་མཁན་གྱི་བློ་རང་བཞིན་གྱིས་འོད་གསལ་བ་ཡུལ་ཅན་གྱི་འོད་ཟེར་དེ་གསུངས་ནས། གང་ལྟར་སྔགས་ཀྱི་གཞི་གཏིང་ཡོང་གི་ཡོད་པའི་བཟོ་འདྲ་ཞིག་འདུག གུང་ཐང་རིན་པོ་ཆེས་གསུངས་ཡོད་རེད། འཁོར་ལོ་རིམ་པ་གསུམ་པོ་དེས་རིམ་བཞིན་སྔགས་ཀྱི་རྨང་གཞི་གཏིང་བའི་བཟོ་ལྟ་བུ། ལ་རྩེ་གཅིག་ལ་སླེབས་དགོས་ན་ལ་གཤམ་ནས་རིམ་བཞིན་མཐོ་རུ་ཕྱིན་ནས་ལ་རྩེར་འབྱོར་བའི་དཔེ་དེ་འདྲ་ཞིག་གསུངས་པ་དེ་བདེན་པ་རེད་འདུག
འཁོར་ལོ་དང་པོས་སངས་རྒྱས་ཀྱི་ཆོས་ཀྱི་སྒྲོམ་གཞི་དེ་གསུངས། དེ་ནས་འཁོར་ལོ་བར་པ་དེས་ཡུལ་གྱི་འོད་ཟེར་རྩལ་དུ་བཏོན་ནས་གསུངས། དེ་ནས་ཡུལ་ཅན་གྱི་འོད་ཟེར་དེ་དག་གསུང་ཡོང་དུས་སྔགས་ཀྱི་ཟབ་གསལ་གཉིས་མེད་ཟེར་བའི་སྒང་ལ་སླེབས་བསྡད་ཡོད་རེད། དེ་ནས་ཡར་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་ཟེར་ཞེས་བཤད་པ་དང༌། དེའི་སྟེང་ནས་སྐུ་བཞིའི་སྒྲུབ་སྟངས་དེ་ཚོ་གསུང་གི་འདུག
འཁོར་ལོ་དང་པོ་དེ་སངས་རྒྱས་པའི་ཆོས་ཀྱི་སྒྲོམ་གཞི་ལྟ་བུ་དེ་རེད། དེ་ག་འདྲ་རེད་ཟེར་ལབ་ན། སྡུལ་བསྔལ་བདེན་པ། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་ཞེས་གསུང་སྟངས་ཀྱི་གོ་རིམ་དེ་ཉམས་ལེན་གྱི་རིམ་པ་ལ་སྦྱར་ནས། རྒྱུ་སྔོན་ལ་བྱས་ནས་རྒྱུ་དེ་ལ་བརྟེན་ནས་འབྲས་བུ་ཡོང་བར་བཤད་པ་རེད། རྒྱུ་འབྲས་ཀྱི་ཚན་པ་གཉིས་གསུངས་དགོས་པ་དེ། ཆོས་ཞེས་ལབ་དུས་བདེ་སྐྱིད་ཡོང་བའི་དོན་དུ་ཆོས་ཀྱི་ལམ་ཞིག་བསྟན་པ་རེད་མ་གཏོགས། མི་ལ་རྙོག་གྲ་བཟོ་བའི་དོན་དང༌། རྒྱུགས་སྤྲོད་བྱེད་པའི་དོན་དུ་མ་རེད། དེར་བརྟེན་ང་རང་ཚོ་སེམས་ལྡན་གྱི་གང་ཟག་ཅིག་ཕྱིན་ཆད་ལ་ཚོར་བ་བདེ་སྡུག་ཟེར་བ་རང་བཞིན་གྱི་ཡོང་གི་ཡོད་རེད། ཚོར་བ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་རང་གིས་ངང་གིས་ཡོང་སྡོད་ཀྱི་ཡོད་རེད། དེ་རིག་པས་སྒྲུབ་དགོས་ཀྱི་མི་འདུག དུད་འགྲོ་ཚུན་ཆད་ནས་མྱོང་བས་སླེབས་སྡོད་ཀྱི་འདུག ད་ག་རེ་བྱས་ནས་བྱུང་བ་རེད་ཅེས་ལབ་ན། དེ་ཆོས་ཉིད་ཀྱི་རིག་པ་ཞིག་རེད་མ་གཏོགས་དམིགས་བསལ་གྱི་འགྲེལ་བཤད་རྒྱག་རྒྱུ་ཞིག་ཡོད་མ་རེད།
སྤྱི་གཙོ་བོ་ལྟ་བུ་རྟག་པའི་རྒྱུ་ལས་བྱུང་བ་ཡང་མ་རེད། རྟག་པའི་རྒྱུ་དང་རྒྱུ་མེད་ལས་བྱུང་བ་མ་རེད། གལ་ཏེ་རྒྱུ་མེད་ལས་བྱུང་བ་ཡིན་ན་ང་རང་ཚོའི་མཐོང་ཆོས་ལ་ཡང་གནོད་ཡོང་གི་འདུག རྒྱུ་འབྲས་ཀྱི་འབྲེལ་བ་དེ་དུད་འགྲོ་ཚུན་ཆད་ཀྱིས་ཧ་གོ་ཡི་འདུག དཔེར་ན། བྱ་བྱིའུ་དེ་ཚོས་སོ་སོའི་བྱིའུ་ཕྲུག་མགོ་ཐོན་པའི་ཆེད་དུ་ནམ་དུས་ཤེས་ཀྱི་འདུག འབུ་འབེལ་བའི་སྐབས་སུ་ཁོང་ཚོའི་ཚང་འཆའ་ཡི་འདུག དེ་བཞིན་ཚང་ལ་གནོད་པ་མི་ཡོང་བའི་དོན་དུ། ངས་སྔོན་མ་ནོར་བུ་གླིང་ཁར་དོ་སྣང་བྱས་པ་བཞིན་འང་གུ་གྲས་ལ་ཚང་སྐྱོ་པོ་ཞིག་མ་གཏོགས་ཡོད་མ་རེད། ཤིང་ཙག་ཁ་ཤས་སྟེང་དུ་སྒོ་ང་གཏོང་གི་རེད། གླེན་པ་དེ་འདྲ་ཞིག་གིས་སྲུང་སྐྱོབ་བྱེད་དགོས་པ་ཤེས་ཀྱི་རེད། ཚང་དེ་མངོན་གསལ་དོད་པོ་བྱས་ན་ཉེན་ཁ་ཡོད་པ་དེ་འདྲའི་རྒྱུ་འབྲས་ཏོག་ཙམ་ཤེས་ཀྱི་རེད།
དེར་བརྟེན་དུད་འགྲོ་ཚོས་ཕྲན་བུ་ཤེས་ཀྱི་ཡོད་རེད། ང་ཚོས་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་རེད་ལབ་ན་རྒྱུ་འབྲས་ཀྱི་རྣམ་གཞག་ཡོང་ཤེས་ཀྱི་མ་རེད། རྒྱུ་འབྲས་ཀྱི་རྣམ་གཞག་བསྙོན་དུ་མེད་པ་རེད། རྟག་པའི་རྒྱུ་རེད་ཅེས་ལབ་ན། རྒྱུ་དེ་ལ་འགྱུར་བའི་རང་བཞིན་ཞིག་མེད་ན་འབྲས་བུ་འགྱུར་བའི་རང་བཞིན་ཞིག་ཡོང་ཤེས་ཀྱི་མ་རེད། དེ་ལ་རིག་པས་གནོད་ཡོང་གི་འདུག དེར་བརྟེན་རྒྱུ་མེད་ལས་བྱུང་བ་རེད་ཅེས་ལབ་པས་ཕན་གྱི་མི་འདུག རྟག་པའི་རྒྱུ་ལས་བྱུང་བ་རེད་ཅེས་པས་ཕན་གྱི་མི་འདུག འཇིག་རྟེན་བཀོད་པ་པོས་བཀོད་པ་རེད་ཅེས་ལབ་ཀྱང༌། སྤྱིར་དེ་རིང་ཞོགས་པར་བཤད་པ་བཞིན་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་དེ་ཚོའི་ཁྲོད་རང་སོ་སོ་ལ་ཕན་ཐོགས་ཡོད་པ་རེད། དེ་བསྙོན་དུ་མེད་པ་རེད། ཞེ་དྲག་ཡག་པོ་རེད།
ཡིན་ན་ཡང་ཆོས་གྲགས་ཀྱི་གཞུང་དང་དེ་བཞིན་སྤྱོད་འཇུག་དེ་ཚོའི་ནང་དུ་འཇིག་རྟེན་བཀོད་པ་པོས་བཀོད་པ་རེད་ཟེར་དགོས་བྱུང་ན། འཇིག་རྟེན་བཀོད་པ་པོ་བརྩེ་བའི་བདག་ཉིད། ནུས་པའི་བདག་ཉིད། མཁྱེན་པའི་བདག་ཉིད་དེ་འདྲ་ཞིག་གིས་སྲིད་པ་འཁོར་བ་ཞེས་རྒྱ་ཆེན་པོ་མ་ཤེས་ཀྱང་འཛམ་བུ་གླིང་འདི་གཅིག་པུར་ཆ་བཞག་ན་སྡུག་བསྔལ་གྱི་རུ་འཛིང་བསྡད་པ་འདི་འདྲ་འཇིག་རྟེན་བཀོད་པ་པོས་བཀོད་འདུག ཐུགས་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པ། མཁྱེན་པའི་བདག་ཉིད་དུ་གྱུར་པ། ནུས་པའི་བདག་ཉིད་ཅན་ཞིག་གིས་དེ་འདྲ་བཀོད་པ་ཁྱད་མཚར་ཞེ་དྲག་འདུག དེ་ཡང་བདེ་པོ་ཞིག་མི་འདུག
འཇིག་རྟེན་བཀོད་པ་པོས་བཀོད་པ་རེད། སྐྱབས་སུ་མཆི་ཞེས་བཞག་ན་མ་གཏོགས། ཏོག་ཙམ་བསམ་བློ་བཏང་བ་ཡིན་ན་རྙོག་གྲ་ཞེ་དྲག་ཡོད་བསྡད་པ་ཞིག་རེད། གང་ལྟར་སངས་རྒྱས་པས་རྒྱུ་དང་རྐྱེན་ཙམ་ལ་བརྟེན་ནས་བྱུང་བ་རེད་ཅེས་གསུང་གི་ཡོད་རེད། བདེ་སྡུག་དེ་དག་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་རེད། བདེ་སྡུག་ཡོང་བའི་ཕྱིའི་རྐྱེན་དེ་དག་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་རེད། དེར་བརྟེན་ཕྱིའི་རྟེན་འབྲེལ་དང་ནང་གི་རྟེན་འབྲེལ་གཉིས་གསུང་གི་འདུག བདེ་སྡུག་གཉིས་ཀ་རྒྱུ་དང་རྐྱེན་ལ་བརྟེན་ནས་ཡོང་གི་ཡོད་པ་ཡིན་དུས། མི་འདོད་པ་དེ་སྡུག་བསྔལ་རེད། སྡུག་བསྔལ་གྱི་རྒྱུ་བསྡོམས་པའི་སྒོ་ནས་འབྲས་བུ་སྡུག་བསྔལ་ལས་ཐར་བ་བྱེད་རྒྱུ་རེད་མ་གཏོགས། དེ་མིན་ཐབས་ཤེས་ཁྱོན་ནས་ཡོད་མ་རེད། འབྲས་བུ་གཏན་དུ་བདེ་བ་ཡོད་མེད་དེ་བསམ་བློ་ཞེ་དྲག་གཏོང་དགོས་པ་རེད། འགོག་པའི་བདེན་པ་ཞེས་པ་ཞིག་ཤེས་བྱ་ལ་སྲིད་པ་ཡིན་དང་མིན། ང་རང་ཚོའི་རང་རྒྱུད་ལ་འབྱུང་རུང་ཡིན་དང་མིན་བརྩད་གཅོད་ཞེ་དྲག་བྱེད་དགོས་པ་རེད། དེ་ཤེས་པ་ལ་དབུ་མའི་གཞུང་འཁྲིད་རྒྱུ་རེད། དབུ་མའི་གཞུང་དེ་ཟབ་ཤོས་རེད་འདུག
སྤྱིར་ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་རྐྱང་རྐྱང་རེད། ཡིན་ན་ཡང་སྡུག་བསྔལ་ཡོང་གི་ཡོད་རེད། དེ་གང་རེད་ཟེར་ན། མི་ཤེས་པའི་དབང་གིས་ཡིན་པ་གསལ་པོ་ཞེ་དྲག་རེད། སྡུག་བསྔལ་འདོད་ཀྱི་མི་འདུག འོན་ཀྱང་སྡུག་བསྔལ་ཡོང་བའི་བྱ་བ་མང་པོ་ཞིག་ང་ཚོས་སྒྲུབ་ཀྱི་ཡོད་རེད། རྒྱུ་རྐྱེན་མང་པོ་སྒྲུབ་ཀྱི་ཡོད་རེད། དེ་གང་ལ་བརྟེན་ནས་བྱུང་བ་རེད་ཟེར་ན། མིག་རྒྱང་ཐུང་ཐུང་གི་འཕྲལ་སེལ་གྱི་ཆགས་སྡང་ལ་བརྟེན་ནས་བྱུང་བ་རེད། འཕྲལ་སེལ་གྱི་ཆགས་སྡང་དང་དུ་ལེན་པ་དེ་མི་ཤེས་པའི་དབང་གིས་ཡོང་གི་ཡོད་པ་རེད། དེར་བརྟེན་སངས་རྒྱས་ཀྱིས་སྡུག་བསྔལ་གྱི་རྩ་བ་དེ་མི་ཤེས་པ་ལས་བྱུང་བ་རེད་ཅེས་པ་དེ་གནད་འགག་ཆེན་པོ་ཞེ་དྲག་འདུག
རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་དུ་དང་པོ་མ་རིག་པ་ཞེས་གསུངས་པ་རེད། དེ་མི་ཤེས་པའི་དབང་གིས་བྱུང་བ་རེད། དེར་བརྟེན་དེ་འདྲའི་ཐོག་ལ་བསམ་བློ་བཏང་ན་གཞི་ནས་ཀུན་འབྱུང་ལས་ཉོན་གཉིས་ནས་གཙོ་བོ་ཉོན་མོངས། དེའི་རྩ་བ་མི་ཤེས་པའི་དབང་གིས་ཡོང་གི་ཡོད་པ། མི་ཤེས་པ་ལ་ཡང་རྨོངས་ཙམ་དང་ཕྱིན་ཅི་ལོག་ཏུ་རྟོགས་པ་ཞེས་ཞིབ་ཚགས་པོ་ཞེ་དྲག་གསུང་ཡོང་དུས། སེམས་ནང་མི་ཤེས་པ་དང་མ་རིག་པའི་ཆ་དེ་ངོས་ཟིན་པ་ཡིན་ན། མ་རིག་པ་དེ་ངོས་ཟིན་པ་ལ་མ་རིག་པ་ལ་རིམ་པ་མང་པོ་ཡོང་གི་ཡོད་པ་ཡིན་དུས། མི་དགེ་བའི་རྩ་བ་ཐུག་ས་ཆོས་རྣམས་ཀྱི་ཡིན་ལུགས་ལ་རྨོངས་པའམ། ཡིན་ལུགས་ཕྱིན་ཅི་ལོག་ཏུ་རྟོགས་པའི་བློ་ཞིག་ལ་བཤད་ཀྱི་ཡོད་རེད།
དེ་འདྲ་ཤེས་པ་ལ་སྔོན་དུ་ཡིན་ལུགས་ཤེས་དགོས་ཀྱི་རེད། དེར་བརྟེན་དབུ་མའི་གཞུང་ལས་གསུངས་པའི་བདེན་པ་གཉིས་ཕྱེ་ནས་སྣང་ཚུལ་གྱི་རིམ་པའི་ངོ་བོ་ལྟ་བུ་གཅིག ཤེད་ཀྱིས་སྡོད་ལུགས་ཀྱི་གནས་སྟངས་ལྟ་བུ་གཅིག་བཅས་རིམ་པ་གཉིས་སུ་ཕྱེ་ནས་འགྲེལ་བཤད་སླེབས་ཡོང་གི་ཡོད་རེད། དེ་འདྲ་ཡིན་དུས་མ་རིག་པ་ཡག་པོ་ཤེས་པ་ལ་ཆོས་རྣམས་ཀྱི་ཡིན་ལུགས་ཤེས་དགོས་ཀྱི་ཡོད་རེད། ཡིན་ལུགས་ཟེར་བ་དེ་སྣང་ཡང་མི་མཐུན་པ་མང་པོ་ཡོད་པ་ཡིན་དུས། སྣང་ཚུལ་ཙམ་མ་ཡིན་པར་དོན་གྱི་ཡིན་ལུགས་ཀྱི་གནས་ཚུལ་བརྩད་བཅད་ནས་འགྲོ་དགོས་ཀྱི་ཡོད་རེད། དེའི་ཐོག་ནས་ཡིན་ལུགས་དེ་ཤེས། ཡིན་ལུགས་དེ་ཤེས་ཡོང་དུས། ཡིན་ལུགས་དེ་ལྟར་ཡིན་བཞིན་དུ་ང་རང་ཚོ་ལ་སྣང་ཚུལ་ག་འདྲ་ཞིག་ཡོང་གི་འདུག སྣང་བ་ལྟར་དུ་ཞེན་པ་སྐྱེ་ཡོང་སྐབས་འཛིན་པའི་འཛིན་སྟངས་ག་འདྲ་ཞིག་འདུག
དེ་དག་ངོ་འཕྲོད་ཡོང་དུས། དེས་སྡུག་བསྔལ་གྱི་རྒྱུ་བྱེད་ཀྱི་ཡོད་པ། ཡིན་ན་ཡང་བློ་དེ་ལ་འགལ་ཟླ་སྟོབས་ལྡན་ཡོད་པ། དེ་འདྲའི་འཛིན་སྟངས་ཕྱིན་ཅི་ལོག་ཏུ་རྟོགས་བསྡད་པའི་བློ་དེ་སེམས་མངོན་དུ་འགྱུར་བའི་སྐབས་ལ་ཡོང་གི་མེད་པ། དེ་གློ་བུར་བ་ཡིན་པ། སེམས་རང་བཞིན་གྱི་འོད་གསལ་བ་ཡིན་པ། དེ་འདྲའི་བསམ་བློ་མང་པོ་བཏང་བ་ཡིན་ན། གང་འཚམ་ཞིག་ནས་དེ་འདྲའི་ཕྱིན་ཅི་ལོག་གི་བློ་དེ་བསལ་ཐུབ་པ་འདུག་སྙམ་པ་ལྟ་བུ། སེམས་ཀྱི་རང་བཞིན་ལ་ཞུགས་ཡོད་མ་རེད། སེལ་ཐུབ་ཀྱི་རེད་བསམ་པ་ལྟ་བུ་ཞིག་ཡོང་གི་རེད། དེ་ལ་བརྟེན་ནས་འགོག་པའི་བདེན་པ་ཟེར་བ་ཞིག་ཡོད་སྲིད་པ་རེད་སྙམ་པ་བློ་ལ་ཤར་རྒྱུ་ཞིག་ཡོད་པ་རེད།
དེ་འདྲ་ཡིན་དུས་དེ་ལྟ་བུའི་ཕྱིན་ཅི་ལོག་ཏུ་རྟོགས་པའི་བློ་སྤངས་པའི་བྲལ་བའི་ཡོན་ཏན་ལ་བསམ་བློ་གཏོང་ཡོང་དུས། ཕྱིན་ཅི་ལོག་གི་རྟོགས་པ་སྤོང་བ་དེ་ཕྱིན་ཅི་མ་ལོག་པའི་ལྟ་བ་སྐྱེས་པའི་སྒོ་ནས་སྤོང་དགོས་ཀྱི་རེད་མ་གཏོགས་གཞན་ཐབས་ཤེས་མི་འདུག ཕྱིན་ཅི་ལོག་གི་རྟོགས་པ་དེ་སེལ་བ་ལ་ཕྱིན་ཅི་མ་ལོག་པའི་ལྟ་བའམ་རྟོགས་པ་སྐྱེས་པའི་སྒོ་ནས་སེལ་དགོས་པ་མ་གཏོགས་འགྲོ་ས་ཁྱོན་ནས་ཡོད་མ་རེད། སྤྱིར་བཏང་མི་མཐུན་པ་གཉིས་འགལ་ཟླ་ཆགས་ནས་ཡོད་པ། དཔེར་ན། ཚ་གྲང་ལྟ་བུར་ཆ་བཞག་ན་འགལ་ཟླ་ཡོད་པ་ཡིན་དུས་འགལ་ཟླའི་ཆོས་གཅིག་ཡོད་ན། གཞན་དེ་འགུལ་སྐྱོད་འགྲོ་བ་ཆོས་ཉིད་རེད། ནང་ཤེས་པ་ལ་གཟུགས་ཅན་ནང་བཞིན་གྱི་འགལ་ཟླ་བརྩི་རྒྱུ་ཡོད་མ་རེད་དེ། འཛིན་སྟངས་ཀྱི་ཐོག་ནས་འགལ་བ་བརྩི་རྒྱུ་འདུག དཔེར་ན། རྨོངས་ཙམ་གྱི་མི་ཤེས་པ་སེལ་བ་དེ་ལ་མི་ཤེས་པ་མེད་པར་གྱུར་ཅིག་ལབ་ན་ཕན་གྱི་མ་རེད། མི་ཤེས་པ་སེལ་བའི་དོན་དུ་དཀའ་ལས་བརྒྱབ་ཀྱང་ཕན་གྱི་མ་རེད། མི་ཤེས་པ་སེལ་བའི་དོན་དུ་ཤེས་པའི་བློ་ཞིག་སྐྱེ་དགོས་ཀྱི་རེད། ཀ་ཁ་ག་ང་མི་ཤེས་པའི་བློ་དེ་ལ་ཀ་ཁ་བསླབས་ནས་ཤེས་པའི་ཤེས་པ་དེས་ཀ་ཁ་མི་ཤེས་པའི་རྨོངས་པ་དེ་སེལ་རྒྱུ་མ་གཏོགས་ཐབས་གཞན་གང་ཡང་མི་འདུག སྨན་ཟས་ཀྱང་ཕན་གྱི་མ་རེད། ལུས་རྩལ་བརྩེས་ཀྱང་ཕན་གྱི་མ་རེད། དཀའ་ལས་བརྒྱབ་ཀྱང་ཕན་གྱི་མ་རེད། མི་ཤེས་པའི་བློ་ཞིག་ཡིན་ན་དེ་སེལ་བ་ལ་དེའི་འགལ་ཟླར་གྱུར་པའི་ཤེས་པའི་བློ་ཞིག་བཙལ་ནས་སེལ་རྒྱུ་མ་གཏོགས་ཐབས་ཤེས་གང་ཡང་མི་འདུག
དེར་བརྟེན་ཤེས་པའི་ནང་གི་འགལ་ཟླ་འཚོལ་བ་དེ་འཛིན་སྟངས་འགལ་བའི་སྟེང་ནས་འཚོལ་རྒྱུ་ཡིན་པ་རེད། འཛིན་སྟངས་འགལ་བ་གཉིས་བློ་གཅིག་གི་བརྒྱུད་ལ་སྔ་ཕྱི་བྱས་ནས་ཡོང་ཐུབ་པ་དེ་རྩ་བའི་ཤེས་པ་ལ་དེ་གཉིས་ཀ་རང་བཞིན་དུ་ཞུགས་མེད་པ་གསལ་པོ་ཞེ་དྲག་རེད། བློ་གཟུ་བོར་གནས་པ་ཟེར་ན་འདྲ། བློ་ལུང་མ་བསྟན་ལྟ་བུ་ཆགས་འདུག དེ་འདྲའི་སྒོ་ནས་གང་ལྟར་གཞི་ནས་འགོག་བདེན་ཟེར་བ་ཞིག་ཡོང་སྲིད་པ་འདུག་བསམ་པ་བློ་ལ་ཤར་རྒྱུ་ཡོད་པ་ཞིག་རེད། འགལ་ཟླའི་ཆོས་ཕྱིན་ཅི་མ་ལོག་པ་ཤེས་པའི་བློ་གོང་ནས་གོང་དུ་སྤེལ་བ་དེ་འདྲའི་སྒོ་ནས་བདེན་པ་བཞི་ཞེས་པའི་གོ་བ་ཞིག་སླེབས་ཀྱི་རེད། བདེན་པ་གཉིས་པོ་དེ་ཡག་པོ་ཞིག་ཤེས་པ་ལ་དབུ་ཚད་གཞུང་ནས་གསུངས་པའི་རིག་པའི་འགྲོ་སྟངས་ཀྱིས་ཆོས་ཉིད་གཏན་ལ་འབེབས་པ།
བདེན་གཉིས་ཀྱི་རྣམ་གཞག་ཕྱེ་ནས་བདེན་གཉིས་ཀྱི་རྣམ་གཞག་ཙམ་མུ་སྟེགས་པས་བཤད་ཀྱི་ཡོད་རེད། བདེན་གཉིས་ངོ་བོ་གཅིག་ཅེས་བཤད་པ་དེའི་སྒོ་ནས་བདེན་བཞིའི་རྣམ་བཞག་བཤད་དགོས་པ་ཞིག་རེད། བདེན་བཞིའི་རྣམ་གཞག་བཤད་དགོས་པ་དེ་ཡང་རྒྱུ་འབྲས་རྟེན་འབྱུང་གི་ཐོག་ནས་ཡོང་གི་ཡོད་རེད། སངས་རྒྱས་པའི་ཆོས་དེ་ངས་ནམ་རྒྱུན་རྟག་པར་བཤད་བསྡད་པ་བཞིན་རེད། སངས་རྒྱས་པའི་ཆོས་ཟེར་བ་ག་རེ་རེད་ཅེས་འདྲི་ཡི་འདུག་ན། སངས་རྒྱས་པའི་ཆོས་དེ་ལྟ་སྤྱོད་གཉིས་རེད། སྤྱོད་པ་དེ་འཚེ་བ་མེད་དང༌། ལྟ་བ་དེ་རྟེན་འབྱུང་གི་ལྟ་བ་རེད་ཅེས་ལབ་ན་ཡག་པོ་འདུག
སྤྱོད་པ་འཚེ་བ་མེད་པ་ཟེར་བ་དེ་ཞེད་ནས་འཚེ་བ་མི་བྱེད་པ་ཞིག་ཡོང་གི་རེད། འོན་ཀྱང་དེ་མ་རེད། དཔེར་ན། ཁྲིམས་ལ་ཞེད་ནས་འཚེ་བ་མ་བྱས་ན་དེ་འཚེ་བ་མ་བྱས་པ་ཙམ་རེད། དེ་འཚེ་བ་མི་བྱེད་པ་ངོ་མ་དེ་མ་རེད། ངན་འགྲོའི་སྡུག་བསྔལ་ལ་འཇིགས་ནས་གཞན་ལ་གནོད་པ་མི་བྱེད་པ་དེ་ཙམ་ཕལ་ཆེར་མ་རེད། སྐབས་འདིར་དོན་ངོ་མའི་འཚེ་བ་མི་བྱེད་པ་ཟེར་བ་དེ་སྙིང་རྗེ་རྩ་བ་བྱས་ནས། ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཀུན་ལ་ཞེ་ཐག་པ་ནས་བརྩེ་བའི་བློ་ཞིག་སྦྱངས་ནས་བརྩེ་བའི་བློ་ཞིག་སྐྱེས་པ་ཡིན་ན། དེ་ལ་གནོད་པ་བྱེད་འདོད་རྩ་བ་ཉིད་ནས་ཡོང་གི་མ་རེད། འོ་དེ་འཚེ་བ་མི་བྱེད་པའི་རྩ་བ་དེར་ཐུག་ཡོད་རེད།
དེ་འདྲ་ཡིན་དུས་གཞན་ཕན་གྱི་བློ་ཡག་པོ་ཞིག་ཡོད་པ་ཡིན་ན། ངན་འགྲོའི་ལམ་ནི་བཟློག་བགྱི་ཞིང༌།། མཐོ་རིས་ལམ་ནི་རབ་སྟོན་ལ།། རྒ་ཤི་མེད་པར་འདྲེན་འགྱེད་པའི།། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ།། གསུངས་བཞག་པ་དེ་རེད་འདུག གཞན་ལ་བརྩེ་བའི་བློ་ཞིག་ཡོད་ན་གཞན་ལ་གནོད་པ་རྩ་བ་ཉིད་ནས་ཡོང་རྒྱུ་ཡོད་མ་རེད། གཞན་ལ་གནོད་པ་ཇི་ལྟར་བྱེད་པ་ལས་ལྡོག་པ་དེ་རང་ཤུགས་ཀྱིས་ཡོང་བ་ཞིག་རེད་འདུག དེ་འདྲ་ཡིན་དུས་ངན་འགྲོའི་ལམ་ནི་བཟློག་པ་དེ་རེད། མཐོ་རིས་ཀྱི་རྟེན་ཚེ་རིང་བ། ལོངས་སྤྱོད་ཆེ་བ། དབང་ཆེ་བ་དང༌། ཚིག་བཙུན་པ། སྟོབས་དང་ལྡན་པ་ལ་སོགས་པ་དེ་ཚོའི་གྲས་ཚང་མ་གཞན་ཕན་གྱི་བློ་དེས་དྲངས་ཡོང་བ་རེད། ཕན་པའི་བསམ་པ་ཟེར་བ་དེ་ནད་བརྒྱ་སྨན་གཅིག་གི་བཟོ་འདྲ་ཞིག་རེད་འདུག ཕན་པའི་བསམ་པ་ཟེར་བ་ཞེ་དྲག་རྩ་ཆེན་རེད་འདུག དེ་ལྟ་བུ་ཞིག་ལ་གཞན་ལ་འཚེ་བ་བསྡོམས་པའི་འཚེ་བ་མེད་པ་ཟེར་བའི་སྤྱོད་པ་གཙོ་བོ་དེ་རེད་འདུག
དེར་བརྟེན་སངས་རྒྱས་ཀྱི་ཆོས་དེ་སྙིང་རྗེའི་རྩ་བ་ཡིན་གསུང་གི་འདུག དེ་འདྲ་ཡིན་དུས་འཚེ་བ་མེད་པ་དེ་སངས་རྒྱས་པའི་སྤྱོད་པ་ཆགས་བསྡད་ཡོད་རེད། དེ་འདྲའི་འཚེ་བ་མེད་པའི་སྤྱོད་པ་དེ་ཡོང་དགོས་པ་ག་རེ་རེད་ཟེར་ན། འཚེ་བ་བྱས་ན་དཀོན་མཆོག་མ་མཉེས་པ་ཡོང་གི་རེད། འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་མ་མཉེས་པ་ཡོང་གི་རེད་ཟེར་བའི་སྐད་ཆ་དེ་མ་རེད། འཚེ་བ་སྡོམ་དགོས་པ་ག་རེད་ཟེར་ན། བདེ་སྡུག་ཟེར་བ་རྒྱུ་འབྲས་རྟེན་འབྲེལ་གྱི་རང་བཞིན་རེད། དེར་བརྟེན་རྒྱུ་དུས་སུ་གཞན་ལ་འཚེ་བ་བྱས་ན་འབྲས་བུའི་སྐབས་སུ་རང་ལ་སྡུག་བསྔལ་ཡོང་གི་རེད། རྒྱུ་ཡི་གནས་སྐབས་སུ་གཞན་ལ་ཕན་བཏགས་ན་འབྲས་བུའི་གནས་སྐབས་སུ་རང་ལ་བདེ་སྐྱིད་ཡོང་གི་རེད།
དེར་བརྟེན་རང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་རྒྱུ་མཚན་དུ་བྱས་ནས་གཞན་ལ་གནོད་པ་མ་བྱེད། གཞན་ལ་ཕན་བཏགས་ཟེར་བ་དེ་ཡོང་གི་འདུག དེ་རྒྱུ་འབྲས་རྟེན་འབྱུང་གི་ཐོག་ནས་བཤད་ཀྱི་ཡོད་རེད། རྒྱུ་འབྲས་ཀྱི་རྟེན་འབྱུང་ཟེར་བ་དེས་སྤྱོད་པ་འཚེ་བ་མེད་པ་དང༌། ལྟ་བ་རྟེན་འབྱུང་ཟེར་བ་སྤྱི་ཡོངས་དེའི་ཐོག་ནས་བསམ་བློ་གཏོང་རྒྱུ་རེད། དེ་ནས་ཏོག་ཙམ་ཚད་མཐོ་རུ་བཏང་བ་ཡིན་ན། དབུ་མ་པའི་གཞུང་ནས་རྟེན་འབྱུང་གི་གོ་བ་མི་འདྲ་བ་ཞིག་བླངས་ནས་ཆ་ཤས་ལ་བཏགས་པའི་རྟེན་འབྱུང་ཟེར་བ་གཅིག བརྟེན་ནས་བཏགས་པའི་རྟེན་འབྱུང་ཟེར་བ་གཅིག རྒྱུ་འབྲས་ཀྱི་རྟེན་འབྱུང་ཙམ་མ་ཡིན་པར་རྒྱུ་འབྲས་ཀྱི་རྟེན་འབྱུང་ལས་རྒྱ་ཆེ་རུ་དང་ཟབ་ཏུ་བཏང་བའི་སྐབས་སུ་རྟེན་ནས་བཏགས་པའི་རྟེན་འབྱུང་ཟེར་བ་གསུང་ཡོང་གི་འདུག
ཆོས་གང་དང་གང་ཡིན་ཡང་དེའི་ངོ་བོ་འཇོག་ལུགས་དེ་རྐྱེན་གཞན་ལ་ལྟོས་ནས་བཏགས་ཏེ་འཇོག་པ་མ་གཏོགས། ཁོ་རང་རང་དབང་གི་སྒོ་ནས་འདོགས་རྒྱུ་མེད་པ་ཞིག་རེད། དཔེར་ན། ཆ་དང་ཆ་ཅན། ཡན་ལག་དང་ཡན་ལག་ཅན། བྱེད་པ་པོ་དང་བྱ་བ་ཞེས་པ་དེ་ཚོའི་གྲས་མང་པོ་ཞིག་ཕན་ཚུན་ལྟོས་ནས་ཡོང་བསྡད་པ་ཞིག དེ་ནས་ཕར་གཏུགས་ཡོང་དུས་རྟེན་ནས་བཏགས་པའི་རྟེན་འབྱུང་གི་གོ་བ་མཐར་ཐུག་སླེབས་ཡོང་དུས་རྐྱེན་ཉིད་འདི་པ་ཙམ། མིང་རྐྱང་གཏགས་ཡོད་ཙམ་ཞེས་པའི་སྒང་ལ་སླེབས་ཡོང་གི་འདུག དེ་བཅོམ་ལྡན་འདས་ཀྱི་དགོངས་པ་མཐར་ཐུག་པ་ཡིན་པ་ཤེར་ཕྱིན་གྱི་མདོའི་ནང་དུ་ཆོས་ཐམས་ཅད་མིང་ཙམ་བརྡ་ཙམ་ཞེས་གསུངས་པ་དེའི་སྒང་ལ་སླེབས་ཀྱི་ཡོད་རེད། མིང་དོན་གཉིས་སུ་ཕྱེས་པའི་དོན་ཞིག་ཡེ་དུས་ནས་ཡོད་པ་ཡིན་ན། མིང་ཙམ་མ་རེད། མིང་དོན་གཉིས་སུ་ཕྱེ་བའི་དོན་ཞིག་ཡོད་པ་རེད་དེ། དོན་དེའི་ངོ་བོ་འཇོག་སྐབས་མིང་གི་དབང་གིས་འཇོག་པ་མ་གཏོགས་དོན་གྱི་ངོས་ནས་ཡོད་པ་རེད་མི་འདུག དོན་གྱི་ངོས་ནས་ཡོད་ན་མིང་ཙམ་མ་རེད། དེ་བཞིན་མདོའི་ནང་དུ་གཟུགས་སྟོང་པ་ཉིད་ཀྱིས་སྟོང་བར་མི་བྱེད་དེ་གཟུགས་ཉིད་སྟོང་པ་ཉིད་དོ་ཞེས་གསུངས་ཤེས་ཀྱི་མ་རེད།
ངོ་བོའམ་རང་བཞིན་གྱི་གྲུབ་པ་ཞིག་ཡོད་ན་དོན་གྱི་ཆ་ནས་རྙེད་ཀྱི་རེད། དོན་སྟེང་དུ་ཡོད་པ་རེད། དོན་སྟེང་དུ་ཡོད་ན་མིང་བརྡས་བཞག་ཙམ་མ་རེད། དེ་ན་རྐྱེན་ཉིད་འདི་པ་ཙམ་རེད་མ་སོང༌། དེར་བརྟེན་བཅོམ་ལྡན་འདས་ཀྱི་དགོངས་པ་མཐར་ཐུག་དེ་རེད་འདུག རྟེན་ནས་བཏགས་པའི་རྟེན་འབྱུང་ལ་རིམ་པ་གཉིས་འདུག རྒྱུ་འབྲས་ཀྱི་རྟེན་འབྱུང་དང་རྟེན་ནས་འབྱུང་བའི་རྟེན་འབྱུང་བ་ཟེར་གཉིས། རང་གི་ངོ་བོ་གཞན་ལ་རག་ལས་པའམ་གཞན་ལ་ལྟོས་ནས་ཡོང་གི་ཡོད་དུས་བརྟེན་ནས་བཏགས་པ་ཟེར་བ་དེ་གསུངས་པ་རེད། དེར་བརྟེན་སངས་རྒྱས་པའི་ཆོས་ཡོངས་རྫོགས་རྟེན་འབྱུང་གཉིས་པོ་དེའི་ནང་དུ་འདུས་ཡོད་པ་རེད།
རྒྱུ་འབྲས་ཀྱི་རྟེན་འབྱུང་དེ་ཤེས་པའི་སྒོ་ནས་མངོན་མཐོ་སྒྲུབ་པའི་དཀར་པོ་དགེ་བཅུའི་ལམ་ལ་སློབ་དགོས་པ་རེད། རྒྱུ་འབྲས་ཀྱི་རྟེན་འབྱུང་བཤད་ཡོང་དུས་ལས་འབྲས་ཀྱི་འགྲོ་སྟངས་དེ་ངེས་པ་ཞིག་རྙེད། ལས་འབྲས་ཀྱི་འགྲོ་སྟངས་དེ་ངེས་པ་ཞིག་རྙེད་ཡོང་དུས་འབྲས་བུ་སྡུག་བསྔལ་མི་འདོད་པ་རེད། འབྲས་བུ་བདེ་བ་འདོད་པ་རེད། དེར་བརྟེན་རྒྱུ་དགེ་བ་སྒྲུབ་དགོས་རེད། རྒྱུ་སྡིག་པ་སྤོང་དགོས་རེད་ཅེས་པ་དེའི་སྒང་ལ་སླེབས་ཡོང་གི་རེད། རྒྱུ་འབྲས་ཀྱི་རྟེན་འབྱུང་ལ་གོ་བ་ཆགས། དེ་ལ་ཡིད་ཆེས་རྙེད་དེ་ལག་ལེན་བསྟར་ཡོང་དུས་མངོན་མཐོ་སྒྲུབ་པ་དེ་རེད།
དེ་ནས་ཕར་གཏིང་ཟབ་ཏུ་བཏང་ནས་འབྲས་བུ་རྒྱུ་ལ་ལྟོས་པ་ང་ཚོ་ཚང་མས་མཐོང་གི་ཡོད་རེད། ཡག་པོ་ཞིག་བསམ་བློ་བཏང་བ་ཡིན་ན་རྒྱུ་འབྲས་ངོ་བོ་གསུམ་ཟེར་བ་ཁོ་རང་ལྟོས་ནས་འཇོག་པ་མ་གཏོགས། རྒྱུ་ངོ་བོ་ཉིད་ཀྱིས་གྲུབ་ཡོད་ན་འབྲས་བུ་ལ་ལྟོས་དགོས་ཀྱི་མ་རེད། རྒྱུ་རང་རྒྱུ་ལ་ལྟོས་ན་འབྲས་བུ་རེད། འབྲས་བུ་རང་འབྲས་ལྟོས་ན་རྒྱུ་རེད། ལྟོས་པའི་དབང་གིས་བཤད་ཀྱི་འདུག དེར་བརྟེན་འབྲས་བུ་རྒྱུ་ལ་བརྟེན་ནས་འབྱུང་བ་ཡིན་ཡོངས་གྲགས་རེད། དེ་ཡག་པོ་ཞིག་བསམ་བློ་བཏང་ན་རྒྱུ་དེ་འབྲས་བུ་ལ་བརྟེན་ནས་རྗེས་སུ་གྲུབ་པ་ཞིག་མ་རེད་དེ། རྒྱུ་དེ་རྒྱུ་རུ་གྲུབ་པ་འབྲས་བུ་ལ་བརྟེན་ནས་འཇོག་གི་ཡོད་རེད། འབྲས་བུ་རྒྱུ་ལ་བརྟེན་པའི་རྟེན་འབྱུང་གི་གོ་བའི་སྟེང་ནས་རྒྱུ་འབྲས་ཀྱི་རྟེན་འབྱུང་ལ་བསམ་བློ་ཞིག་བཏང༌། རྒྱུ་དེ་རྒྱུ་རུ་གྲུབ་པ་འབྲས་བུ་ལ་ལྟོས་པའི་ཆ་ནས་བརྟེན་ནས་བཏགས་པའི་རྟེན་འབྱུང་གི་གོ་བ་དེ་སླེབས་ཡོང་གི་འདུག དེ་འདྲ་ཞིག་གི་བསམ་བློ་གཏོང་ཡོང་དུས་ང་རང་ཚོར་ཆོས་གང་ཞིག་སྣང་ནའང་མིང་བརྡས་བཞག་ཙམ་ཞིག་གཏན་ནས་མི་བྱ་བ་དོན་གྱི་ངོས་ནས་ཡོད་པ་ཞིག་ང་ཚོའི་བློ་ལ་ཤར་ཡོང་གི་འདུག བློ་ལ་སྣང་གི་འདུག་སྟེ་སྣང་བ་ལྟར་གྲུབ་ཡོད་མ་རེད་བསམ་པ་ཞིག་བློ་ལ་སླེབས་རྒྱུ་ཞིག་ཡོད་པ་རེད། དེ་འདྲ་ཞིག་སླེབས་ཡོང་དུས་དོན་གྱི་ངོས་ནས་གྲུབ་པ་ཞིག་སྣང་གི་ཡོད་རེད་དེ། སྣང་བ་ལྟར་དུ་ཞེན་པའི་འཛིན་པ་ཨ་འཐས་སུ་སྐྱེ་བ་དེ་ཉུང་དུ་གཏོང་གི་རེད།
དེས་མ་རིག་པའི་གཉེན་པོ་འཁོར་བའི་རྩ་བ་ཕྱིན་ཅི་ལོག་ཏུ་རྟོགས་པའི་མ་རིག་པ་དེ་ལ་གནོད་ཡོང་གི་འདུག དེར་བརྟེན་བརྟེན་ནས་བཏགས་པའི་རྟེན་འབྱུང་གི་ཐོག་ནས་འཁོར་འདས་ཀྱི་རྣམ་གཞག་དེ་སླེབས་ཡོང་གི་འདུག བརྟེན་ནས་བཏགས་པའི་རྟེན་འབྱུང་ལ་རྨོངས་པའི་ཆ་ནས་འཁོར་བ་ལ་སྐྱེ་བ། བརྟེན་ནས་བཏགས་པའི་རྟེན་འབྱུང་ཕྱིན་ཅི་མ་ལོག་པར་ངེས་ཤིང་གོམས་པ་ལ་བརྟེན་ནས་ཐར་པ་ཐོབ་པ། བརྟེན་ནས་འབྱུང་བའི་རྟེན་འབྱུང་གིས་མངོན་མཐོ་སྒྲུབ་པ་དང༌། བརྟེན་ནས་བཏགས་པའི་རྟེན་འབྱུང་གིས་ངེས་ལེགས་སྒྲུབ་པ་དེ་རེད།
དེར་བརྟེན་སངས་རྒྱས་པའི་ཆོས་ཀྱི་ཟབ་ཁྱད་ལྟ་བུ་དང༌། ཐུན་མོང་མ་ཡིན་པ་དེ་རྟེན་འབྱུང་ཞེས་པ་དེ་རེད། རྗེ་རིན་པོ་ཆེས། དོན་བཞིན་གཟིགས་ནས་ལེགས་གསུང་པ།། ཁྱོད་ཀྱི་རྗེས་སུ་སློབ་པ་ལ།། རྒུད་པ་ཐམས་ཅད་རིང་དུ་འགྱུར།། ཉེས་ཀུན་རྩ་བ་ལྡོག་ཕྱིར་རོ།། ཁྱོད་ལ་བརྟེན་ལས་ཕྱིར་ཕྱོགས་པའི།། ཡུན་རིང་ངལ་བ་བསྟེན་བྱས་ཀྱང༌།། ཕྱི་ཕྱིར་སྐྱོན་རྣམས་བོས་པ་བཞིན།། བདག་ཏུ་ལྟ་བ་བརྟན་ཕྱིར་རོ།། ཨེ་མའོ་མཁས་པ་འདི་ཉིད་ཀྱི།། ཁྱད་པར་ཁོང་དུ་ཆུད་གྱུར་པ།། དེ་ཚེ་རྐང་གི་ཁོང་ནས་ནི།། ཁྱོད་ལ་ཅི་ཕྱིར་གུས་མི་འགྱུར།། གསུངས་པ་ནང་བཞིན་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་སྨྲ་བ་ཟླ་མེད་པ་ཡིན་པ། རྟེན་འབྱུང་རང་དབང་གི་སྒོ་ནས་འདོམས་པར་མཛད་པ་ཡིན་པས། སྟོན་པ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་དང་དོན་ཕྱིར་སྟོན་པ་ཡིན་པ་ཞིག
མ་གཞི་མཛོད་ཀྱི་ནང་དུ་དོན་ཕྱིར་སྟོན་པ་དེ་ལ་ཕྱག་འཚལ་ནས་གསུངས་ཡོད་རེད་དེ། དོན་ཕྱིར་སྟོན་པའི་ངོ་ཐོག་གི་གོ་བ་དེ་དབུ་མའི་གཞུང་ནས་བསམ་བློ་གཏོང་དགོས་པ་ཞིག་རེད་འདུག དེ་འདྲ་ཡིན་དུས་སྟོན་པ་ཤེས་ནས་དད་པ་ཐོབ་པ་དེའི་ཐོག་ནས་ཡོང་དགོས་པ་ཞིག་ཡིན་པ་རེད། དབུ་མ་བཞི་བརྒྱ་པའི་ནང་དུ། སངས་རྒྱས་ཀྱིས་གསུང་ལྐོག་གྱུར་ཆོས།། གང་ཞིག་ཐེ་ཚོམ་སྐྱེས་གྱུར་པ།། དེ་ཡིས་སྟོང་པ་ཉིད་བསྟན་ཏེ།། འདི་ཉིད་ཁོ་ནར་ཡིད་ཆེས་བྱ།། ཞེས་གསུངས་པ་རེད། དེ་འདྲ་ཡིན་དུས་སངས་རྒྱས་ཀྱི་ཆོས་ཀྱི་སྙིང་པོ་ལྟ་བུ་དེ་སྤྱོད་པ་འཚེ་བ་མེད་པ་དང༌། ལྟ་བ་རྟེན་འབྱུང་ཟེར་བ་དེ་རེད། ཁྱེད་རང་ཚོ་དགེ་འདུན་པ་རྣམས་ཀྱིས་མཁྱེན་བསྡད་པ་ཞིག་རེད། སྐྱ་བོ་མི་ནག་ཚོས་གོ་ཡི་འདུག་གམ། ལྷག་པར་བོད་ནས་གསར་པ་འབྱོར་བསྡད་པ་ཚོས་གོ་ཡི་འདུག་གམ། དེ་རིང་ཁ་སང་བོད་ཀྱི་ནང་དུ་ཆོས་སློབ་སྦྱོང་བྱེད་པའི་གོ་སྐབས་ཞེ་དྲག་ཡོད་མ་རེད། ཆོས་བཤད་མཁན་གྱི་བླ་མ་མེད་པ་དང༌། ཆོས་བཤད་དགོས་ཀྱང་དམ་དྲག་བྱེད་པ་ཞིག་ཆགས་བསྡད་ཡོད་རེད། ཁྱོད་རང་ཚོས་གཟབ་གཟབ་ཀྱིས་ཉན་དགོས་པ་རེད། རྗེས་སུ་བོད་ལ་ཕར་སླེབས་སོང་ན། རྒྱལ་བ་རིན་པོ་ཆེས་སངས་རྒྱས་ཀྱི་ཆོས་དེ་སྤྱོད་པ་འཚེ་བ་མེད་པ་དང༌། ལྟ་བ་རྟེན་འབྱུང་རེད་ཅེས་ཤོད་ཤོག
ང་ཚོ་བོད་པ་ཚོ་སངས་རྒྱས་པའི་ཆོས་པ་རེད། དེ་བཞིན་རྒྱ་མིའི་ཆོས་གྲོགས་ཚོར་ཆ་བཞག་ན་ཡང་ཆོས་ལ་དད་པ་བྱེད་ཀྱི་ཡོད་རེད། ཨཱ་མི་ཏཱ་བྷ་ཞེས་དད་པ་ཞེ་དྲག་བྱེད་ཀྱི་ཡོད་རེད་དེ། ངོ་ཐོག་སངས་རྒྱས་ཀྱི་ཆོས་ཞེས་པ་ག་འདྲ་ཞིག་རེད་ལབ་ན། མཐར་གཏུགས་ན་ཤེས་མ་བྱུང་ཞེས་པའི་སྒང་ལ་སླེབས་ཀྱི་རེད། མང་པོ་ཞིག་དེ་འདྲ་རེད་འདུག ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་པོ་ཞིག་ཕལ་ཆེར་དེ་འདྲ་རེད། ལམ་དང་ལུགས་སྲོལ་ལྟ་བུ་ཞིག་གི་སྒང་ལ་ཕྱིན་པ་མ་གཏོགས་མེད་པ་རེད། ངས་ནམ་རྒྱུན་འབོད་སྐུལ་བྱེད་ཀྱི་ཡོད། ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པ་ལ་སླེབས་བསྡད་ཡོད་རེད། དེ་འདྲ་ཡིན་དུས་ང་ཚོ་སངས་རྒྱས་པའི་ཆོས་པ་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་ཆོས་པ་ཞིག་བྱེད་དགོས་པ་རེད་ཅེས་བཤད་སྡོད་ཀྱི་ཡོད།
དུས་རབས་ཉི་ཤུ་རྩ་གཅིག་པར་སླེབས་ཡོད་དུས་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་བྱས་ནས་ཤེས་ནས་དད་པ་ཐོབ་པ་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག བདུན་ཕྲག་གཅིག་ཙམ་གོང་ལ་ངའི་ངོ་ཤེས་པ་ཞིག་ཕ་ཡུལ་དུ་ཕྱིན་ནས་བོད་ནས་ཚུར་སླེབས་པ་རེད། ངེད་གཉིས་སྐད་ཆ་བྱུང༌། ཁོང་གི་ཕ་ཡུལ་དགོན་པ་དེ་རྒྱུད་པའི་ཆ་ཤས་ལྟ་བུ་བྱས་ནས་གསང་བདེ་འཇིགས་གསུམ་དེ་ཚོའི་གྲས་ཆོ་ག་འདོན་རྒྱུ་ཡག་པོ་ཡོད་ས་རེད། གཞུང་ལྟ་ཡི་ཡོད་མ་རེད། དཔེ་ཆ་སློབ་ཁྲིད་བྱེད་ཀྱི་ཡོད་མ་རེད་ཟེར། ཉིན་མ་གཅིག་ལ་དགོན་པའི་ནང་དུ་སློབ་ཕྲུག་ཅིག་ཡོང་ནས་མཛད་པ་བཅུ་གཉིས་ག་འདྲ་རེད་ཅེས་སྐད་ཆ་དྲིས་པ་རེད་ཟེར། སུ་གཅིག་གིས་ལན་རྒྱག་རྒྱུ་མ་བྱུང་བ་རེད། རྗེས་སུ་གྲྭ་པ་ཁ་ཤས་ཀྱིས་ང་ཚོ་ངོ་ཚ་པོ་བྱུང༌། དགོན་པའི་ནང་དུ་དཔེ་ཆ་ལྟ་དགོས་ཀྱི་འདུག་ཟེར་གྱི་འདུག་ཅེས་བཤད་བྱུང༌།
ཡང་ཟླ་ཤས་གོང་དུ་བོད་ནས་ཡོང་མཁན་གཉིས་དང་ཐུག་བྱུང༌། སྔོན་མ་རྒྱ་གར་དུ་ཡོང་ནས་ལོ་ཤས་རིང་དཔེ་ཆ་བལྟས་ནས་ཕར་བོད་དུ་ལོག་ནས། ཕ་ཡུལ་གྱི་དགོན་པའི་ནང་དུ་མཚན་ཉིད་སློབ་ཁྲིད་ཏོག་ཙམ་བྱས་ཡོད་པ་འདྲ། ཡང་དགོན་པའི་ནང་དུ་གྲྭ་པ་བགྲེས་པ་ཁ་ཤས་ཀྱིས་ང་ཚོས་མཚན་ཉིད་བལྟས་ནས་དགོས་པ་གང་ཡང་ཡོད་མ་རེད། ང་ཚོའི་དགོན་པ་གྲོང་ཆོག་ལ་བརྒྱུག་ནས་འཚོ་དགོས་པ་རེད། ཆོ་ག་བློ་ལ་ཟིན་ནས་ཆོ་ག་འདོན་པའི་ཐོག་ནས་གྲོང་ཆོག་ལ་འགྲོ་རྒྱུ་ཡོད་པ་མ་གཏོགས། རྟགས་གསལ་གཏོང་ནས་གྲོང་ཆོག་ལ་རྒྱུག་ས་གཅིག་ཀྱང་མི་འདུག
གྲོང་ཆོག་ལ་འགྲོ་ས་དེ་ཚོའི་གྲས་ཀྱིས་ཆོ་ག་གཅིག་གཅིག་དང༌། ཆོ་ག་གཉིས་གཉིས་འདོན་རོགས་ཞེས་ལབ་པ་མ་གཏོགས། རྒྱན་མཇུག་གཉིས་འདོན་རོགས་གྱིས། རྣམ་འགྲེལ་རྩ་བ་འདོན་རོགས་གྱིས། ལེགས་བཤད་སྙིང་པོ་འདོན་རོགས་གྱིས། རྟགས་གསལ་གཏོང་རོགས་གྱིས་ཟེར་མཁན་སུ་གཅིག་མི་འདུག གང་ལྟར་གྲོང་ཆོག་ལ་བརྒྱུགས་ནས་འཚོ་བ་སྐྱེལ་དགོས་པ་རེད། གྲོང་ཆོག་ཏུ་རྒྱུག་པ་ལ་ཆོ་ག་དགོས་པ་མ་གཏོགས། རྟགས་གསལ་གཏོང་ནས་ཕན་ཐོགས་མི་འདུག དགོས་མཁོ་ཡོད་མ་རེད་ཟེར་གྱི་འདུག་ཟེར། དེ་ནས་ཁོང་གཉིས་ཀྱང་སྡོད་གཟོད་བདེ་པོ་འདྲ་ཞིག་མ་བྱུང་ནས་རྒྱ་གར་ལ་ཚུར་ཡོང་བ་ཡིན་ཟེར་གྱི་འདུག
རྒྱ་གར་ལ་དེང་སང་བཙུན་མའི་དགོན་པ་ཚོ་ལ་ཡང་དཔེ་ཆ་ལྟ་རྒྱུ་ཡོད་པ་ཞིག་ང་ཚོས་ལོ་བཞི་བཅུའི་གོང་ནས་འགོ་བཙུགས་ཚར་བ་རེད། དེ་བཞིན་སྔགས་པ་གྲྭ་ཚང་དེ་ཚོའི་གྲས་དཔེར་ན། རྒྱུད་གྲྭ་སྨད་སྟོད་གཉིས་དང༌། ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་ཡིན་ན་འདྲ། དེ་སྔ་སྔགས་པ་གྲྭ་ཚང་རེད་མ་གཏོགས་མཚན་ཉིད་ལྟ་ཡི་ཡོད་མ་རེད། རྒྱ་གར་ལ་སླེབས་ནས་མཚན་ཉིད་ལྟ་དགོས་ཀྱི་འདུག་ཅེས་ང་ཚོས་འབོད་སྐུལ་བྱས་པ་བཞིན་མཚན་ཉིད་བཙུགས་པ་རེད། དེ་འདྲའི་རྐྱེན་པས་བོད་ནང་དུ་དེང་སང་སློབ་སྦྱོང་གི་ཐོག་ལ་དོ་སྣང་གསར་པ་ཞིག་ཤུགས་ཆེ་རུ་འགྲོ་ཡི་འདུག་ཟེར་བ་གོ་བྱུང༌། ཞིང་འབྲོག་མི་མང་ཚོའི་ནང་དུའང་སློབ་ཕྲུག་ཚོ་སློབ་གྲྭར་གཏོང་དགོས་པ་རེད། སློབ་སྦྱོང་བྱེད་དགོས་པ་རེད་ཅེས་དོ་སྣང་ཤུགས་ཆེ་རུ་འགྲོ་ཡི་ཡོད་པ་གོ་ཐོས་བྱུང༌། ཧ་ཅང་ཡག་པོ་འདུག
དེ་སྔ་བོད་ལ་རྒྱན་དྲུག་མཆོག་གཉིས་ལ་འགྲན་བཟོད་པའི་མཁས་པའི་དབང་པོ་ཡོང་གི་ཡོད་རེད་དེ། མང་ཚོགས་ཚོ་ཤེས་ཚད་སྐྱོ་པོ་ཞེ་དྲག་རེད། དེང་དུས་ཀྱི་ཤེས་ཡོན་དར་བའི་གོ་སྐབས་མ་བྱུང་བ་རེད། ཆོས་ཕྱོགས་ལ་ཆ་བཞག་ནའང་མང་ཚོགས་ཀྱི་ཤེས་ཚད་ཧ་ཅང་སྐྱོ་པོ་རེད་འདུག ཡིན་གཅིག་མིན་གཅིག་ཨུ་ཚུགས་བརྒྱབ་ནས་གཞུང་ལྟ་དགོས་པ་དང༌། རིགས་ལམ་ལྟ་དགོས་པ་ཧ་ཅང་གལ་ཆེན་པོ་རེད་འདུག དེང་སང་རྒྱ་གར་ནང་བོད་ཀྱི་སློབ་གྲྭ་ཁག་གི་ནང་དུ་རིགས་ལམ་སློབ་པ་དེ་བར་སྐབས་ཉམས་པ་བསྐྱར་གསོ་བྱེད་ཀྱི་ཡོད་རེད། སློབ་གྲྭ་ཁག་ཙམ་དུ་མ་ཟད་མི་མང་ཁྲོད་དུའང་སྐྱ་བོ་ཕོ་མོ་དབྱེ་བ་མེད་པར་གཞུང་ལྟ་དགོས་ཀྱི་འདུག རིགས་ལམ་འགྲོ་སྟངས་ལྟ་དགོས་ཀྱི་འདུག་ཅེས་ང་ཚོས་འབོད་སྐུལ་བྱེད་སྡོད་ཀྱི་ཡོད་རེད། དོ་སྣང་ཆེ་རུ་འགྲོ་ཡི་འདུག དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནུབ་ལ་དྭགས་ནས་ཤར་མོན་བར་དུ་དེ་རིང་ཁ་སང་དོ་སྣང་ཤུགས་ཆེ་རུ་འགྲོ་སྡོད་ཀྱི་འདུག དེ་འདྲ་ཡིན་དུས་ང་ཚོས་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག དེ་རིང་སེར་སྐྱ་མང་ཚོགས་མང་པོ་ཞིག་འཛོམས་བསྡད་ཡོད་རེད། དེ་བཞིན་རྒྱ་རིགས་ཆོས་གྲོགས་ཚོས་མཚོན་པའི་ཕ་མེས་ནས་ནང་པའི་ཆོས་པ་ཡིན་པ། དེ་བཞིན་ཁྱེད་རང་ཚོ་ནུབ་ཕྱོགས་པའི་མི་ཕ་མེས་ནས་ནང་པའི་ཆོས་པ་མ་རེད་དེ། དེ་རིང་ཁ་སང་མཐུན་རྐྱེན་འཛོམས་ནས་ཡག་ཏུ་ཕྱིན་པའི་སྐབས་སུ་གནས་ཚུལ་མང་པོ་རྟོགས་པའི་གོ་སྐབས་ཡོད་པ་ཡིན་དུས། དེ་འདྲའི་ཐོག་ནས་ནང་ཆོས་ཀྱི་ཐོག་ལ་དོ་སྣང་གསར་པ་ཡོད་མཁན་ཁྱེད་རང་ཚོ་མང་པོ་ཞིག་སླེབས་བསྡད་ཡོད་རེད།
དེར་བརྟེན་ཚང་མར་འབོད་སྐུལ་བྱེད་རྒྱུར་ནང་པའི་ཆོས་ཟེར་བ་དེ་སློབ་སྦྱོང་བྱས་ནས་ཆོས་ཉམས་ལེན་བྱེད་རྒྱུ་ཞིག་རེད་འདུག གང་ལྟར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་སྤེལ་ནས་དེའི་ཐོག་ནས་ཉམས་ལེན་བྱེད་རྒྱུ་ཞིག་རེད་མ་གཏོགས། སྨོན་ལམ་བརྒྱབ་ནས་ཆོས་ཉམས་ལེན་བྱེད་པ་དེ་ཞོར་ཙམ་རེད་མ་གཏོགས་གཙོ་བོ་དེ་མ་རེད། ལམ་གྱི་རྟོགས་པ་གོང་ནས་གོང་དུ་སྐྱེ་བ་ཟེར་བ་དེ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་འབའ་ཞིག་གི་མཐུ་ལ་བརྟེན་ནས་འགྲོ་བ་ཞིག་རེད། ངེས་འབྱུང་དང་བྱང་ཆུབ་སེམས་ཟེར་བ་འདུན་པའི་རིགས་མང་པོ་ཡོད་རེད་དེ། དེ་དག་གོང་ནས་གོང་དུ་སྤེལ་བ་དང་གོང་ནས་གོང་དུ་ཁྱད་ཞུགས་པ་ཡོང་བ་དེ་ཤེས་རབ་ཀྱི་གྲོགས་བྱས་ནས་འགྲོ་དགོས་ཀྱི་འདུག
རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ་དེ་སངས་རྒྱས་པའི་ཆོས་ཀྱི་རྩ་བ་ལྟ་བུ་ཆགས་ཀྱི་ཡོད་རེད། སངས་རྒྱས་པའི་ཆོས་ཀྱི་རྣམ་གཞག་ཚང་མ་རྟེན་འབྱུང་གི་ཐོག་ནས་ཡོང་དགོས་པ་ཞིག་རེད་འདུག བརྟེན་ནས་བཏགས་པའི་རྟེན་འབྱུང་ཟེར་བ་དེ་རེད། བརྟེན་ནས་བཏགས་པའི་རྟེན་འབྱུང་མ་ཤེས་ན་སྲིད་པ་འཁོར་བ་དང་འཇིག་རྟེན་རེད། བརྟེན་ནས་བཏགས་པའི་རྟེན་འབྱུང་གི་དོན་དཔྱིས་ཕྱིན་པ་ཤེས་ནས་ཉམས་ལེན་བྱེད་ཐུབ་པ་བྱུང་ན་མྱང་འདས་རེད། རྩ་བའི་ང་ཚོའི་བསྒྲུབ་བྱ་མངོན་མཐོ་དང་ངེས་ལེགས་གཉིས་རེད། རིན་ཆེན་ཕྲེང་བའི་ནང་དུ་གསུངས་པ་ནང་བཞིན་རེད། མངོན་མཐོ་བརྒྱུད་ནས་ངེས་ལེགས་བསྒྲུབ་རྒྱུ་ཡིན་པ་གསལ་པོ་ཞེ་དྲག་རེད་འདུག ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་མངོན་མཐོའི་ལུས་རྟེན། ལྷག་པར་མི་ལུས་ཀྱི་ཐོག་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་ནུས་པ་ཆེན་པོ་ཞེ་དྲག་འདུག དེ་འདྲ་ཞིག་མེད་ན་ངེས་ལེགས་སྒྲུབ་ཐུབ་རྒྱུ་ཡོད་མ་རེད། དེར་བརྟེན་མངོན་མཐོ་བརྒྱུད་ནས་ངེས་ལེགས་བསྒྲུབ་རྒྱུ་དེ་འབྲེལ་བ་ཡོད་པ་ཞིག་རེད།
རྟེན་ནས་བཏགས་པའི་རྟེན་འབྱུང་གི་དོན་ཆ་ཚང་ཤེས་དགོས་ན། ནམ་རྒྱུན་ང་ཚོས་ཐོས་བསམ་སྒོམ་གསུམ་ཟེར་བ་དེ་ལ་ཐོག་མར་ཐོས་བྱུང་གི་ཤེས་རབ་བསྐྱེད། དཔེར་ན། ང་ཚོས་ཐོག་མར་དཔེ་ཆ་ཀློག་པ་དང༌། དེ་བཞིན་བླ་མས་གསུང་པ་ལ་བརྟེན་ནས་སྔོན་དུ་གོ་བ་ཙམ་ཞིག་ཆགས་ཡོང་དུས་གོ་བ་ཙམ་ཤེས་པའི་རིམ་པ་ལྟ་བུ་གཅིག་འདུག དེ་ལ་ཐོས་བྱུང་གི་ཤེས་རབ་ཟེར་བ་རེད། ཐོས་བྱུང་གི་གོ་བ་དེ་ཡིད་རྒྱུ་ཙམ་རེད། ཐོས་པའི་དོན་དེ་ལ། ཇི་ལྟར་ཐོས་པའི་དོན་ལ་རིགས་པ་བཞིས།། ཉིན་དང་མཚན་དུ་ཚུལ་བཞིན་རབ་བརྟགས་ནས།། བསམ་བྱའི་གནས་ལ་བསམ་ལས་བྱུང་བ་ཡི།། རྣམ་དཔྱོད་བློ་ཡིས་ཐེ་ཚོམ་ཆོད་པར་ཤོག །ཅེས་གསུངས་པ་བཞིན།
ཐོས་ནས་ཤེས་པའི་དོན་དེ་ཉིད་ཡང་ནས་ཡང་དུ་སོ་སོས་བསམ་བློ་བཏང༌། བརྟག་དཔྱད་བྱས། རྒྱུ་མཚན་མང་པོ་གུང་བསྒྲིགས། སོ་སོའི་མྱོང་བ་ལ་ཡང་བསྐོར་ནས་བསམ་བློ་གང་འཚམ་བཏང་ཡོང་དུས་སྐབས་མཚམས་ཤིག་ནས་དེ་ཏན་ཏན་ཡིན་ཐག་ཆོད་རེད་བསམ་པ་ཞིག དཔེ་ཆ་ཞིག་གི་ནང་དུ་དེ་དང་མི་མཐུན་པ་ཞིག་དོན་པ་ཡིན་ན། དེ་ག་འདྲ་ཡིན་ན་བསམ་ནས་ཐེ་ཚོམ་སྐྱེ་བ་དང༌། དེའི་དགོངས་གཞི་ག་རེ་ཡིན་མིན་བརྟག་བྱེད་དགོས་པ་ལྟ་བུ་ཞིག་ཡོང་གི་རེད། ཁ་ནས་ཐོན་མ་ཐག་ཏུ་ལམ་སེང་ཡིན་པ་རེད་བསམ་པ་ལྟ་བུ་མི་ཡོང་བ་རེད།
མཚམས་རེ་དེ་འདྲ་ཡོང་གི་རེད། དཔེ་ཆ་དེ་འདྲ་ཀློག་ནས་དེ་ལོས་ཡིན་སྙམ་ནས་དད་པ་སྐྱེས་པའི་སྐབས་སུ་མར་ཙམ་སླེབས་དུས་ཁ་ཙམ་ཡིན་པ་ལྟ་བུ་དེ་འདྲ་ཡོང་གི་འདུག ཡག་པོ་ཞིག་གུང་བསྒྲིགས་ནས་བསམ་བློ་བཏང་བའི་སྒོ་ནས་ངེས་པ་ཐོབ་པ་ཞིག་ཆགས་པ་ཡིན་ན། དཔེར་ན། ངེས་དོན་སྟོན་པ་མ་ཡིན་པའི་གཞུང་ཞིག་མཐོང་བ་ཡིན་ནའང་དེ་ལྟར་གསུངས་འདུག་སྟེ། དེ་རིག་པ་དང་འགལ་གྱི་འདུག དེ་ངེས་དོན་དང་འགལ་གྱི་འདུག་བསམ་པ་ལྟ་བུ་བློ་ལ་སླེབས་ཡོང་གི་རེད། དེ་ལྟར་སོ་སོས་དཔྱད་པ་བྱས་ནས་སེམས་ལ་ངེས་པ་ཐོབ་པ་ཞིག་མེད་ན། དཔེ་ཆའི་ནང་དུ་ག་རེ་ཐོན་པ་ཡིན་ཡང་དེ་ཡིན་པ་རེད་སྐྱབས་སུ་མཆི་ཟེར་རྒྱུ་མ་གཏོགས་མེད་པ་ལྟ་བུ་ཆགས་ཀྱི་འདུག
དེ་འདྲ་ཡིན་དུས་ཐོས་བྱུང་གི་ཤེས་པའི་དོན་དེ་ལ་ཡང་ནས་ཡང་དུ་སོ་སོར་དཔྱད་པ་བྱས་ནས་བསམ་བློ་གཏོང་རྒྱུ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། སེམས་ལ་འགྱུར་བ་ཐེབས་པ་དེ་བསམ་བྱུང་གི་ཤེས་རབ་ཀྱིས་ཐེབས་ཀྱི་རེད་མ་གཏོགས། ཐོས་བྱུང་གི་ཤེས་རབ་ཀྱིས་གནས་སྐབས་ཀྱི་མྱོང་བ་སྤུ་སུད་ཅིག་མ་གཏོགས་གང་ཡང་ཡོང་གི་མ་རེད། བསམ་བྱུང་གི་ཤེས་
རབ་སྤུས་དག་པོ་ཞིག་ཆགས་ཡོང་དུས་ཚད་མའི་ངེས་པ་ཐོབ་ཡོང་གི་ཡོད་རེད། དེར་བརྟེན་ཐོས་པའི་དོན་ལ་ཡང་ནས་ཡང་དུ་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ང་ཚོས་ནམ་རྒྱུན་ལོ་ནས་ལོ་བསྟུད་དེ་ཆོས་ར་འགྲིམས་ནས་རྟགས་གསལ་གཏོང་བར་ཁ་བྱང་ལག་བྱང་འགྲོ་ཡི་ཡོད་རེད། དེ་ནམ་རྒྱུན་ངག་ནས་སྐྱོར་བསྡད་པ་ལྟ་བུ་གཅིག་པུ་མིན་པར། སྦྱངས་བཞག་པའི་རིག་པ་དེ་གང་དུ་ཁ་སྤོས་པ་ཡིན་ཡང་གོམ་པ་བརྒྱབ་ནས་འགྲོ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དགེ་བཤེས་ཁ་ཤས་སྦྱངས་བཞག་པའི་དཔེ་ཆ་བཤད་དུས་ཁ་ནས་ཐོགས་པ་མེད་པར་གསུང་རྒྱུ་ཡོད་པ་ཡིན་ཡང༌། དེ་ལས་གཞན་པའི་སྒང་ལ་སླེབས་ཡོང་དུས་འཐོམ་བསྡད་པའི་བཟོ་ལྟ་བུ་ཡོང་གི་འདུག དེ་རིག་པའི་རྣམ་དཔྱོད་དེ་ཕར་རྒྱ་བསྐྱེད་ནས་སོ་སོས་དཔྱད་པ་བྱེད་རྒྱུ་ཏོག་ཙམ་ཉུང་དྲགས་པའི་རྟགས་རེད་འདུག རིག་པའི་རྣམ་དཔྱོད་དེ་ཡག་པོ་ཞིག་སྒོ་ཕྱེ་མ་ཐུབ་པའི་རྟགས་རེད། དེ་ཕལ་ཆེར་བསམ་བྱུང་གི་ཤེས་རབ་ཡང་ཡང་བསམ་རྒྱུ་མ་བྱུང་བའི་སྐྱོན་མིན་འགྲོ།
དེར་བརྟེན་སྔོན་མ་ནས་བཤད་པ་ཡིན། རིགས་ལམ་གྱི་འགྲོ་སྟངས་དེ་ང་ཚོའི་དཔེ་ཆའི་ནང་བཤད་པ་དེ་ལས་ལྷག་པ་ཞིག་ཡོད་མ་རེད། དཔྱད་པ་བྱེད་སའི་ཡུལ་དེ་གང་དུ་ཡིན་ནའང་དཔྱད་ཐུབ་པ་དང༌། ཁྱབ་ཐུབ་པ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ལོ་མང་རིང་བསླབ་བཞག་པ་དེ་འཆར་ཅན་ལྟར་འཁྲིལ་ནས་མ་བསྡད་པར་རྒྱ་བསྐྱེད་ནས་འགྲོ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་ངས་ཤེས་རིག་གི་ཚོགས་ཆེན་སྐབས་སུ་བསམ་འཆར་ལྟ་བུ་བྱས་ནས་ལབ་པ་ཡིན།
ང་ཚོའི་རིགས་ལམ་འགྲོ་སྟངས་དེ་ཞེ་དྲག་སྙིང་རྗེ་པོ་དང་གལ་ཆེན་པོ་རེད་འདུག རྩ་བའི་ཕྱོགས་གླང་དང་ཆོས་གྲགས་ཀྱི་གཞུང་ནང་དུ་བསྟན་ཡོད་རེད། ཡིན་ན་ཡང་རིག་པའི་རྣོ་ཟུར་གཏོད་ནས་འགྲོ་སྟངས་མང་པོ་ཞིག་བོད་གངས་ཅན་གྱི་མཁས་པ་ཆ་པ་ཡབ་སྲས་ཀྱིས་རྣམ་དཔྱོད་གསར་པ་ཞིག་བཏོན་པ་མིན་འགྲོ་བསམ་གྱི་འདུག དེ་འདྲའི་རྐྱེན་གྱིས་བོད་སྐད་ནང་དུ་ཐལ་ཕྱིར་ཞེས་པའི་འགྲོ་སྟངས་དེ་རྦད་དེ་གོམས་བསྡད་ཡོད་རེད། དབྱིན་ཇིའི་སྐད་ནང་དུ་ད་ལྟ་ཡོང་ཐུབ་ཀྱི་མི་འདུག ཕལ་ཆེར་རྒྱ་སྐད་ནང་དུ་མེད་པའི་བཟོ་འདྲ་ཞིག་རེད། དེ་འདྲ་ཡིན་དུས་རིག་པས་དཔྱད་པ་བྱས་ནས་འགྲོ་བ་དེ་བོད་ཀྱི་མཁས་པ་ཚོས་གང་འཚམ་གྱི་ལེགས་སྐྱེས་ཕུལ་ཡོད་ས་རེད།
བོད་སྐད་དེ་ཡང་ཐུན་མོང་མ་ཡིན་པ་ཞིག་འདུག རིག་པའི་འགྲོ་སྟངས་དེ་ནམ་རྒྱུན་བསླབ་བཞིན་པའི་རིག་པའི་འགྲོ་སྟངས་དེ་བྱས་ནས་སྦྱར་ས་དེ་གཞན་ལ་སྦྱར་ནའང་འགྲིག་གི་འདུག རིགས་ལམ་བསླབ་ཟེར་དུས་བསྡུས་གྲ་བསྡུས་ཆུང་དང༌། ཁ་དོག་དཀར་དམར་བསླབ་མི་དགོས་པ་བྱས་ནས། དེང་སང་གི་ཤེས་ཡོན་སྡེ་ཚན་མང་པོ་ཡོད་རེད། དེ་ཚོ་ལ་སྦྱར་ནས་དཔྱད་པ་བྱེད་སྟངས་དེ་ཁྱབ་དང་མ་ཁྱབ་ཅེས་དཔྱད་པ་བྱེད། དཔྱད་པ་བྱེད་སའི་ཡུལ་དེ་དེང་སང་གི་སློབ་ཚན་ནང་གི་དོན་དག་ཅིག་ལ་སྦྱར། དེ་འདྲ་བྱས་ན་ཡག་པོ་འདུག་ཅེས་འབོད་སྐུལ་བྱེད་ཀྱི་ཡོད།
རྒན་དབང་ཆེན་ལགས་ཀྱིས་བོད་ཡིག་ཐོག་ཏུ་ཚན་རིག་གི་སྐོར་ཡག་པོ་ཞེ་དྲག་བྲིས་འདུག ཧ་ཅང་ཡག་པོ་རེད། ང་ཚོས་དུས་ཚོད་ཀྱི་རྗེས་ཟིན་ཐུབ་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རིགས་ལམ་གྱི་འགྲོ་སྟངས་དེ་སློབ་ཚན་གཞན་དག་དེང་སང་གི་སློབ་ཚན་ནང་ལ་འཁྲིད་ཐུབ་ན་ཡག་པོ་འདུག དཔེར་ན། ཕྲུ་གུ་ཚོར་བོད་ཡིག་གི་སུམ་ཅུ་པ་སློབ་ཀྱི་ཡོད་རེད། དེའི་སྐབས་སུ་སྔོན་འཇུག་ཡིན་ན་རྗེས་འཇུག་ཡིན་པའི་ཁྱབ་དང་མ་ཁྱབ་ཀྱི་མུ་གསུམ་མུ་བཞི་བསྒྲིགས་ན་ཡག་པོ་འདུག དེ་ནས་ག་ལེར་རྟགས་གསལ་ཏོག་ཙམ་ཡོད་པ་བྱུང་ན་ཡག་པོ་ཡོད་ཀྱི་རེད་དྲན་བྱུང༌།
དེ་འདྲ་བྱས་པ་ཡིན་ན། བར་སྐབས་ང་ཚོའི་དཔེ་ཆ་བ་ཚོའི་ནང་དུ་ཚན་རིག་སློབ་སྦྱོང་བྱེད་རྒྱུ་འགོ་བཙུགས་ནས་གང་འཚམ་ཕྱིན་པ་རེད། ཚན་རིག་དགེ་རྒན་མང་ཆེ་བ་དང་བླངས་ཀྱིས་ཡོང་བ་རེད། མ་གཞི་ཁོང་ཚོ་བོད་པར་དགའ་པོ་འདྲ་ཞིག་ཡོད་རེད། ཁོང་ཚོའི་གྲས་མང་ཆེ་བས་བསྟོད་བསྔགས་བྱེད་ཀྱི་འདུག མཚན་ཉིད་སློབ་མཁན་ང་ཚོའི་དཔེ་ཆ་བ་དེ་ཚོས་ཨང་རྩིས་ཤེས་ཀྱི་ཡོད་མ་རེད། སྐད་ཀྱི་ཐོག་ནས་ཀྱང་དཀའ་ངལ་ཡོད་རེད་དེ། འགྲེལ་བཤད་བརྒྱབ་ནས་མར་འགྲོ་དུས་དེ་ལ་དཔྱད་པ་བྱེད་པ་དང༌། དོགས་སློང་བྱེད་པའི་རིག་པ་མྱུར་པོ་ཞེ་དྲག་འདུག ཡག་པོ་ཞེ་དྲག་འདུག་ཅེས་ཟེར་གྱི་འདུག
དེ་གཞན་དག་གང་ཡང་མ་རེད། རིགས་ལམ་བསླབས་པ་དེ་ལ་བརྟེན་ནས་རྣམ་དཔྱོད་དེ་དག་ཐོན་ཡོང་གི་ཡོད་རེད། ངས་འུར་ཤོབ་བཤད་པ་ཡིན། ངའི་ངོས་ནས་ཆ་བཞག་ཀྱང་ཚན་རིག་པ་དེ་ཚོའི་མཉམ་དུ་སྐད་ཆ་བྱུང་བའི་སྐབས་སུ་ཕར་ཕྱོགས་ནས་འདྲ་ཆགས་པོ་དང༌། ཐག་ཆོད་མདོག་ཁ་པོ་ཞིག་བཤད་ཡོང་དུས། ལམ་སང་དེ་ཡིན་ན་དེ་ཡིན་དགོས་ཀྱི་མ་རེད། དེ་ཡིན་ན་དེ་ཡིན་དགོས་ཀྱི་རེད་བསམ་པའི་བློ་ཞིག་སླེབས་ཡོང་གི་འདུག དེ་འདྲའི་ཐོག་ནས་ཕར་དྲི་བ་འདྲི་བའི་སྐབས་སུ་ཁོང་ཚོས་བསམ་བློ་ཡང་བསྐྱར་གཏོང་དགོས་པ་ཞིག་ཆགས་ཀྱི་འདུག སྔོན་དུ་ཐག་ཆོད་མདོག་ཁ་པོ་བཤད་པ་དེ་བསྐྱར་དུ་བསམ་བློ་གཏོང་དགོས་པ་དེ་འདྲ་ཡོང་གི་འདུག དེར་བརྟེན་རིགས་ལམ་བསླབས་པ་དང༌། མ་བསླབས་པ་གཉིས་ལ་ཁྱད་པར་ཆེན་པོ་འདུག དཔྱད་པ་བྱེད་སྟངས་ཀྱི་ཁྱད་པར་ཏན་ཏན་འདུག
རིག་པས་དཔྱད་པ་བྱེད་པའི་སློབ་སྦྱོང་དེ་དཔེ་ཆ་བ་ཚང་མ་ལ་སྤྲད་ཡོད་རེད། དེ་ཧ་ཅང་རྩ་ཆེན་རེད་འདུག དེ་འདྲ་ཡིན་དུས་རིགས་ལམ་གྱི་ཐོག་ནས་དཔྱད་པ་བྱེད་སྟངས་དེ་ཁ་དོག་དཀར་དམར་ལ་སོགས་པ་ནང་པའི་གཞུང་རང་མ་ཡིན་པར། སྤྱིར་བཏང་དེང་དུས་ཀྱི་སློབ་ཚན་གྱི་ནང་དུ་ཁྱབ་མཐའི་དཔྱད་པ་བྱེད་སྟངས་དེ་ཡག་པོ་བཟོ་ཐུབ་ན་ཡག་པོ་འདུག དེང་སང་ཨ་མདོའི་ས་ཆ་ཁ་ཤས་ལ་སློབ་གྲྭའི་ནང་དུ་སློབ་ཚན་བསླབ་སྟངས་དེ་རིགས་ལམ་གྱི་འགྲོ་སྟངས་ཀྱིས་བསླབས་ནས། དེ་བསླབས་པའི་ཕྲུ་གུ་དེ་ཚོ་དཔྱད་པ་བྱེད་སྟངས་ཤུགས་ཆེ་བ་དང༌། ཞེ་དྲག་ཡག་པོ་ཆགས་ནས་རྗེས་སུ་རྒྱ་མིའི་སློབ་གྲྭ་ཆེ་ཁག་དེ་འདྲར་ཕྱིན་པའི་སྐབས་སུ་ཁོང་ཚོའི་ཡིག་ཚད་དེ་དག་ཧ་ཅང་ཡག་པོ་ཡོང་གི་ཡོད་འདུག
དེ་འདྲའི་རྐྱེན་གྱིས་རྒྱ་མིའི་སློབ་གྲྭའི་དགེ་རྒན་དེ་འདྲ་ཆེད་མངགས་ཡོང་ནས་ཁྱེད་རང་ཚོའི་སློབ་སྦྱོང་སྤྲོད་སྟངས་ག་འདྲ་རེད། ཁྱེད་རང་ཚོའི་སློབ་གྲྭ་ནས་ཐོན་པའི་ཕྲུ་གུ་དེ་ཚོའི་གྲས་དེ་དཔྱད་པ་བྱེད་སྟངས་གཞན་དང་མི་འདྲ་བ་ཞིག་འདུག ཡིག་ཚད་དེ་ཚོ་གཞན་དང་མི་འདྲ་བ་ཞིག་འདུག་ཅེས་ཉམས་ཞིབ་བྱས་པའི་སྐབས་སུ་རིགས་ལམ་སློབ་ཁྲིད་ཀྱིས་སློབ་སྦྱོང་
སྤྲོད་ཀྱི་ཡོད་པ་དེའི་རྐྱེན་གྱིས་རེད་འདུག དེས་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་བྱུང་བ་ཞིག་རེད་འདུག ཁ་ཤས་ཀྱིས་དེ་འདྲའི་ལོ་རྒྱུས་བཤད་རྒྱུ་འདུག
དེ་འདྲ་ཡིན་དུས་ཁ་སང་ངས་ཤེས་རིག་ཚོགས་འདུའི་ནང་དུ་ང་ཚོ་བོད་པ་ཚོས་སློབ་ཚན་གྱི་དོན་དག་དེ་དེང་སང་འཛམ་བུ་གླིང་སྤྱིའི་སློབ་ཚན་འགྲོ་སྟངས་དེའི་སྒང་ལ་རིགས་ལམ་གྱི་འགྲོ་སྟངས་དེ་གསར་གཏོད་བྱས་པ་ཡིན་ན། གཅིག་བྱས་ན་འཛམ་བུ་གླིང་འདིའི་སྒང་ལ་ཤེས་ཡོན་སློབ་གསོ་སྤྲོད་སྟངས་ཀྱི་ཐོག་ལ་བོད་པའི་རིག་པ་གསར་པ་ཞིག་དེའི་ནང་དུ་སླེབས་ཐུབ་པའི་རེ་བ་ཡོད་རེད། ང་ཚོས་ལེགས་སྐྱེས་འབུལ་ཐུབ་པའི་རེ་བ་ཡོད་རེད་ཅེས་དེ་འདྲའི་སྐད་ཆ་བྱུང་བ་རེད། དེ་ངས་མངོན་ཤེས་བཤད་པ་མ་རེད། མི་མང་པོ་ཞིག་ཐུག་ནས་སྐད་ཆ་རིམ་པ་བཞིན་མང་པོ་ཞིག་བཤད་པའི་སྐབས་སུ་དེ་འདྲ་ཞིག་ཚོར་ཡོང་གི་འདུག
དེའི་ཐད་ལ་ང་ཚོའི་འགྲོ་སྟངས་དེས་ཕལ་ཆེར་ཕན་ཐོགས་ཡོང་ས་རེད་བསམ་པའི་ཉམས་མྱོང་ཞིག་སླེབས་ཡོང་གི་འདུག ང་ཚོ་བོད་མི་ནང་ཚགས་ངོས་ནས་རིགས་ལམ་དོན་གཉེར་བྱས་ནས་སློབ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། རིགས་ལམ་སློབ་ཞེས་པ་དེ་སྤྱིར་གཞུང་ཆེན་ལྟ་མཁན་དང༌། ཡང་སྒོས་མཚན་ཉིད་པ་ཚོ་ལ་མ་གཏོགས་གཞན་དག་ལ་དགོས་ཀྱི་མེད་པ་ལྟ་བུ་དེ་འདྲ་མ་ཡིན་པར། ཡིན་གཅིག་མིན་གཅིག་དོ་སྣང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག
གང་ལྟར་ཡང་སངས་རྒྱས་པའི་བཤད་སྟངས་ལ། རྟག་པ་བདེན་པའི་འཁོར་བ་ཡོད་པ་མ་རེད་ལ། རྒྱུན་གྱིས་རྟག་མི་རྟག་སྒང་ལ་བསམ་བློ་བཏང་བ་ཡིན་ན་བཅོས་སུ་མེད་པའི་རྟག་པ་ལ་འཁོར་བ་ཡོང་གི་མ་རེད། རང་དབང་གི་མི་རྟག་པ་ཞེས་ལབ་ན། རྒྱུན་འཇོག་ཐུབ་ཀྱི་མ་རེད། རྒྱུན་ཟེར་བ་དེ་ལྟོས་ནས་འཇོག་རྒྱུ་ཞིག་མ་གཏོགས། རང་བཞིན་གྱིས་གྲུབ་པའི་ཆ་ནས་བསམ་བློ་བཏང་བ་ཡིན་ན། རྒྱུན་ལས་བརྟེན་ནས་བཏགས་ཟེར་རྒྱུ་ཁག་པོ་རེད།
སྲིད་པ་འཁོར་བ་ཞེས་པ་རྒྱུན་གྱི་སྒང་ནས་བསམ་བློ་གཏོང་རྒྱུ་ཞིག་རེད། རྒྱུན་དང་འབྲེལ་བ་ཡོད་པ་ཞིག་རེད། རྒྱུན་ལ་བསམ་བློ་གཏོང་སྐབས་དུས་དང་འབྲེལ་བ་ཡོད་པ་རེད། དུས་ལ་བསམ་བློ་གཏོང་དུས་མ་བརྟག་མ་དཔྱད་པའི་སྐབས་ལ་འདས་པའི་དུས་དང༌། མ་འོངས་པའི་དུས། ད་ལྟ་བའི་དུས་ཞེས་བསྐལ་པ་ལ་སྦྱར་ཆོག་གི་རེད། ལོ་ལ་སྦྱར་ཆོག་གི་རེད། ཟླ་བ་ལ་སྦྱར་ཆོག་གི་རེད། ཆུ་ཚོད་ལ་སྦྱར་ཆོག་གི་རེད། ཕར་བསམ་བློ་ཞིབ་ཕྲ་བཏང་ན་ད་ལྟ་བ་ཟེར་བ་ཞིག་རྙེད་རྒྱུ་ཡོད་མ་རེད། ལོ་ད་ལྟ་བ་ཞེས་སྤྱི་ཡོངས་ཀྱིས་ལབ་པ་མ་གཏོགས་ཟླ་བའི་སྒང་ལ་འགྲོ་དགོས་པ་རེད། དེ་བཞིན་ཟླ་བ་ད་ལྟ་བ་ཞེས་པ་སྤྱི་ཡོངས་ཀྱིས་ལབ་པ་མ་གཏོགས། ཞིབ་ཚགས་པོའི་སྒང་ལ་ཕྱིན་པ་ཡིན་ན་ཞག་གི་སྒང་ལ་འགྲོ་དགོས་རེད། ཆུ་ཚོད་སྒང་ལ་འགྲོ་དགོས་རེད། སྐར་མའི་སྒང་ལ་འགྲོ་དགོས་རེད། སྐར་ཆའི་སྒང་ལ་འགྲོ་དགོས་རེད།
སྐར་མ་གཅིག་གི་ནང་དུ་སྐར་ཆ་སུམ་ཅུ་ཐམ་པ་འགག སུམ་ཅུ་ཐམ་པ་འགག་རྒྱུའི་མཚམས་དེ་ལ་སུམ་ཅུ་ཐམ་པ་ཡན་ཆད་འདས་པ་རེད། འབྱུང་རྒྱུའི་སུམ་ཅུ་ཐམ་པ་དེ་མ་འོངས་པ་རེད། ད་ལྟ་བ་མི་འདུག དེ་ལྟར་བསམ་བློ་བཏང་ན་མི་འདུག ཡུད་ཙམ་ཞིག་འགྲོ་བསྡད་པ་དེའི་ནང་དུ་འཁྱུག་ཙམ་དེ་འདས་པ་ན་འདས་པ་རེད། འབྱུང་འགྱུར་དེ་མ་འོངས་པ་རེད།
དེ་མ་གཏོགས་ད་ལྟ་བ་ཞེས་དེའི་བར་དུ་གནས་སྡོད་མཁན་ཞིག་མི་འདུག གལ་ཏེ་ད་ལྟ་བ་མེད་ན་ད་ལྟ་བར་ལྟོས་ནས་འདས་པ་དང༌། མ་འོངས་པ་འཇོག་ཤེས་ཀྱི་མ་རེད།
ད་ལྟ་བ་མེད་ན་འདས་མ་འོངས་པའི་རྩོད་སའི་གཞི་ཁོ་རང་མེད་པ་ཆགས་པ་རེད། དེར་བརྟེན་འདས་མ་འོངས་ད་ལྟ་དུས་གསུམ་ཞེས་པ་ཡོད་རེད་དེ། བསམ་བློ་བཏང་བ་ཡིན་ན་རྙེད་རྒྱུ་མི་འདུག འདས་པ་ངོ་བོ་ཉིད་ཅེས་པ་ཞིག་འཇོག་རྒྱུ་མི་འདུག ད་ལྟ་བ་ངོ་བོ་ཉིད་ཀྱིས་གྲུབ་པ་ཞིག་འཇོག་རྒྱུ་མི་འདུག རྒྱུན་མཐུད་པ་ཞིག་གི་སྒང་ལ་བསམ་བློ་བཏང་ཡོང་དུས་མ་བརྟག་མ་དཔྱད་པའི་ངང་ནས་འཇོག་རྒྱུ་མ་གཏོགས། རྒྱུན་འདི་རེད་ཅེས་མཛུབ་མོ་བཙུགས་ས་ཁྱོན་ནས་མི་འདུག དེར་བརྟེན་ཤེས་པ་སྐད་གཅིག་ཆ་མེད་ཅེས་པ་དེ་ཚོའི་སྒང་ལ་སླེབས་ཡོང་གི་འདུག དུས་སྐད་གཅིག་སྐད་གཉིས་འཇོག་ཐུབ་རྒྱུ་ཁག་པོ་རེད། དེར་བརྟེན་རྒྱུན་ཟེར་བ་འཇོག་ཐུབ་རྒྱུ་ཁག་པོ་རེད། རྒྱུན་འཇོག་མ་ཐུབ་ན་སྲིད་པ་འཁོར་བའི་རྒྱུན་ཞེས་པ་འཇོག་ཐུབ་ཀྱི་མ་རེད།
འབྲས་བུ་རྒྱུ་ལ་ལྟོས་པ་དེ་འབྲས་བུ་རང་དབང་གིས་གྲུབ་ཐུབ་པ་ཞིག་མིན་སྟབས། ཡིན་གཅིག་མིན་གཅིག་རྒྱུ་ལ་ལྟོས་དགོས་པ་ཞིག་འདུག རྒྱུ་ཡོད་ན་འབྲས་བུ་ཡོད་པ་དང༌། རྒྱུ་མེད་ན་འབྲས་བུ་མི་འབྱུང་བ་རེད། དེར་བརྟེན་མེད་ན་མི་འབྱུང་བའི་འབྲེལ་བ་གྲུབ་བསྡད་པ་ཞིག་རེད། མེད་ན་མི་འབྱུང་བའི་འབྲེལ་བ་གྲུབ་པ་དེ་འབྲས་བུ་ཁོ་རང་རང་དབང་གིས་གྲུབ་ཐུབ་ཀྱི་མེད་པ་ཡིན་སྟབས་རྒྱུ་ལ་ལྟོས་པ་རེད། རྒྱུས་འབྲས་བུ་བསྐྱེད་པའི་བྱ་བ་བྱེད་པ། རྒྱུ་འབྲས་ཀྱི་བྱ་བ་བྱེད་པ་དེ་ཡིས་དངོས་པོའི་ཆོས་ལ་ཕན་ཚུན་ལྟོས་ནས་ཡོང་དགོས་པ་ཞིག ལྟོས་གྲུབ་ཅིག་མེད་ན། འབྲས་བུ་རྒྱུ་ལ་བརྟེན་དགོས་ཀྱི་མ་རེད། བརྟེན་ནས་གྲུབ་པ་ཞིག་དགོས་ཀྱི་རེད།
ཡན་ལག་ལ་བརྟེན་ནས་ཡན་ལག་ཅན། ཡན་ལག་ཅན་ལ་བརྟེན་ནས་ཡན་ལག ཆ་ཤས་ལ་ལྟོས་ནས་ཆ་ཅན། ཆ་ཅན་ལ་ལྟོས་ནས་ཆ་ཤས། ཆ་ཤས་ལས་ལོགས་སུ་ཆ་ཅན་ཡན་གར་དུ་འཇོག་རྒྱུ་མེད་པ་རེད། ཕན་ཚུན་ལྟོས་པའི་ལྟོས་གྲུབ་ཅིག་ཡོད་སྟབས། རྒྱུ་འབྲས་ཀྱི་རྟེན་འབྲེལ་དེ་ཡོད་པ་རེད། ལྟོས་གྲུབ་མིན་པར་རང་དབང་གིས་གྲུབ་པའམ། ལྟོས་མེད་ཀྱིས་གྲུབ་པ་ཡིན་ན་འབྲས་བུ་རྒྱུ་ལ་ལྟོས་དགོས་ཀྱི་མ་རེད། འབྲས་བུ་རྒྱུ་ལ་ལྟོས་པ་མཐོང་ཆོས་སུ་ཡོད་པ་ཡིན་དུས། འབྲས་བུ་རྒྱུ་ལ་ལྟོས་པ་ཉིད་ཀྱིས་ལྟོས་གྲུབ་ཡོད་པ་ཞིག་ཏུ་གོ་ཡོང་གི་འདུག ལྟོས་གྲུབ་ཟེར་བ་ཞིག་གོ་ཡོང་དུས། ངོ་བོ་ཉིད་ཀྱིས་གྲུབ་ན་ལྟོས་གྲུབ་ཡོང་དགོས་པ་མི་འདུག དོན་སྟེང་ནས་རང་དབང་གིས་གྲུབ་པ་ཞིག་ཡོད་ན། ལྟོས་གྲུབ་ཡོང་ཤེས་ཀྱི་མ་རེད།
གང་ལྟར་ལྟོས་གྲུབ་ཅེས་པ་ཞིག་ང་ཚོའི་བློ་ལ་ཤར་གྱི་འདུག ལྟོས་གྲུབ་ཟེར་བ་ཡོད་པའི་རྟགས་དེ་གང་ལ་ཐུག་པ་རེད་ཟེར་ན། ཆོས་གང་དང་གང་ཡིན་ཡང་རང་སྟེང་ནས་ཚུགས་ཐུབ་པ་དང༌། ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པ་དེ་བསྟན་ཡོང་གི་འདུག དེ་འདྲ་ཡིན་དུས་རྒྱུ་འབྲས་རྟེན་འབྱུང་གི་ལྟོས་གྲུབ་ཀྱི་གོ་བ་སླེབས་ཡོང་གི་རེད། ལྟོས་གྲུབ་ཡོད་པ་དེས་ངོ་བོ་ཉིད་ཀྱིས་གྲུབ་པ་སྟོང་བ་དེའི་གོ་བ་སླེབས་ཡོང་དུས། དེ་ནས་ཕར་བསམ་བློ་གཏོང་དུས་རྒྱུ་འབྲས་རྟེན་འབྱུང་གི་གོ་བ་སླེབས། དེ་ནས་བརྟེན་ནས་བཏགས་པའི་རྟེན་འབྱུང་གི་གོ་བ་སླེབས།
དེ་ནས་ཕར་བསམ་བློ་གཏོང་ཡོང་དུས་མིང་བརྡས་བཞག་ཙམ་ཞིག་མ་གཏོགས་ངོ་བོ་ཉིད་ཀྱིས་གྲུབ་པ་སྟོང་བ་དེ་བློ་ལ་ཤར་ཡོང་གི་འདུག
དེ་ཚུར་ཁ་བསློག་ཡོང་དུས་ངོ་བོ་ཉིད་ཀྱིས་གྲུབ་པ་སྟོང་བ་ཡིན་པས། གཞན་ལ་རག་ལས་པ་འཐད་པ་རེད། དེ་འཐད་པ་ཡིན་དུས་རྒྱུ་རྐྱེན་ལ་ལྟོས་པ་འཐད་པ་རེད། རྟེན་འབྱུང་གིས་སྟོང་པ་ལ་ངེས་པ་རྙེད་པ་དང༌། སྟོང་པས་རྟེན་འབྱུང་ལ་ཚུར་ངེས་པ་རྙེད་པ་ཞིག་ཡོང་བའི་གོ་བ་ཞིག་སླེབས་ཀྱི་རེད། གང་ལྟར་མིང་བརྡས་བཞག་ཙམ་དང༌། ཐ་སྙད་ཀྱིས་བཏགས་ཙམ་གྱི་ཆོས་ཤིག་ཡོད་པ་རེད་མ་གཏོགས་དོན་གྱི་ངོས་ནས་གྲུབ་པ་ཞིག་ཡོད་མ་རེད། རྒྱུ་མཚན་དེ་འདྲ་ཡིན་དུས་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་བརྟེན་ནས་འབྱུང་བར་གསུངས་པ་རེད། བརྟེན་ནས་འབྱུང་བ་ཡིན་པས་ངོ་བོ་ཉིད་ཀྱིས་གྲུབ་པ་སྟོང་བ་དེ་ལ་སྟོང་པ་ཉིད་ཅེས་པ་བཅོམ་ལྡན་འདས་ཀྱིས་གསུངས་འདུག
བཅོམ་འདས་ལྡན་འདས་ཀྱིས་བདེན་བཞི་གསུང་པའི་སྐབས་ནས་རྒྱུ་འབྲས་སྐོར་གསུང་གི་ཡོད་རེད། རྒྱུ་འབྲས་གསུང་ཡོང་བ་དེས་བཅོམ་འདས་ཀྱི་དགོངས་པ་མཐར་ཐུག་དེ་སྲིད་པ་འཁོར་བའི་རྩ་བ་མ་རིག་པའི་གཉེན་པོ། དེ་ཙམ་དུ་མ་ཟད་མ་རིག་པས་བཞག་པའི་བག་ཆགས་ཤེས་བྱ་སྒྲིབ་པའི་གཉེན་པོ་མཐར་ཐུག་དེ་ཆོས་ཐམས་ཅད་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པའི་སྟོང་ཉིད་ཀྱི་ལྟ་བ་དེ་བཅོམ་ལྡན་འདས་ཀྱིས་གསུངས་པ་རེད། སྔགས་ལམ་གྱི་ཐུན་མོང་མ་ཡིན་པའི་ཟབ་ཁྱད་ཡོད་པ་དེ། དེ་འདྲ་བའི་སྟོང་ཉིད་ཀྱི་ལྟ་བ་ལ་གོང་ནས་གོང་དུ་ཁྱད་ཞུགས་པ། ཡུལ་ཅན་གྱི་ངོས་ནས་ཡུལ་ཅན་ཕྲ་ཞིང་ཕྲ་བ་མཐར་ཐུག་པ་དེ་སྟོང་ཉིད་རྟོགས་པའི་ལྟ་བའི་ངོ་བོར་སྐྱེ་བ་ཞིག་གསུང་གི་འདུག
དེ་འདྲ་ཡིན་དུས། ཁྱོད་ཀྱིས་ཇི་སྙེད་བཀའ་བསྩལ་པ།། རྟེན་འབྲེལ་ཉིད་ལ་བརྩམས་ཏེ་འཇུག། དེ་ཡང་མྱ་ངན་འདའ་ཕྱིར་ཏེ།། ཞི་འགྱུར་མིན་མཛད་ཁྱོད་ལ་མེད།། ཅེས་གསུངས་དགོས་པའི་དོན་དག་དེ་རེད། སྡུག་བསྔལ་གྱི་རྩ་བ་མི་ཤེས་པ། མི་ཤེས་པའི་རྩ་བ་མཐར་ཐུག་དེ་ཕྱིན་ཅི་ལོག་ཏུ་རྟོགས་པའི་མི་ཤེས་པ། གཏི་མུག་བདེན་འཛིན་དེ་ལ་ཐུག་ཡོད་རེད། དེ་འདྲ་བའི་གཏི་མུག་བདེན་འཛིན་དེ་སད་པའི་དོན་དུ་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཁོ་ན་ཉིད་གསུངས་པ་རེད།
སངས་རྒྱས་ཀྱི་གསུང་གི་དྲང་ངེས་འཇོག་ཚུལ་ནི། ལུང་ལ་བརྟེན་ནས་དྲང་ངེས་འཇོག་དགོས་ན། དཔེར་ན། མདོ་སྡེ་དགོངས་འགྲེལ་གྱི་སྐབས་སུ་འཁོར་ལོ་དང་པོ་འཁོར་ལོ་བར་པ་གཉིས་བླ་ན་ཡོད་པ། སྐབས་ཕྱེས་པ་ཞེས་རྩོད་པའི་གནས་སུ་གྱུར་པ་ལགས། འཁོར་ལོ་མཐའ་མ་རྩོད་པའི་གནས་སུ་མ་གྱུར་པ་རེད་ཅེས་བླ་ན་མ་མཆིས་པ་གོང་ན་མ་མཆིས་པ་གསུངས་པ་ཡིན་པར་བརྟེན་དེ་འདྲ་རེད། དེ་ངེས་དོན་གྱི་མདོ་ཡིན་ཞེས་གསུང་གི་ཡོད་རེད། ལུང་ཙམ་ལ་བརྟེན་དགོས་བྱུང་ན། མདོ་སྡེ་དགོངས་འགྲེལ་དེ་ངེས་དོན་གྱི་མདོ་ལ་བརྩི་དགོས་ཀྱི་རེད། རིག་པས་དཔྱད་ཡོང་དུས་མདོ་སྡེ་དགོངས་འགྲེལ་ནང་མཚན་ཉིད་གསུམ་གྱི་རྣམ་གཞག་གསུངས་པ་རེད། དཔེར་ན། དབྱིག་གཉེན་གྱི་གཞུང་ནང་ཡང་དག་མ་ཡིན་ཀུན་རྟོག་ཡོད་ཅེས་གསུངས་པ་དང༌། ཀུན་རྟོག་ཅེས་ཡོད་པའི་དོན་དེ་རང་བཞིན་ཞེས་པ་ཚིག་གི་ལྷག་མའོ་ཞེས་གསུངས་ཡོང་དུས་རང་བཞིན་ཡོད་པ་ཞེས་ཚིག་གསལ་པོ་རེད། མ་བརྟག་པའི་གཞན་དབང་རང་བཞིན་གྱིས་གྲུབ་པ་རེད། རང་བཞིན་གྱིས་ཡོད་པ་རེད་ཅེས་ཐག་བཅད་ནས་གསུངས་པ་རེད། དེ་རིག་པས་དཔྱད་ཡོང་དུས་མ་བདེ་བ་ཞིག་འདུག དེར་བརྟེན་དྲང་ངེས་འབྱེད་ཅེས་པ་རིག་པ་ཉིད་ལ་བརྟེན་དགོས་པ་མ་གཏོགས། མདོ་ཞིག་ལ་བརྟེན་ནས་དྲང་ངེས་འཇོག་དགོས་ན། མདོ་དེ་ཡང་ངེས་དོན་རེད། ཕ་གི་ཡང་ངེས་དོན་རེད་ཅེས་ཐོག་མེད་དུ་ཐལ་འགྲོ་ཡི་རེད། གང་ལྟར་དེ་སངས་རྒྱས་པའི་ཆོས་དང་ལྷག་པར་དུ་ནཱ་ལེནྜའི་རྣམ་དཔྱོད་རེད་འདུག རིག་པ་རང་ལ་བརྟེན་ནས་འགྲོ་དགོས་པ་དེ་ཡང་རྗེ་རིན་པོ་ཆེས། རིག་པ་དང་འགལ་བའི་གྲུབ་མཐའ་ཁས་བླངས་ན་སྨྲ་བ་པོ་ཚད་མའི་སྐྱེས་བུ་མི་རུང་བའི་ཕྱིར་རོ་ཞེས་གསུངས་པ་དེ་བདེན་པ་རེད་འདུག
བོད་ནང་དུ་མ་འོངས་པར་སངས་རྒྱས་པའི་ཆོས་ཀྱི་གནས་སྟངས་དང༌། ད་ལྟའི་གནས་སྐབས་ཀྱི་ཆོས་ཀྱི་གནས་སྟངས་སྐོར་ནི། ཇོ་བོ་རྗེས་བྱང་ཆུབ་ལམ་གྱི་སྒྲོན་མ་དེ་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་བོད་པ་རྣམས་སངས་རྒྱས་པའི་ཆོས་ལ་དད་པ་རྩེ་གཅིག་ཏུ་ཡོད་པ་གཞིར་བཞག་ནས་མཛད་པ་ཞིག་རེད། ད་ལྟའི་གནས་སྐབས་ག་འདྲ་ཞིག་རེད་ཟེར་ན། ཚང་མ་ནང་པ་གཞིར་བཞག་ཅིག་ཆགས་ཡོད་མ་རེད། མ་འོངས་པར་ཡང་བོད་ནང་དུ་དག་སྣང་གི་སྒང་ནས་ནང་པའི་ཆོས་ལ་ཡིད་ཆེས་བྱེད་མཁན་རྐྱང་རྐྱང་ཡིན་པ་ཞིག་ཕལ་ཆེར་ཡོང་གི་མ་རེད། ཡོང་བའི་དབང་དུ་བཏང་ནའང་རྗེ་རིན་པོ་ཆེས་སྔགས་རིམ་ཆེན་མོའི་ནང་དུ་གསུངས་པ་ནང་བཞིན་རེད། མུ་སྟེགས་པ་ཡོད་དམ་མེད་ཀྱང་སླ་ཡི། རང་གི་རྒྱུད་ལ་ཚད་མས་
ཐུབ་པའི་སྐྱབས་འགྲོ་རྣམ་པར་དག་པ་ཞིག་དགོས་ན། དཔྱད་པ་འདི་འདྲ་ཞིག་བྱེད་དགོས་ཀྱི་རེད་ཅེས་སྔགས་རིམ་ཆེན་མོའི་འགོ་ལ་གསུངས་ཡོད་པ་རེད།
རྒྱུ་མཚན་དེ་ལ་བརྟེན་ནས་སྔགས་རིམ་ཆེན་མོའི་ལེའུ་དང་པོའི་མཇུག་ཏུ་དེ་འདྲ་ཞིག་གསུངས་ཡོད་རེད། གང་ལྟར་སངས་རྒྱས་པའི་ཆོས་ལ་ཡིན་ཤར་ཤར་གྱིས་ཡིད་ཆེས་མི་བྱེད་པར། དཔྱད་པ་བྱེད་པ་དང༌། བསམ་བློ་བཏང༌། བསྡུར་ནས་ཐག་གཅོད་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་འདྲ་ཡིན་དུས་རྒྱ་གར་མཁས་པའི་གཞུང་དེ་དག་གནད་འགག་ཆེན་པོ་ཞེ་དྲག་མཐོང་གི་འདུག ནམ་རྒྱུན་ངས་བཀའ་འགྱུར་བསྟན་འགྱུར་དེ་ཚོ་སློབ་དེབ་རེད་ཅེས་བཤད་ཀྱི་ཡོད། ལོ་རེར་བཀའ་འགྱུར་དག་སྒྲོག་བྱེད། བསྟན་འགྱུར་དག་སྒྲོག་བྱེད་ཅེས་ཆོས་འདོན་བྱེད་པའི་སྐད་ཆ་མ་རེད། དེ་དག་ང་ཚོས་སློབ་དེབ་རང་ལ་བརྩིས་ནས་སློབ་སྦྱོང་བྱེད་དགོས་པ་རེད།
ང་རང་ལ་ཆ་བཞག་ནའང་དུས་ཚོད་ཀྱིས་འདང་གི་མི་འདུག་མ་གཏོགས། བར་སྐབས་ཡོད་པའི་དུས་ལ་བསྟན་འགྱུར་གྱི་གཞུང་དེ་དག་ཏོག་ཙམ་ཀློག་གི་ཡོད། ཧ་ལས་པ་རེད་འདུག མཁྲེགས་པོ་ཡང་འདུག་སྟེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད་འདུག གཞུང་གོང་འོག་དེ་དག་མར་ཀློག་དགོས་པ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད་འདུག
སྡུག་བསྔལ་རང་གིས་བྱས་པ་དང༌། གཞན་གྱིས་བྱས་པ། གཉིས་ཀས་བྱས་པ། ཡང་ན་རྒྱུ་མེད་ལས་བྱུང་བ། ཡང་ན་བརྟག་པ་རང་བྱུང་གི་སྐྱེ་བོས་བཀོད་པ་རེད་ཅེས་འདོད་མཁན་ཡོད་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེ་དག་ཐམས་ཅད་རྒྱུ་འབྲས་ཙམ་ལ་བརྟེན་ནས་བྱུང་བསྡད་པ་ཞིག རྒྱུ་བཟང་ངན་ལ་བརྟེན་ནས་འབྲས་བུ་བཟང་ངན་ཡོང་བསྡད་པ་དེ་འདྲ་ཞིག་རེད། དེར་བརྟེན་རྒྱུ་འབྲས་ཀྱི་རྟེན་འབྱུང་གསུངས་པ་རེད། རྒྱུ་འབྲས་ཀྱི་རྟེན་འབྱུང་ཡོང་ཆོག་པ་དེ་བརྟེན་ནས་བཏགས་པའི་རྟེན་འབྱུང་ལ་ཐུག་གི་ཡོད་རེད། བསམ་བློ་ཡག་པོ་ཞིག་བཏང་ན་ཕལ་ཆེར་གསལ་པོ་རེད།།