ཕྱི་ལོ་༢༠༠༨ ཟླ་ ༡ ཚེས་༩ ཉིན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་དོལ་རྒྱལ་སྐོར་བཀའ་སློབ་སྩལ་བ།
༄༅། །ཁྱེད་རང་ཚོ་གསོལ་ཇ་བཞེས། གུང་བཅད་གནང་མེད་མཁན་ཚོས་བག་ལེབ་བཞེས་གནང༌། སྐབས་འདིར་ངས་འཕྲོས་བཤད་ཅིག་ཤོད་འདོད་བྱུང༌། ཁ་སང་ཚོགས་འདུའི་སར་སེ་ར་བྱེས་པའི་དགེ་བཤེས་ཞིག་གིས་དོལ་རྒྱལ་སྐོར་ལ་གཏམ་བཤད་ཞིག་བྱས་སོང་བས་གཏམ་བཤད་བྱེད་མཁན་དགེ་བཤེས་དེ་གང་དུ་བསྡད་ཡོད་དམ། ཁ་སང་ཏྲེ་ཧོར་ཁམས་པའི་སྐད་དེ་ཆ་ཚང་ཞིག་གོ་མ་སོང་༼མཚམས་འདིར་ཞལ་མོ་བཞད༽ངས་ཚིག་རེ་གཉིས་ཤིག་ལ་དོ་སྣང་བྱུང་བས་དེར་གསལ་བཤད་བྱེད་དགོས་འདུག་བསམ་པ་དྲན་བྱུང་། རྩ་བའི་རང་གིས་ལྷག་བསམ་ཞིག་འཁྱེར་ཏེ་གསལ་བཤད་བྱེད་ཀྱི་ཡོད་པ་རེད། བྱས་ཙང་ངོས་ནས་སྲུང་མ་བསྟེན་ཕྱོགས་སྐོར་ཞེས་པ་ལ་གསལ་བཤད་བྱེད་འདོད་ཀྱི་ཡོད། ནམ་རྒྱུན་ལྷ་སྲུང་བསྟེན་ཕྱོགས་ཟེར་མཁན་ཡོད། ཚིག་དེ་མ་དག་པ་རེད། སྲུང་མ་ཞེས་པ་ནི་རོགས་རམ་བྱེད་མཁན་དང༌། སྲུང་ཞིང་སྐྱོང་མཁན་ཞིག་ལ་འབོད་ཀྱི་ཡོད། དཔེར་ན་རྒྱལ་དབང་དགེ་འདུན་གྲུབ་པའི་རྣམ་ཐར་ནང་དགེ་ལུགས་པའི་སྲུང་མ་དམ་ཆེན་ཆོས་རྒྱལ་གཙོ་བོ་ཡིན་དུས་མགོན་པོ་ཞལ་བསྟེན་པ་ཡིན་ན་འགྲིག་གི་མ་རེད་ཅེས་བཤད་སྲོལ་ཡོད་པ་རེད་ཟེར་གྱི་འདུག ཡིན་ན་ཡང་བདེན་པ་མ་རེད། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་རང་གི་ཉམས་མྱོང་ཀྱི་ཐོག་ནས་དེ་འདྲའི་སྐྱོན་ཁྱོན་ནས་མི་འདུག་ཅེས་གསུངས་པས་ཤེས་ཐུབ། དེ་ལས་གཞན་མགོན་པོ་ཞལ་ནི་ས་སྐྱའི་བཀའ་སྲུང་ཐོུང་མ་ཡིན་པ་ཞིག་ཡིན་པར་སྔ་མོ་ཁྲི་བྱང་རིན་པོ་ཆེས་བཀའ་གནང་གི་ཡོད། རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེ་གཉིས་ཀྱིས་རྒྱལ་ཚབ་རྗེས་དགེ་རྒན་དང༌། མཁས་གྲུབ་རྗེས་དགེ་ཕྲུག་གནང་སྟེ་གཙོ་བོ་རྒྱལ་ཚབ་རྗེས་རྗེ་རིན་པོ་ཆེར་རྩོད་པ་སྐྱོན་ཕྱིར་དབུས་ལ་ཕེབས་སྐབས་རྗེ་རིན་པོ་ཆེས་གསུང་ཆོས་ཞིག་གནང་སར་ཁ་གཏུགས་དབུ་ཞཱ་བཞེས་ནས་བཞུགས་ཁྲིའི་སྒང་ལ་འཛེགས་སྟེ་བཞུགས་དུས་རྗེ་རིན་པོ་ཆེས་སྣང་མེད་ངང་གསུང་ཆོས་གནང་ནས་བཞུགས་པ་རེད། རྒྱལ་ཚབ་རྗེས་བློ་གཟུ་བོར་གནས་པ་མཁས་པའི་དབང་པོ་ཡིན་དུས་རྗེ་རིན་པོ་ཆེས་གསུང་ཆོས་ཇི་འདྲ་ཞིག་གནང་གི་ཡོད་དམ་སྙམ་ནས་བཞུགས་སྐབས་ཁོང་གི་ཐུགས་ལ་མི་དེ་གཞན་དང་མི་འདྲ་བ་ཞིག་འདུག་དགོངས་ནས་ག་ལེར་དབུ་ཞཱ་ཕུད་དེ་སྤམ་པོ་བྱས་ནས་བཞུགས། གང་མཚམས་ཞིག་ནས་རང་དབང་མེད་པར་རྗེ་རིན་པོ་ཆེ་ལ་དད་པ་འཁྲུངས་ཏེ་བཞུགས་ཁྲི་ནས་མར་འབབ་སྟེ་རྗེ་རིན་པོ་ཆེ་ལ་ཕྱག་གསུམ་འཚལ། ངས་ཁྱེད་རང་ལ་རྩོད་པ་ཇི་ལྟར་བྱེད་ཐུབ་ད་ནས་བཟུང་ཁྱེད་རང་གི་སློབ་མར་སྡོད་ཀྱི་ཡིན་ཞེས་གསུངས་ཏེ་རྗེ་རིན་པོ་ཆེའི་སྲས་ཀྱི་ཐུ་བོར་གྱུར་པ་ཞིག་ཡིན་དུས་ས་སྐྱའི་མཁས་པ་རྩོད་པའི་འཁྱུ་མཆོག་དེ་འདྲ་ཞིག་རྗེ་རིན་པོ་ཆེ་ལ་དགག་པ་སྐྱོན་པར་ཕེབས་ཏེ་རྗེས་སུ་རྗེ་རིན་པོ་ཆེའི་སློབ་མར་འགྱུར་བ་ཞིག་རེད།
དེ་དུས་དཔལ་ས་སྐྱ་པས་མགོན་པོ་གུར་ཞལ་གཉིས་ལ་སྐུལ་བསྐྱོན་པ་དེ་འདྲ་བྱུང་བ་ཡིན་པ་རེད། དེར་བརྟེན་མགོན་པོ་གུར་ཞལ་གཉིས་སམ་དཔལ་ས་སྐྱ་པའི་བསྟན་སྲུང་དང་བཀའ་སྲུང་ཚོས་ས་སྐྱ་དགོན་ཆེན་ནས་མར་ཕེབས་སྐབས་ཁྲོ་བོའི་རྒྱལ་པོ་འཇིགས་སུ་རུང་བའི་རྣམ་པར་ཕེབས་ཀྱི་ཡོད་ཅེས་གྲགས། སྔོན་ནས་དམ་ལ་བཏགས་པ་ཡིན་ཙང་དེ་འདྲ་སེ་ཕེབས་ཀྱི་ཡོད་ཅེས་ཟེར། དེ་ནས་ས་སྐྱ་ནས་མར་རི་སྣ་ཞིག་ཡོད་པ་དེ་ནས་མར་བརྒལ་བ་དང་མགོན་པོ་རྫིག་པོ་བྱས་ཏེ་ཕེབས་མཁན་དེ་ལྷ་སར་དགའ་ལྡན་དུ་ཉམས་ཆུང་བྱས་ཏེ་མར་ཕེབས་ཀྱི་ཡོད་པའི་ལོ་རྒྱུས་དེ་འདྲ་གསུངས་ཀྱི་འདུག མགོན་པོ་ཆེ་ཆུང་གཉིས་ཀྱིས་ས་སྐྱ་ནས་སྔོན་གྱི་ས་ཆེན་ཚོའི་བཀའ་བཀོད་གཉེར་བཏད་ཡོད་པ་ཡིན་ཙང་དེའི་དམ་ཚིག་ལ་བརྟེན་ནས་དེ་བར་དུ་མར་ཡོང་དགོས་ཀྱི་འདུག་གཏོར་མ་ཞིག་གནང་རོགས་ཁྱེད་རང་འདིར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་གི་ཡོད་པ་ཡིན་དུས་རྗེས་སུ་ཡི་རང་མ་གཏོགས་དེ་ལ་གནོད་པ་དང་འཚེ་བ་བྱེད་ཡག་གང་ཡང་མེད་ཅེས་མཁས་གྲུབ་རྗེ་ལ་ཞུས་པའི་ལོ་རྒྱུས་ཁྲི་བྱང་རིན་པོ་ཆེ་བཀའ་གནང་གི་ཡོད། རྒྱུ་མཚན་དེ་འདྲ་ཞིག་ཡིན། དགེ་འདུན་གྲུབ་པའི་རྣམ་ཐར་ནང་དགེ་ལུགས་པ་དམ་ཆེན་ཆོས་རྒྱལ་གཙོ་བོ་ཡིན་དུས་མགོན་པོ་ཞལ་བསྟེན་ན་བདེ་པོ་ཡོད་པ་མ་རེད་ཅེས་ཤོད་སྲོལ་ཞིག་ཡོད་པ་རེད་ཟེར་བ་དེ་བདེན་པ་རེད་མི་འདུག དགེ་འདུན་གྲུབ་པ་གཙང་ཕྱོགས་ལ་འཁྲུངས་མ་ཐག་ཁྱིམ་ཚང་ནང་ཇག་པ་ཡོང་སྟེ་མི་ཚང་མ་བྲོས་ནས་ཕྱིན་ཡུམ་གྱིས་ྋརྒྱལ་དབང་རང་ཉིད་སྐྱེས་མ་ཐག་པའི་ཕྲུག་གུ་ཆུང་ཆུང་ཞིག་ཡིན་ཙང་ས་ཆ་ཁུག་ཀྱོག་ཞིག་ལ་སྦས་བཞག་པ་རེད། རྗེས་སུ་ཇག་པ་ཕྱིན་ཚར་རྗེས་ཕ་མ་གཉིས་ཡོང་སྟེ་ང་ཚོའི་ཕྲུ་གུར་ག་རེ་བྱས་ཡོད་ན་ཞེས་འཚོལ་བར་འགྲོ་སྐབས་བྱ་རོག་རྫིག་ཐག་ཆོད་གཅིག་གིས་བསྲུངས་ནས་བསྡད་ཡོད་པ་རེད། རྗེས་སུ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པར་མགོན་པོ་ཞལ་གྱིས་ཁྱེད་རང་འཁྲུངས་པའི་ཉི་མ་དེ་ནས་ངས་ཁྱེད་རང་སྲུང་སྐྱོབ་བྱས་ཏེ་བསྡད་པ་ཡིན་ཞེས་ཞུས་འདུག གང་ལྟར་དགེ་འདུན་གྲུབ་པ་རྗེ་རིན་པོ་ཡི་དངོས་སློབ་རེད། དམ་ཆེན་ཆོས་རྒྱལ་གཙོ་བསྟེན་གནང་གི་ཡོད་པ་རེད། དེ་དང་ཆབ་གཅིག་མགོན་པོ་ཞལ་ཡང་གཙོ་བསྟེན་གནང་གི་ཡོད་པ་རེད་ལ་ཆུང་ཆུང་ནས་འབྲེལ་བསྡད་པ་ཞིག་རེད། དེ་འདྲ་ཡིན་དུས་ལྷ་སྲུང་བསྟེན་ཕྱོགས་ཟེར་ན་དེ་འདྲ་ཞིག་ལ་གོ་དགོས་ཀྱི་རེད། ཤེས་སོང་ངམ། ཁ་སང་སྲུང་མ་ཞེས་འབོད་པ་དེ་ནོར་བ་རེད།
ད་ལྟ་དོལ་རྒྱལ་སྐོར་བཤད་ཀྱི་ཡིན། དོལ་རྒྱལ་སྐོར་གང་འདྲ་རེད་དམ་ཞེ་ན། དོལ་རྒྱལ་སྐོར་རྒྱུས་མངའ་ཆེ་ཤོས་ཡོད་མཁན་ྋརྒྱལ་དབང་ལྔ་པ་རེད། ྋརྒྱལ་དབང་ལྔ་པའི་དུས་ལ་བྱུང་བ་རེད། ྋརྒྱལ་དབང་ལྔ་པས་ག་རེ་གསུངས་ཡོད་དམ་ཞེ་ན། དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །ཞེས་ཚིག་གསུམ་པོ་འདིས་དོལ་རྒྱལ་གི་རྒྱུ། དོལ་རྒྱལ་གྱི་ངོ་བོ། དོལ་རྒྱལ་གྱི་བྱེད་ལས་བཅས་བསྟན་གྱི་ཡོད་པ་རེད། ཤེས་སོང་ངམ། དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས་སྨོན་ལམ་ལོག་པ་ཟེར་དུས་རྒྱུ་དེ་བཤད། ངོ་བོ་དེ་གང་འདྲ་ཞིག་རེད་ཅེ་ན་སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་རེད། ཤེས་སོང་ངམ། དེ་ནི་སྲུང་མ་རེད་འདུག་གམ། སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་ཞེས། རྒྱུ་སྨོན་ལམ་ལོག་པའི་དབང་གིས་སྐྱེས་པ། ངོ་བོ་དམ་སྲི་འབྱུང་པོ་མི་མ་ཡིན། སྤྱིར་བཏང་འབྱུང་པོ་མི་མ་ཡིན་མང་པོ་ཡོད། ཡིན་ནའི་བྱ་བའི་ཁྱད་པར་གང་འདྲ་ཞིག་རེད་དམ་ཞེ་ན་བསྟན་པ་དང་འགྲོ་བ་ཀུན་ལ་འཚེ་བ་བྱེད་མཁན་དེ་འདྲ་ཞིག་རེད། དེ་འདྲ་སོང་ཙང་དོལ་རྒྱལ་གྱི་རྒྱུ། དོལ་རྒྱལ་གྱི་ངོ་བོ། དོལ་རྒྱལ་གྱི་བྱ་བ་བྱེད་ལས་བཅས་ཚིག་དེ་དག་གིས་བསྟན་གྱི་མི་འདུག་གམ། སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །ཞེས་པ་ནི་སྲུང་མའམ་ལྷ་སྲུང་བསྟེན་ཕྱོགས་ཀྱི་སྐད་ཆ་མ་རེད། འདི་འབྱུང་པོ་བསྟེན་དང་མ་བསྟེན་གྱི་སྐད་ཆ་རེད། དོལ་རྒྱལ་བསྟེན་མཁན་ནི་འབྱུང་པོ་བསྟེན་མཁན་ཞིག་ཡིན། དེ་ལྟར་ཡིན་པ་ཡང་དོལ་རྒྱལ་རང་ཉིད་ཀྱིས་ནམ་རྒྱུན་ཤོད་ཀྱི་ཡོད་པ་ཕལ་ཆེར་ཁྲི་བྱང་རིན་པོ་ཆེའི་གསུང་གི་ནང་ཡོད། འབྲས་སྤུངས་ནས་སྨོན་ལམ་ལོག་སྟེ་འདྲེ་ལ་སྐྱེས་རྗེས་ཐོག་མར་བཀྲིས་ལྷུན་པོར་ཕྱིན། བཀྲིས་ལྷུན་པོ་ནི་རྣམ་སྲས་རྟ་བདག་བརྒྱད་ཀྱིས་སྐོར་ཏེ་འགྲོ་མ་ཐུབ། དེ་ནས་ཐུགས་འཁྲོས་ཏེ་ས་སྐྱ་ངོར་ལ་ཕེབས་དུས་སྐབས་དེའི་ས་སྐྱ་བདག་ཆེན་(བསོད་ནམས་རིན་ཆེན་)༼མཚན་དྲན་གྱི་མི་འདུག༽མཇལ་ནས་ཁྱོད་སུ་ཡིན་ནམ་ཞེས་དྲི་སྐབས་ང་དགེ་ལུགས་པའི་དམ་སྲི་དེ་ཡིན་ཞེས་ཁོ་རང་གིས་བཤད་འདུག ང་དགེ་ལུགས་པའི་དམ་སྲི་ཡིན་ཞེས་བརྗོད་པ་རེད། ཤེས་སོང་ངམ། སྤྱིར་བཏང་འཇིག་རྟེན་གཟུགས་མེད་ཀྱི་དྲེགས་པ་དེ་ཚོའི་གྲས་ཀྱིས་འདྲེ་ང་ཞེས་བཤད་སྲོལ་ཞིག་ཡོད་པ་རེད། ང་དགེ་ལུགས་པའི་དམ་སྲི་ཡིན་ཞེས་པ་དེ་མདོག་ངན་ཞིག་མི་འདུག་གམ། བྱས་ཙང་ྋརྒྱལ་དབང་ལྔ་པ་རང་གིས་སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་ཞེས་གསུངས་པ་གཉིས་པོ་ཏག་ཏག་རེད་མི་འདུག་གམ། ཤེས་སོང་ངམ། དམ་སྲི་ཡིན་ན་སྲུང་མའི་གྲས་ལ་རྩིས་ཆོག་གི་ཡོད་དམ། སྲུང་མ་རེད་དམ་མ་རེད། དམ་སྲི་དང་སྲུང་མའི་གཞི་མཐུན་འཇོག་གམ། ༼མཚམས་འདིར་ཞལ་མོ་བཞད་༽སྲུང་མ་ཟེར་དུས་སྲུང་ཞིང་སྐྱོང་བ་ཞེས་པའི་དོན་རེད། ཁོ་དམ་སྲི་འབྱུང་པོ་ཡིན་སྟབས་སྲུང་མ་ཁྱོན་ནས་མ་རེད། རྒྱུ་མཚན་དེ་འདྲ་ཡིན་དུས་གསལ་བཤད་བྱེད་འདོད་བྱུང༌།
ད་དུང་དགེ་བཤེས་ཁྱེད་རང་གིས་དེ་འདྲ་ཞིག་བཤད་སོང་། སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་ཡབ་སྲས་ཚོའི་སྐབས་ལ་ཐུགས་ཕན་གསོས་ཡག་དང་ཕན་ཐོགས་བྱུང་ཡོད་པ་རེད། ཡིན་ནའི་སྨན་ཁ་ཤས་མགོ་སྟོད་སྨན་ཡིན་ནའི་རྗེས་སུ་དུག་ལ་འགྱུར་བ་དེ་འདྲ་ཡོང་གི་རེད། ཅེས་དཔེར་བརྗོད་དེ་འདྲ་ཞིག་བཞག་སོང་། མ་གཞི་ཏྲེ་ཧོར་ཁམས་པའི་སྐད་ཆ་ཚང་གོ་མ་བྱུང་། བྱང་རྩེ་ཆོས་རྗེ་རིན་པོ་ཆེའི་གསུང་བཤད་ཡང་ཆ་ཚང་གོ་མ་བྱུང་།༼མཚམས་འདིར་ཞལ་མོ་བཞད༽ ཐུགས་འཁུར་ཆེ་བསྐྱེད་ཀྱི་ཐོག་ནས་བཤད་སོང་དཔེ་མི་སྲིད་པའི་བཀྲིན་ཆེན་པོ་རེད། ཁ་སང་ཏྲེ་ཧོར་ཁམས་པའི་སྐད་ཚིག་རེ་གཉིས་ཤིག་གོ་བྱུང་དེ་ནི། སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་ལ་དོལ་རྒྱལ་གྱི་ཐུགས་ཕན་གསོས་པ་དང་ཕན་ཐོགས་བྱུང་ཡོད་རེད་ཟེར་བ་དེ་དཔྱད་པའི་གཞི་རེད། སྤྱིར་སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་ཞིག་བསྟེན་ནས་ཐུགས་ཕན་གསོས་རྒྱུ་ཧ་ཅང་ཁག་པོ་རེད། སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་རང་ཉིད་སྐུ་ཚེ་སྟོད་ལ་བླ་མ་བསམ་གྱི་མི་ཁྱབ་པ་རེད་སྐུ་མདུན་སྐུ་གོང་མས་དམིགས་བསལ་གྱིས་བདག་པོ་སྐྱོན་ས་ཆགས་བསྡད་ཡོད་པ་རེད། ཆེ་མཐོངས་གནང་ས་ཞིག་དང་ལོ་རེ་བཞིན་འཆར་ཅན་བྱས་ཏེ་གཟིམས་ཆུང་མཇལ་བཅར་ལ་ཕེབས་པ་གནང་གི་ཡོད་པ་རེད། སྐབས་ཤིག་སྐུ་མདུན་སྐུ་གོང་མས་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེར་དམིགས་གསལ་གྱིས་གཟིགས་པ་ཆེན་པོ་ཡོད་དུས་རྨེ་རུ་དཔྱིད་ཆོས་ཡང་དགའ་ལྡན་ཁྲི་པའི་ཚབ་ལ་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེར་གནང་དུ་བཅུགས་ནས་དམིགས་བསལ་གྱི་གཟིགས་སྐྱོང་གནང་གི་ཡོད་པ་རེད། དེ་ནས་སྐུ་ཚེའི་རྨད་ལ་གང་འདྲ་ཞིག་ཆག་པ་རེད་དམ། སྐུ་མདུན་སྐུ་གོང་མས་མཉེས་པོ་གནང་ས་དེ་བཀའ་སྐྱོན་ཕེབས་ས་ཞིག་ཆག་པ་རེད། རྒྱུ་མཚན་གཞན་གང་ཡང་ཡོད་པ་མ་རེད། དོལ་རྒྱལ་གྱིས་རྐྱེན་པས་སྐུ་མདུན་སྐུ་གོང་མ་དགོངས་འཚོམས་གནང་ས་ཞིག་ཆག་པ་རེད། བྱས་ཙང་ྋསྐུ་མདུན་སྐུ་གོང་མས་རྒྱབ་སྐྱོར་ཡོད་པ་དེ་ཡག་གི་རེད་དམ་ཡང་ན་སྐུ་མདུན་སྐུ་གོང་མས་དགོངས་འཚོམས་ཡོད་པ་དེ་ཡག་གི་རེད་བསམ་བློ་ཐོངས་དང༌། དེ་དངོས་གནས་བྱས་ན་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེའི་མཛད་འཕྲིན་ལ་གནོད་པ་རེད་ མ་གཏོགས་ཕན་པ་མ་རེད། སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེའི་སློབ་མ་ཐུན་མོང་མ་ཡིན་པ་ཤད་ཟུར་བཀའ་བློན་ཤན་ཁ་བ་འགྱུར་མེད་བསོད་ནམས་སྟོབས་རྒྱལ་ང་ཚོ་རྒྱ་གར་ལ་བྲོས་ཡོང་སྐབས་མཉམ་དུ་ཡོད་པ་དང་ཕན་ཚུན་ནང་ཚགས་ཡིན། བྱས་ཙང་ཁོང་ངེད་གཉིས་ཉིན་གཅིག་བཀའ་མོལ་བྱུང་བའི་འཕྲོས་བཤད་སྐབས། ཁོང་གིས་གསུང་དོན། སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་རྗེས་སུ་སྐུ་མདུན་སྐུ་གོང་མས་བཀའ་ནན་ཕེབས་ཏེ་ཐུགས་ཞེད་སྣང་བྱས་ཏེ་བཞུགས་པའི་སྐབས་ཉིན་གཅིག་སྐུ་མདུན་སྐུ་གོང་མའི་མཇལ་ཁར་བཅར་བ་རེད། མཇལ་ཁའི་སྐབས་ྋསྐུ་མདུན་སྐུ་གོང་མས། ད་རིན་པོ་ཆེ་ག་རེ་གནང་རྩིས་ཡོད་དམ། ཞེས་བཀའ་དྲི་གནང་སྐབས་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེས་དེ་རིང་གོ་སྐབས་ཡག་པོ་བྱུང་དགོངས་ནས། དུས་དེ་བར་དུ་ལམ་རིམ་གསུང་ཆོས་གནང་མ་ནུས་པར་བཞུགས་པ་ཡིན་ཙང་། དེ་རིང་ཚུར་བཀའ་འདྲི་གནང་བས་སྙན་སེང་ཞུ་རྒྱུའི་གོ་སྐབས་ཡག་པོ་ཞིག་བྱུང་དགོངས་ནས། དེང་སྐབས་ལམ་རིམ་བཤད་རོགས་ཟེར་མཁན་ཁ་ཤས་ཡོང་གི་འདུག་དེར་བརྟེན་ལམ་རིམ་ཞིག་བཤད་དགོས་བསམ་ནས་བསྡད་ཡོད་ཅེས་སྐུ་མདུན་སྐུ་གོང་མར་སྙན་སེང་ཞུས་སྐབས་སྐུ་གོང་མས་བཀའ་ལན་ཕེབས་དོན། ལམ་རིམ་འཆད་ཉན་གནང་དགོས་མ་རེད་འབྲེལ་བ་ཡོད་པ་མ་རེད། ཅེས་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་ལ་གསུངས་འདུག དེས་སྐྱབས་རྗེ་ཕ་བོང་ཁའི་མཛད་འཕྲིན་ལ་གནོད་མི་འདུག་གམ། གོ་སོང་ངམ། དེ་དག་ཁྱོད་རང་གི་ངེས་པ་བྱེད། ཁྱེད་རང་གིས་མཚོན་པའི་ང་ཚོའི་ཆོས་གྲོགས་མང་པོ་ཞིག་གིས་གནས་ཚུལ་ཡག་པོ་ཞིག་མགོ་ཚོད་ཀྱི་མེད་པའི་ཟོ་འདུག དེ་འདྲ་ཡིན་དུས་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེས་ཤུགས་ལྡན་བསྟེན་པ་དེས་ཕན་ཡོད་དམ་གནོད་ཡོད་ཅེ་ན་གནོད་ཡོད་པ་རེད་མ་གཏོགས་ཕན་ཡོད་པ་མ་རེད། ཁོ་དམ་སྲི་རེད་འབྱུང་པོ་རེད། སྨོན་ལམ་ལོག་པའི་དབང་གིས་དེ་འདྲ་ཆགས་ཞིག་རེད། བསྟན་དང་འགྲོ་བ་ཀུན་ལ་འཚེ་བ་བྱེད་མཁན་ཆགས་ཡོད། འདི་འདྲའི་རྐྱེན་གྱིས་ཕྱི་ལ་རྟག་ཏུ་བསྟན་པ་ལ་ཕན་གྱི་ཡོད་པའི་ཟོ་འདྲ་པོ་ཞིག་དང་། བསྟན་པ་སྲུང་སྐྱོབ་བྱེད་མཁན་ཡིན་པའི་རྣམ་པ་འདྲ་པོ་བསྟན་པ་གང་ཞིག་ལ་དོན་ལ་ཕན་ལས་གནོད་ཆེ་བ་ཞིག་བྱུང་ཡོད་པ་རེད། མཐའ་མ་སྐྱབས་རྗེ་ཕ་བོང་ཁ་པ་རིན་པོ་ཆེ་སྐུ་ཚེ་སྨད་ལ་ྋསྐུ་མདུན་སྐུ་གོང་མས་བཀའ་ནན་ཕེབས་ཏེ་ཞེད་སྣང་ངང་བཞུགས་དགོས་བྱུང་བ་ཡང་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེའི་ཕྱག་འཛོད་སྐུ་ཞབས་བཀྲིས་ཆོས་གླིང་གིས་མདོ་ནས་འཆིབས་ཞབས་རྟ་པའི་དྲིལ་བུའི་སྒྲ་ཐི་ལིང་ལིང་ཅེས་གོ་དུས་སྨྱོ་གྲབས་བྱེད་ཡག་དེ་འདྲ་བྱུང་བ་རེད། ཤེས་སོང་ངམ། དེ་དག་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེའི་རྣམ་ཐར་ལ་གནོད་མི་འདུག་གམ། རྣམ་ཐར་ཕྱིས་སུ་རྒྱ་གར་ལ་ཁྲི་བྱང་རིན་པོ་ཆེས་ཕྱག་བྲིས་གསར་པ་གནང་བ་དེའི་ནང་ལ་ཁ་ཤས་རྒྱས་བསྡུས་གནང་འདུག བོད་ནས་པར་པ་དཔལ་ལྡན་གྱིས་དཔར་བརྒྱབ་པ་དེ་ཇི་མ་ཇི་བཞིན་རེད། པོད་གཉིས་ཡོད་པ་རེད། པོད་གཉིས་པོའི་ནང་ལ་སྐུ་གོང་མས་བཀའ་ནན་གང་ཇི་ལྟར་ཕེབས་པ། ཡར་ཟུར་ལན་ཇི་ལྟར་ཕུལ་གནང་བ་དེ་དག་ཆ་ཚང་འདུག ཤེས་སོང་ངམ། ད་ལྟ་ངས་འཆད་བཞིན་པའི་ལོ་རྒྱུས་འདི་ཁྲི་བྱང་རིན་པོ་ཆེས་བསྐྱར་བྲིས་གནང་པ་དེའི་ནང་དུ་གསལ་པོ་འདུག
སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེའི་ཞལ་སློབ་རྨེ་རུ་བདག་བླ་མའི་ཞབས་ཏོག་ཞིག་ཡོད་པ་རེད། ཁོང་ལ་ནུབ་ཅིག་རྨི་ལམ་ནང་དོལ་རྒྱལ་ཕེབས་པ་རྨིས་ཏེ་དོལ་རྒྱལ་གྱིས་ཁོང་ལ་དགུ་རྫོགས་གནམ་གང་ལ་ཡིན་དཱ་ཞེས་སྐད་བསངས་ཐོན་པོས་བསྒྲོགས་པ་རེད། སྐད་བསངས་མཐོན་པོ་ཟེར་ཡག་དེ་གཏམ་བཟང་ཞིག་བཤད་ཡག་ཡོད་ན་སྐད་བསངས་ཐོན་པོའི་ཐོག་ནས་སྒྲོག་གི་མ་རེད་དམ། རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོའི་ནང་དུ་ཡོད་པ་བཞིན་དབུ་མ་པས་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་དེས་རང་བཞིན་གྱིས་མ་གྲུབ་པ་རེད་ཅེས་སྐད་བསངས་ཐོན་པོས་ཡང་ནས་ཡང་དུ་སྒྲོག་པར་བྱེད་དོ་གསུང་གི་མི་འདུག་གམ། སྡུག་པ་ཞིག་ཡིན་ན་སྐད་བསངས་ཐོན་པོས་བསྒྲག་གི་མ་རེད། དགུ་རྫོགས་གནམ་གང་ལ་ཡིན་དཱ། ཞེས་པའི་ཚིག་དེ་སྐད་བསངས་ཐོན་པོས་བསྒྲོགས་པ་རེད། དེ་མ་ཐག་གམ་ཉིན་མོ་དེར་རྨེ་རུ་བདག་བླ་མའི་ཞབས་ཕྱི་དེ་མགྱོགས་པོ་བཀྲིས་ཆོས་གླིང་ལ་ཡར་བཅར་དེ་ང་ལ་རྨི་ལམ་འདི་འདྲ་ཞིག་རྨིས་བྱུང་ཞེས་སྐྱབས་རྗེ་རིན་པོ་ཆེ་ལ་ཞུས་པའི་སྐབས་སྐྱབས་རྗེ་རིན་པོ་ཆེས་སྔོན་ལ་ཚིག་མཐོ་ཞིག་བཀོད་ཞོག་ཅེས་གསུངས་འདུག རྗེས་སུ་ཟླ་བ་བཅུ་པའི་ཉི་ཤུ་དགུ་རྫོགས་ནས་གནམ་གང་ཉིན་མོ་དེ་ལ་སྐུ་གོང་མ་གཤེགས་པ་རེད། དེ་སྔོན་དགུ་རྫོགས་གནམ་གང་ཡིན་དཱ། ཟེར་ཡག་དེ་སྐུ་གོང་མ་གཤེགས་ཡག་གི་དུས་ཚོད་དེ་འདྲེས་ཤེས་ཏེ་དུས་ཚོད་དེ་སླེབ་དུས་སྐད་བསངས་ཐོན་པོས་སྒྲོག་ཡག་དེ་སྐུ་གོང་མ་གཤེགས་ན་བསམ་པའི་རེ་བ་རྒྱག་མཁན་ཞིག་ཆགས་མི་འདུག་གམ། སྐུ་གོང་མས་བཀའ་ནན་ཕེབས་ཀྱི་ཡོད་པ་ཡིན་དུས་ཁག་མི་འདུག
སྐུ་ཕྲེང་བཅུ་གསུམ་པ་མི་ཕལ་པ་ཞིག་གི་ངོས་ནས་བཤད་པ་ཡིན་ན་ང་སྐུ་མདུན་སྐུ་གོང་མ་དགེ་སློང་བླ་རྒན་དེ་མཚམས་མཚམས་བསམ་བློ་འཁོར་དུས་ཡ་ང་གི་འདུག་ལ་སྙིང་རྗེ་ཡང་སྐྱེད་ཀྱི་འདུག བོད་བསྟན་སྲིད་ཀྱི་དོན་ལ་སྐུ་ལས་ག་ཚོད་བསྐྱོན་མི་འདུག་གམ། གདན་ས་ཁག་ལ་སློབ་གཉེར་ཡར་རྒྱས་གཏོང་རྒྱུ། ལམ་རིམ་གལ་ཆེན་པོ་རེད་དེ་སྔོན་ལ་གཙོ་བོ་དཔེ་ཆ་བལྟ་དགོས་རེད་ཅེས་གསུངས་ཏེ་སློབ་གཉེར་ལ་ཐུགས་འཁུར་ཆེན་པོ་གནང་འདུག དཔེ་ཆ་བལྟ་མཁན་དགེ་བཤེས་ཚོ་སྤོབས་པ་ཆེན་པོའི་ཐོག་ནས་མགོ་འགྱོག་རྒྱུ་བྱུང་བ་ཡང་སྐུ་གོང་མའི་བཀྲིན་རེད། བླ་རྒན་དེ་བཀྲིན་ཆེན་པོ་མ་རེད་པས། དགེ་སློང་གི་སྡོམ་རྒྱུན་ཡང་རྒྱ་ཆེ་སྤེལ་གནང་འདུག བསྒྲུབ་བྱ་མང་པོ་ཞིག་ལ་དགེ་ཚུལ་སློང་གི་སྡོམ་པ་གནང་འདུག ཞོགས་པ་ནས་དགོང་དྲོ་བར་ཕྱག་བྲིས་གནང་སྟེ་བོད་བསྟན་སྲིད་ཀྱི་དོན་ལ་བླ་ན་མེད་པའི་ཐུགས་འཁུར་བསྐྱེད་པ་གནང་འདུག བླ་རྒན་འདི་འདྲ་ཞིག་གཤེགས་པའི་སྐབས་ལ་མྱ་ངན་བྱེད་རྒྱུ་རེད་མ་གཏོགས་སྐད་བསངས་ཐོན་པོས་གཏམ་བཟང་བསྒྲོགས་རྒྱུ་རྩ་བ་ནས་མ་རེད། སྐུ་མདུན་སྐུ་གོང་མ་གཤེགས་པའི་སྐབས་ལ་བོད་གངས་ཅན་ལྗོངས་ཀྱི་ལྷ་མི་ཡོངས་རྫོགས་མྱ་ངན་བྱེད་རྒྱུ་དང་མིག་ཆུ་གཏོང་རྒྱུ་རེད་མ་གཏོགས་གཏམ་བཟང་སྒྲོག་རྒྱུའི་གནས་སྟངས་ཤིག་མ་རེད། ཤེས་སོང་ངམ། དེ་ནི་སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོས་བསྟན་པ་དང་འགྲོ་བ་ཀུན་ལ་འཚེ་བ་བྱས་པའི་རྟགས་ཞིག་རེད་མི་འདུག་གམ། ཤེས་སོང་ངམ། དེ་འདྲ་ཡིན་དུས་སྲུང་མ་ཡང་མ་རེད་ལ་ལྷ་སྲུང་བསྟེན་ཕྱོགས་ཀྱི་རྙོག་ཁྲ་གང་ཡང་མ་རེད། སྤྱིར་སངས་རྒྱས་ཀྱི་རྗེས་འཇུག་པས་འཇིག་རྟེན་པའི་ལྷ་འདྲེ་མི་བསྟེན་མཁན་ཞིག་དང༌། ཡང་དགོས་འཇམ་མགོན་བླ་མ་ཙོང་ཁ་ཆེན་པོའི་རྗེས་འཇུག་ཞིག་གིས་སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་བསྟན་པ་དང་འགྲོ་བ་ཀུན་ལ་འཚེ་བ་བྱེད་མཁན་ཞིག་སྐྱོབ་པའི་སྲུང་མ་ཡིན། བསྟན་པའི་ལྷ་ཡིན། འཇམ་མགོན་རྒྱལ་བའི་བསྟན་སྲུང་ཡིན་ཞེས་པ་དེ་ནོར་འཁྲུལ་རེད། དེ་འཁྲུལ་པ་རེད་མ་གཏོགས་བདེན་པ་མ་རེད། སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་ཡབ་སྲས་དང་བཅས་པའི་སྐུ་ཚེའི་མཛད་འཕྲིན་ལ་གནོད་ཡོད་པ་རེད་མ་གཏོགས་ཕན་ཡོད་པ་མ་རེད། ཤེས་སོང་ངམ། སྐྱབས་རྗེ་ཕ་བོང་ཁ་ལ་ཡབ་སྲས་ལ་ཐོག་མར་ཕན། ཕྱིས་སུ་གནོད་པ་རེད་ཟེར་བ་དེ་འདྲ་མ་རེད། རླུང་ལངས་པའི་ཟོ་འདྲ་པོ་དེ་འདྲ་མ་རེད། དང་པོ་ནས་སྨོན་ལམ་ལོག་པའི་དབང་གིས་ངོ་བོ་དམ་སྲི་དང་འབྱུང་པོར་སྐྱེས་པ་རེད། བྱ་བ་བསྟན་པ་དང་འགྲོ་བ་ལ་འཚེ་བ་བྱེད་མཁན་ཞིག་ཆགས་པ་རེད། དེ་ནི་དང་པོ་ྋརྒྱལ་དབང་ལྔ་པའི་སྐབས་ནས་བཟུང་ངོ་བོ་འགྱུར་ཡོད་པ་མ་རེད། དེ་རང་གིས་ཤེས་པ་བྱས་ན་ཡག་པོ་རེད། ཤེས་སོང་ངམ། ནོར་འཁྲུལ་ཚང་མ་ངས་བྱས་པ་རེད་ངས་དེ་མ་ཤེས་པ་དང་དོ་སྣང་མ་བྱུང་བ་རེད། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ལ་ཐུགས་ཁག་ཡོད་པ་མ་རེད་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེའི་ཞབས་ཕྱི་གནང་བ་ཡིན་ཙང་བླ་མའི་རྗེས་སུ་ཞུགས་གནང་བ་རེད། སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་ཡང་རྐྱེན་མང་པོ་ཞིག་གི་ཐོག་ནས་བྱུང་བ་རེད། ལྷག་པར་དུ་སྐུ་གོང་མའི་སྐུ་ཚེའི་སྨད་ལ་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་ལ་གཟིགས་ཕྱོགས་བྱུང་སྟེ་བཀའ་ནན་ཕེབས་པ་དང་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་ཞེད་སྣང་གནང་ནས་བཞུགས་དགོས་པ་ཞིག་ཆགས་པ་ཡིན་དུས་སྐུ་གོང་མ་གཤེགས་པའི་སྐབས་དོལ་ རྒྱལ་དགའ་ཏེ་གཏམ་བཟང་འདྲ་པོ་ཞིག་ལ་བརྩིས་ཏེ་སྐད་བསངས་ཐོན་པོས་བསྒྲགས་པ་རེད། སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་ཡང་ཐོུང་གདུལ་བྱའི་སྣང་ངོར་སྐུ་གོང་མས་དམ་བསྒྲགས་གནང་བཞག་པ་དེ་སྐུ་གོང་མ་གཤེགས་པ་ཡིན་ཙང་ཉེན་ཁ་ལས་གྲོལ་བ་འདྲ་པོ་ཞིག་བྱས་ཏེ་ཕྲན་བུའི་བཀྱག་བཀྱག་གནང་བ་འདྲ་པོ་འདུག སྐུ་གོང་མ་མ་གཤེགས་སྔོན་དམ་བསྒྲགས་འོག་ལ་བཞུགས་པ་དེ་སྐུ་གོང་མ་གཤེགས་མ་ཐག་གོ་སྐབས་བཟུང་ནས་ཁྱབ་སྤེལ་ཤུགས་ཆེ་གནང་འདུག དེ་རྒྱུ་མཚན་དུ་བྱས་ཏེ་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེར་ག་རེ་ཟེར་དགོས་རེད། ཕྱག་ལས་དེ་མ་འགྲིག་པ་རེད་དེ་བླ་མ་བསམ་གྱི་མི་ཁྱབ་པ་རེད་དངོས་གནས་དྲང་གནས་ལམ་རིམ་བློ་སྦྱོང་བསྟན་པའི་བདག་པོ་བསམ་གྱི་མི་ཁྱབ་པ་རེད། ང་རང་ལ་ཆ་བཞག་ནའི་རྒྱུད་པའི་བླ་མ་རེད་ལ་རྩེ་གཅིག་པའི་དད་པ་ཡོད། ཡིན་ནའི་དད་པ་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་གནང་ཚད་ཡག་པོ་རེད་ཟེར་དགོས་ཡག་གང་ཡང་མི་འདུག དབྱེ་འབྱེད་ཤེས་པ་དགོས།
དཔེར་ན་ང་རང་དང་འབྲེལ་བའི་ལོ་རྒྱུས་ཤིག་ཞུ་གི་ཡིན། ཁྱེད་རང་ཚོ་སེ་ར་བྱེས་པ་ཚོ་སྤམ་མ་ཤོར་ཨ། རཱ་སྒྲེང་རིན་པོ་ཆེ་རྡོ་རྗེ་འཆང་ནི་ངའི་བླ་མ་རེད་ཁོང་ལ་དད་པ་རྩེ་གཅིག་ཡོད་མཚམས་མཚམས་ལ་རཱ་སྒྲེང་རིན་པོ་ཆེའི་རྨི་ལམ་ཡང་གཏོང་གི་འདུག དད་པ་རྩེ་གཅིག་ཏུ་ཡོད། རཱ་སྒྲེང་རིན་པོ་ཆེས་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་གསུང་ཆོས་གསན་ཡོད་པ་རེད། རྗེས་སུ་ཆབ་སྲིད་ཀྱི་དབང་ཆའི་གནས་ཚུལ་གྱི་དཀའ་ངལ་འཕྲད་ཡོང་དུས་སྨྱུང་གནས་བླ་མ་དང༌། ཁར་དོ་ཁོང་ཚོའི་གྲས་འགའ་ཤས་ཤིག་མཐའ་མར་འུ་ཐུག་སྟེ་སྟག་བྲག་རིན་པོ་ཆེའི་སྐུ་ལ་བསྡོ་བའི་ལས་ཀ་དེ་འདྲ་འགོ་བརྩམས་པ་རེད། མགོ་སྟོད་རཱ་སྒྲེང་རིན་པོ་ཆེས་རཱ་སྒྲེང་ནས་ལྷ་ས་ཞི་བདེར་ཕྱག་བྲིས་གནང་སྟེ་མ་བྱེད་མ་བྱེད་ཞེས་བཀའ་སློབ་གནང་འདུག གང་མཚམས་སོང་ནས་རཱ་སྒྲེང་རིན་པོ་ཆེ་རང་གི་ཕྱག་སྟར་མའི་ཕྱག་བྲིས་གནང་ཞིག་ངས་མཐོང་བྱུང་། དེ་དུས་བཀའ་ཤག་ནས་ང་ལ་བསྟན་བྱུང༌། རཱ་སྒྲེང་རིན་པོ་ཆེ་རང་ཉིད་ཀྱི་ཕྱག་བྲིས་ནང་ལ། བླ་རྒན་མ་ཤོར་བ་གཟབ་གཟབ་ཞེས་བྲིས་གནང་འདུག བླ་རྒན་སྟག་བྲག་རིན་པོ་ཆེ་རེད། སྟག་བྲག་རིན་པོ་ཆེའི་སྐུ་ལ་ཐོ་འཚམས་པའི་འཆར་གཞི་གཏིང་སྟེ་འབར་རྫས་སྦས་པ་རེད། བྱས་ཙང་བླ་རྒན་མ་ཤོར་བ་གཟབ་གཟབ་ཞེས་རཱ་སྒྲེང་རིན་པོ་ཆེའི་ཕྱག་སྟར་མའི་ཕྱག་བྲིས་དེ་ང་རང་གིས་དངོས་སུ་མཐོང་བྱུང༌། རཱ་སྒྲེང་རིན་པོ་ཆེ་བླ་མ་ཚད་ལྡན་ཡིན་པ་དང་སྐུ་མདུན་སྐུ་གོང་མས་ཡང་སྲིད་ངོས་འཛིན་འཁྲུལ་མེད་གནང་བ་ཞིག་རེད། ཡང་རཱ་སྒྲེང་རིན་པོ་ཆེ་ལ་བསྟོད་བསྔགས་ཏོག་ཙམ་བཏང་ན་མ་གཏོགས་ང་བདག་པོ་བརྒྱབ་མཁན་རཱ་སྒྲེང་རིན་པོ་ཆེ་རེད། གང་ལྟར་གང་ཡིན་རུང་མིན་རུང་ངས་ཆོས་ཞུ་སའི་བླ་མ་རེད་ལ་ངའི་ཐོག་མའི་ཀློག་སློབ་མཁན་གྱི་བླ་མ་ཡང་རེད། ང་ཁོང་ལ་དད་པ་རྩེ་གཅིག་ཏུ་ཡོད་འགྱུར་བ་ཁྱོན་ནས་མེད། ཕྱག་བྲིས་དེ་ཚོ་མཐོངསྐབས་ཨ་ཙི་ཆག་སྒོ་ཐོུང་འདུལ་བྱའི་སྣང་ངོར་དེ་འདྲ་བྱུང་འདུག་བསམ་པ་དྲན་ནས་སྡོད་རྒྱུ་ལས་དད་ལོག་སྤུ་ཙམ་སྐྱེས་མྱོང༌མེད། རཱ་སྒྲེང་རིན་པོ་ཆེ་ལ་དད་པ་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་རཱ་སྒྲེང་རིན་པོ་ཆེས་རང་གི་བླ་མ་སྟག་བྲག་རིན་པོ་ཆེའི་སྐུ་ལ་བསྡོ་བའི་བྱ་བ་བརྩམས་ཏེ་བླ་རྒན་མ་ཤོར་བ་གཟབ་གཟབ་གསུངས་པ་དེ་ཡང་དག་པ་རེད་ཞེས་ངས་བརྗོད་ཐུབ་ཀྱི་མེད། དེ་ནོར་འཁྲུལ་རེད། དཔེ་དེ་བཞིན་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་ཡང་བླ་མ་བསམ་གྱི་མི་ཁྱབ་པ་རེད། དངོས་གནས་དྲང་གནས་ལམ་རིམ་དང་བློ་སྦྱོང་གི་བསྟན་པའི་བདག་པོ་ཧེ་རུ་ཀ་དངོས་རེད། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་ཆ་བཞག་ན་ང་ལ་རྨི་ལམ་བཏང་བ་མང་པོ་ཞིག་གིས་ཐོག་ནས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ཇོ་བོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་འམ་མར་མེ་མཛད་ཀྱི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡིན་པ་ཕལ་ཆེར་གསལ་པོ་རེད། བསམ་གྱི་མི་ཁྱབ་པ་རེད། ཡིན་ནའང་དོལ་རྒྱལ་བསྟེན་པ་དེ་ནོར་བ་རེད་མ་གཏོགས་ཡང་དག་པ་རེད་ ཅེས་སྒྲུབ་ཐུབ་ཡག་རྩ་བ་ཉིད་ནས་ཡོད་པ་མ་རེད། ཤེས་སོང་ངམ། དེ་འདྲ་ཡིན། རྗེས་སུ་གཞན་ལ་ཤོད་དགོས་བྱུང་ན་དག་ལ་མ་དག་དང་སྐད་ཆ་ཁུངས་འཁྱོལ་ལ་མ་འཁྱོལ་དེ་འདྲ་མ་ཤོད་ཨཱ། ཁ་སང་ཁྱོད་རང་གིས་བཤད་སྟངས་བྱས་ན་སྲུང་མ་ཡང་ཡིན་པ། སྐྱབས་རྗེ་ ཕ་བོང་ཁ་རིན་པོ་ཆེ་ཡབ་སྲས་སོགས་ལ་ཡང་ཐུགས་ཕན་གསོས་པོ་ཞེད་དྲག་བྱུང་བའི་ཟོ་འདྲ་པོ་ཞིག་དང་། དེང་སྐབས་ཏཱ་ལའི་བླ་མས་མི་བྱེད་དགུ་བྱེད་བྱས་ཏེ་༼མཚམས་འདིར་བཞད་མོ་བཞད༽ བསྟེན་མ་ཆོག་ཆགས་པའི་ཟོ་འདྲ་པོ་བཤད་ཀྱི་འདུག ཁྱེད་རང་གིས་ལྷག་བསམ་རྣམ་དག་བྱས་ཏེ་བཤད་པ་རེད་མ་གཏོགས་དེ་ལ་ཟུར་མདའ་འཕེན་པ་འདྲ་པོ་ཡིན་གྱི་མ་རེད། འོན་ཀྱང་ངས་ཁ་སང་ཉན་དུས་ལྷག་བསམ་རྣམ་དག་བྱས་ཏེ་བཤད་ཀྱི་ཡོད་པ་རེད་ལ་བར་སྐབས་ཁྱོད་ཚོ་བྱེས་པ་གྲྭ་ཚང་གི་གྲྭ་པ་མང་པོ་ཞིག་གིས་བསམ་པ་རྣམ་དག་གིས་ྋརྒྱལ་བ་རིན་པོ་ཆེས་ལམ་སྟོན་བྱས་པ་དེ་ལ་ཁྱོད་རང་ཚོས་ལང་ཕྱོགས་བརྟན་པོ་བཟུང་སྟེ་ཁ་ནས་འདྲ་ཆག་བཤད་པ་མ་ཡིན་པར་དོན་ངོ་མ་ལག་ལེན་གྱི་ཐོག་ནས་ཁྱོད་རང་ཚོས་ལང་ཕྱོགས་བརྟན་པོ་བཟུང་བ་རེད། བྱས་ཙང་ཁྱོད་རང་གིས་བཤད་དུས་དངོས་གནས་ལྷག་པའི་བསམ་པས་ཀུན་ནས་བླངས་ཏེ་བཤད་ཀྱི་འདུག་བསམ་པ་ཞིག་དྲན་སོང༌། ཡིན་ནའི་བཤད་སྟངས་དེ་མགོ་མ་ཚོད་པའི་སྐད་ཆ་དང་། ཁྱོད་རང་གི་བཤད་སྟངས་བྱས་པ་ཡིན་ན་ཕལ་ཆེར་ྋརྒྱལ་བ་རིན་པོ་ཆེ་རྐྱང་པའི་ཆེད་དུ་ཁྱོད་རང་ཚོས་དོལ་རྒྱལ་བསྟེན་སྲོལ་དམ་བསྒྲགས་བྱེད་པ་འདྲ་པོ་ཞིག་བཤད་པ་ནི་དབང་རྟུལ་གྱི་འགྲོ་སྟངས་རེད། དོལ་རྒྱལ་སྐོར་གྱི་རྒྱུད་ཡོད་ཆེ་ཤོས་ྋརྒྱལ་དབང་ལྔ་པ་རེད། ྋརྒྱལ་དབང་ལྔ་པར་ངས་ཐ་མལ་པ་བཞིན་བཤད་པ་ཡིན་ནའང་མི་ཕྲ་མ་བྱེད་མཁན་མི་ཆགས་སྡང་རགས་པའི་གཞན་དབང་དུ་སོང་བ་ཐབས་སྡུག་དེ་འདྲ་མ་རེད། བླ་མ་ཚད་ལྡན་དང་རྟོགས་པ་མཐོན་པོར་ཕེབས་ཡོད་པ་རེད། རྩ་གསུམ་ལྷ་ཡིས་ཞལ་གཟིགས་རྟག་ཏུ་ཡོད་པ་རེད། མོ་རྩིས་གཡང་ཆགས་སོགས་མང་པོ་ཞིག་མཁྱེན་གྱི་ཡོད་པ་རེད། ཐབས་ཤེས་འདྲ་མིན་གྱི་ཐོག་ནས་བརྟག་དཔྱད་གནང་ཐུབ་མཁན་རྩ་གསུམ་ལྷ་ཡི་ལུང་བརྟན་དངོས་སུ་ཡོད་མཁན་ཞིག་གིས་སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་གསུང་པ་འདི་ངས་ཚད་མའི་བཀའ་རེད་བསམ་གྱི་ཡོད། ཐོག་མར་ངས་ཤེས་ཀྱི་ཡོད་པ་མ་རེད་ལ་མཐོང་ཡང་མ་མྱོང་། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་བཀའ་གནང་གི་མི་འདུག་ལ་མཁྱེན་ཡང་མི་འདུག གཟིགས་ཡང་མི་འདུག ྋགོང་ས་ལྔ་པ་ཆེན་པོའི་བཀའ་ལྗིད་པོ་འདི་སྦས་བཞག་པ་འདྲ་པོ་རེད། རྗེས་སུ་ྋརྒྱལ་དབང་ལྔ་པའི་གསུང་འདི་བླ་མ་ཚད་ལྡན་གནད་ཚུལ་ཆ་ཚང་རྒྱུས་ཡོད་མཁན་སྐབས་དེ་དུས་ཀྱི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་གནས་ཚུལ་ཆ་ཚང་ཐུགས་རྒྱུས་ཡོད་མཁན་དེ་འདྲ་ཞིག་གིས་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་འཚོ་ཞིང་བཞུགས་པའི་གནས་སྐབས་ལ་ྋརྒྱལ་དབང་ལྔ་པ་ཁོ་རང་གཉིས་ཞེ་དྲག་ཉེ་པོ་རེད་འདུག སྤྲུལ་སྐུ་གྲགས་པ་རྒྱལ་མཚན་རང་ཉིད་ཀྱི་གསུང་བྲིས་མ་པུ་ཏི་གཉིས་འདུག དེ་ངས་མཐོང་མྱོང་ཧ་ཅང་ཡག་པོ་འདུག མཐའ་མ་གཤེགས་ཚར་བའི་རྗེས་ལ་སྨོན་ལམ་ལོག་པའི་འབྱུང་པོ་ཞེས་གསུང་དགོས་དོན་ནི། དེའི་ཚེ་དེའི་དུས་ཀྱི་དངོས་ཡོད་གནས་ཚུལ་ཞིག་ྋརྒྱལ་དབང་ལྔ་པས་གསུང་གི་ཡོད་པ་རེད། བྱས་ཙང་འགྲེལ་བཤད་མང་པོ་རྒྱག་དགོས་ཀྱི་མི་འདུག སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློགས། །ཅེས་གསུང་དགོས་པའི་རྒྱུ་མཚན་དེ་རེད། ལོ་རྒྱུས་དེ་འདྲ་རེད་ད་དུང་ལོ་རྒྱུས་ཞིབ་ཕྲ་དུས་ཚོད་བྱུང་ན་སྔར་གྱི་རྣམ་ཐར་མང་པོ་ཞིག་བར་སྐབས་ངས་རུབ་རུབ་བཟོ་རུ་བཅུག་སྟེ་ཡིག་ཆ་ཞིག་ཕྱོགས་སྒྲིག་བྱས་ཡོད། རྗེས་སུ་བལྟ་ཆོག་གི་རེད། ཁྱོད་རང་ཚོ་གསོལ་ཇ་དང་བག་ལེབ་བཞེས་པའི་ཞོར་ལ་ཁ་སང་དགེ་བཤེས་ཁྱོད་རང་གིས་སྐད་ཆ་འདི་བྱུང་བ་ཡིན་ཙང་ནོར་བཅོས་ཀྱི་ཚུལ་དི་གསལ་བཤད་བྱས་ན་བསམ་པ་དྲན་བྱུང༌། ཞེས་བཀའ་སྩལ།། ༎