༄༅།། ཆུ་སྤྲེ། གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དགོངས་དོན་བོད་ལྗོངས་སེར་སྐྱ་སྤྱི་ཡིས་སྤྱི་ཞུས་ཞབས་བརྟན་སྒྲུབ་བྱའི་ཞུ་ལན་སྦྲགས་མ་དོན་སྙིང་ཚིལ་རུལ་གསོ་བའི་སྨན་མཆོག་སྒྲིབ་མེད་གཅེར་མཐོང་ལྷ་ཡི་བདུད་རྩི་གསར་པ།།

༈ །གུས་འབངས་སྲིད་བཀས་མཚོན་རྩེ་ཤོད་དྲུང་རིགས་སྤྱི་མགྲིན་ནས་ཕྱག་བཅས་ཞུ་གསོལ་འདེབས་སྙིང༌། ཉེ་ལམ་སྨོན་ལམ་འཕར་ཚུགས་ཀྱི་གཏོར་རྒྱག་ཉིན་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དགོངས་དོན་དུ། སེར་སྐྱ་སྤྱི་ཞུས་ཀྱིས་སྐུ་ཚེ་བརྟན་པའི་ྋཞབས་བརྟན་གནད་སྨིན་འབད་ཅེས་ཕེབས་ཁར། དེ་རྗེས་བཀའ་ཤག་དང༌། སྐུ་བཅར་སྤྱི་མཁན་ནས་དྭོགས་གཅོད་ལུང་ཞུ་འབུལ་གནང་ལའང་སྐབས་བབས་ྋཞབས་རིམ་དང༌། སྐུ་ཚེ་བརྟན་པའི་གསོལ་འདེབས་ྋཞབས་བརྟན་འབུལ་དགོས་ཕེབས་པ་བཞིན་ྋཞབས་རིམ་ཇི་ཡོད་སྨིན་སྒྲུབ་ཞུས་འཐུས་ཐོག ྋགོང་ས་ྋསྐྱབས་མགོན་ཆེན་པོ་ྋཞབས་པད་བསྐལ་བརྒྱར་བརྟན་པའི་མདོ་ལུགས་ཀྱི་བརྟན་བཞུགས་ྋཞབས་བརྟན་ཀྱང་བསྟར་འབུལ་ཞུས་འཐུས་ཐུགས་རྗེ་ཆེ་བ་ཞིག་དང༌། གུས་འབངས་རྣམས་ནས་ཀྱང་བགོ་སྐལ་སྲི་ཞུའི་ྋཞབས་འདེགས་བཀའ་དོན་བསྟན་སྲིད་སྙིང་བཅངས་ཧུར་བསྐྱེད་ཞུས་ཆོག་པ་ཞུ་རྒྱུར་ལྷ་དགོངས་གསལ་དྭངས་ཐུགས་རྗེ་ཆེ་བ་ཞུ་རྒྱུ་ཞེས་བོད་ལྗོངས་སེར་སྐྱ་སྤྱི་ཡི་སྤྱི་ཞུས་སྐོར།

ངོས་ཐོག་མར་སྔར་སྲོལ་གསེར་བུམ་དཀྲུག་འདོན་མ་དགོས་པར་ལུང་བརྟག་དོན་གསལ། སྲིད་ཞིའི་འདྲེན་མཆོག་ྋརྒྱལ་དབང་གི་སྐྱེ་གྲལ་དུ་བརྟག་དཔྱད་ངོས་འཛིན་གྱི་གདན་ཁྲིར་འཁོད་ནས་བཟུངས་བར་སྐབས་སྔོན་བྱོན་མཛད་ལམ་གཞིར་བཟུངས་ྋརྒྱལ་ཚབ་ཡོངས་འཛིན་རྟ་ཚག་ཧོ་ཐོག་ཐུ་དང༌། མཁན་ཆེན་ཡོངས་འཛིན་རྡོ་རྗེ་འཆང་ཕུར་ལྕོག་རིན་པོ་ཆེས་དབུས་བཤེས་གཉེན་དམ་པ་གཙུག་བསྟེན་ཆོས་སྤྱོད་ཀྱི་མཚོན་འདོན་ཁ་ཁྲལ་བློ་འཛིན་སྐྱོར་སྦྱངས། རབ་འབྱུང་དང༌། དགེ་ཚུལ་སྡོམ་ནོད། གཞུང་ཆེན་བཀའ་པོད་ལྔར་བརྒལ་བརྟགས་རྩོད་གྲྭ། མདོ་རྒྱུད་རྒྱ་མཚོའི་རྗེས་གནང༌། བཀའ་དབང༌། འཁྲིད་སོགས་རང་གི་བློ་ཚོད་དང་བསྟུན་པའི་ཉིན་ལྟར་ཆག་མེད་དུ་བརྩོད་སྦྱངས་གང་འཚམ་བསྐྱེད་ཁུལ་ཡང༌། རང་ལོ་བཅོ་བརྒྱད་ལ་བབས་མཚམས་སྔར་སྲོལ་ལ་བསྙད་པའི་ྋརྒྱལ་སྲིད་ཆོས་སྲིད་ཀྱི་འགན་འཁུར་ཐོག་ཏུ་བབས་པ་ན་རང་ལ་ཆོས་སྲིད་གང་ཐད་ནས་མྱོང་གོམས་ཤེས་ཡོན་དམན་ཡང་ལྷ་སྡེ་མི་སྡེས་སྤྱི་ཞུས་དང༌། གནམ་བསྐོས་ྋགོང་མ་ཆེན་པོའི་བཀའ་ལུང་སྤྱི་བོར་ནོད་པས་འཁུར་དུ་བླངས་ཏེ་རང་ཉིད་དལ་སྡོད་སྐྱིད་སྡོད་ཀྱི་དབང་མེད་བསྟན་སྲིད་ཀྱི་བདེ་དོན་ལ་ཉིན་མཚན་སེམས་འཁུར་ལྕི་བས་ནོན་བཞིན་དུ་བསྟན་པ་རྒྱས་ཐབས། ཆབ་སྲིད་ཕྲ་ཚུགས་ཐབས། ཆབ་འབངས་བདེ་བར་ངལ་འཚོ་ཐབས་ལྷག་བསམ་དྲང་པོས་གཞུང་བསྲང་སྒོ་གསུམ་ཡོད་རྒུ་རྩལ་སྤྲུགས་བགྱིས་རུང༌། ཤིང་འབྲུག་ལོར་དབྱིན་ཅི་དཔུང་དམག་ལྷགས་འབྱོར་སྐབས་ཀྱང་རང་ཉིད་སྐྱིད་ཐབས་ངོ་སྲུང་མཐུན་ལམ་བྱས་ཚེ་ཆབ་སྲིད་ལ་ཕུག་སྐྱོན་ཆགས་ན་རྐང་རྗེས་ལག་བསུབ་གང་མིན་ཡོང་རྒྱུར་བསམ་སྔར་ྋགོང་ས་ལྔ་པ་ཆེན་པོ་ནས་མཉ྄ཛུ་རྒྱལ་པོ་དང༌། མཆོད་ཡོན་བཀུར་རེས་འབྲེལ་ནས་བཟུངས་ད་བར་ཕན་ཚུན་སྐྱོང་འོས་ལ་བརྟེན་འཕྲལ་ཕུག་བདེ་སྡུག་ལྷོངས་ངེས་ཞུ་སར་ངལ་བ་ཁྱད་བསད་ཀྱི་བྱང་འགྲིམ་རྒྱ་སོག་ཡུལ་ གྲུ་བརྒྱུད་པེ་ཅིན་གསེར་གྱི་རྒྱལ་ཁབ་ཆེན་པོར་ྋགོང་མ་ཡུམ་སྲས་མཇལ་འཕྲད་བཀུར་བཟོས་བདག་རྐྱེན་ཚད་མེད་པ་གནང་ཡང༌། རིང་པོར་མ་ལོན་པར་ྋགོང་མ་ཡུམ་སྲས་རིམ་གཤེགས་རྗེས་ྋགོང་མ་ཤོན་ཐོང་ཁྲིར་འཁོད་ཡབ་སྲས་ལ་རྒྱུ་རྐྱེན་ལྷོངས་གསོལ་ཐོག བོད་ལྗོངས་སྙིང་ལ་བཅངས་ཏེ་ཕྱིར་འཁོད་སྐབས་བོད་སྡོད་ཨམ་བན་ནས་གཡོ་ཞུས་རྗེས་འབྲེངས་ལུའུ་ཅུན་དཔོན་དམག་ལྷ་འབྱོར་བོད་སྗོངས་ཆབ་སྲིད་ཀྱི་དབང་བྱུས་འཕྲོག་ཉེར་ྋརྒྱལ་བློན་ཆབ་སྲིད་ཀྱི་དབང་ལུང་ཡོད་པ་རྣམས་རྒྱ་གར་འཕགས་ཡུལ་དུ་ངལ་བ་རིང་སྤངས་བདེ་འཁོད་ཀྱི་དབྱིན་གཞུང་བརྒྱུད་རྒྱ་གཞུང་ལ་གང་ཅིའི་རྒྱུ་རྐྱེན་མཐའ་འབུད་དང༌། ཕྱོགས་གཅིག་ནས་བསྟན་སྲིད་བདེ་ཐབས་ཞབས་རིམ་ལྷོད་མེད་སྒྲུབ་པའི་ལས་འབྲས་མི་བསླུའི་བདེན་ནུས་ཟབ་མོས། རྒྱ་ནག་ནང་འཁྲུག་དུས་འགྱུར་དབང་གིས་བོད་ཕྱོགས་རྒྱ་དཔོན་དམག་ལྟག་ཆུ་ཆད་པའི་རྫིང་བུ་ལྟར་རིམ་གྱིས་མཐར་བསྐྲོད་ཐོག་རང་གི་ཡུལ་བོད་ལྗོངས་ཆོས་ཀྱི་ཞིང་སར་འཁོད་དེ་ཆུ་གླང་ནས་བཟུངས་ཆུ་སྤྲེ་བར་བོད་ལྗོངས་འདི་ཉིད་དུ་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་གསར་དུ་བཞད་པས་མཆོག་དམན་ཚང་མས་དགའ་བདེར་ཅི་དགར་ལོངས་སྤྱོད་བག་ཕེབས་སུ་ཚིམ་པ་འདིས་མཚོན་ཕྲ་ཞིབ་ཡིག་ལམ་དང༌། ལྷ་སྡེ། མི་སྡེ་མཆོག་དམན་ཀུན་གྱི་བློར་རྟོགས་གསལ་ལྟར་ཞིབ་ཆ་འགོད་རྒྱུ་ཡིག་ཚོགས་ཀྱི་རྒྱུར་བསམ་རགས་ཙམ་བཀོད་པ་འདི་དག་བཀའ་དྲིན་བསམ་ཤེས་འདོད་ཆུང་ཆོག་ཤེས་བསྟེན་དགོས་པའི་རྒྱུ་མཚན་ཐོག རང་ཉིད་ནས་ཆབ་སྲིད་ལ་འཁུར་བསྐྱེད་ཀྱི་ཕན་ཆ་བྱུང་སྲིད་ཡོད་ན་ཡིད་མཐུན་འདོད་པ་ཁེངས་ངེས་ལས། བྱས་ཡུད་དང༌། ངོ་བསོ་འབྱུང་རེའི་བསམ་པ་ཏིལ་འབྲུ་ཙམ་མེད་ཅིང༌། ད་སྐབས་སུའང་ན་ཚོད་བབས་དང་བཅས་ཆོས་སྲིད་ཀྱི་འཁུར་སྤངས་སྟེ་ཚེ་མཇུག་འདིར་དགེ་སྦྱོར་ཁོ་ནར་གཅིག་འགྲུས་ཚེ་ཕྱི་མ་ཤུལ་ཐག་རིང་བའི་རྣམ་དཀར་རྒྱབ་བསྐྱོར་སྒྲུབ་རྒྱུ་ཉག་ཅིག་བློ་ཡུལ་དུ་འཆར་ཡང༌། གཙོ་བོར་ལུས་དང་དྲི་མ་བཞིན་འགྲོགས་པའི་ལྷ་སྲུང་དང༌། ྋསྐྱབས་ཡུལ་བླ་མ། ཆོས་དང༌། ཟང་ཟིང་གི་འབྲེལ་པ་ཐོགས་པའི་མཆོག་དམན་ཆབ་འབངས་ཀུན་ནས་ངོས་ལ་ཁ་ཙམ་མིན་པའི་སྙིང་ནས་རེ་བཅོལ་བགྱིས་པའི་སྤྱི་དོན་བློས་གཏོང་མ་ཕོད་པར་ད་ལྟའང་རང་གི་ཤེས་ནུས་ལྕོགས་ཚོད་འཁུར་བསྐྱེད་སྐབས་སུ་མཆིས་པ་ད་ཆ་བགྲང་བྱ་ང་བརྒྱད་དུ་ཉེ་བས་ལོ་ཤས་ལས་ཆོས་སྲིད་ཀྱི་འཁུར་རིང་པོར་རྔོ་མི་ཐོགས་པ་ཚང་མས་ཤེས་ངེས་གོ་བས་ཆོད་པ་བཞིན་ད་ལྟ་ཁད་ཉེའི་རྒྱལ་ཁབ་རྒྱ་གར་གཞུང་དང༌། རྒྱ་གཞུང་གཉིས་ཕྱོགས་སུ་དཔུང་སྟོབས་བཙན་པས་མཐུན་ལམ་གང་ཟབ། ཞེ་འཁོན་འཛིན་པའི་ས་མཚམས་ཆུང་ཁག་ལ་ཕ་རོལ་པའི་མགོ་གནོན་ཆེད་དཔུང་དམག་གོ་ཧྲག དེའང་དམག་རྩེད་ཕུག་འཕེར་གཞན་སྡེ་ནོན་ངེས། ལྷག་པར་དེང་སྐབས་སྙིགས་ལྔའི་རང་མདངས་ཀུན་ནས་དར་ཞིང༌། ཡང་དགོས་དམར་པོའི་ལས་འགུལ་ཆེས་ཆེར་བདོ་བའི་རྗེ་བཙུན་དམ་པའི་སྐྱེ་སྲིད་རྩད་གཅོད་མི་ཆོག་པ་དང༌། ཆོས་བྱེད་དགོན་སྡེ་ཁག་གི་མཆོད་རྒྱུན་རྩ་འཕྲོག་གི་དགེ་འདུན་པ་དམག་མིར་བཅུག་པའི་མཚོན་ྋརྒྱལ་བསྟན་མིང་མེད་དུ་བཅོམ་པ་རྡ་ཁུ་རལ་གྱི་ལས་ལུགས་ཇི་བྱུང་གོ་ཐོས་བྱུང་དང༌། འབྱུང་མུས་ཀྱི་སྲོལ་ལྟར་འབྱུང་འགྱུར་དབུས་ལྗོངས་ཆོས་སྲིད་གཉིས་ལྡན་གྱི་ཞིང་འདིར་ཡང་ཕྱི་ནང་གང་ས་ནས་ལྷགས་པར་ངེས་པས། དེ་སྐབས་རང་ས་སྲུང་མ་ནུས་ན་ྋརྒྱལ་བ་ཡབ་སྲས་ཀྱིས་མཚོན་བསྟན་འཛིན་སྐྱེ་འཕགས་མིང་མེད་དུ་བཅོམ་ཞིང༌། བླ་བྲང་ཁག་དང༌། བསྟན་འཛིན་ཆོས་བྱེད་དགེ་འདུན་གྱི་སྡེའི་འཛིན་དབང་ མཆོད་རྒྱུན་དང་བཅས་པ་རྩ་བརླག ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་བཞེད་རྒྱུན་ཆབ་སྲིད་ཀྱང་མིང་ཙམ་དུ་ཉམས་དམས་ཐོག་འདི་གའི་ཞབས་འབྲིང་ཀུན་ཀྱང་ཕ་གཞིས་རྒྱུ་ནོར་རྩ་འཕྲོག་དགྲ་ཡའི་བྲན་དུ་དབང་མེད་འཁྱམས་ཞིང༌། ཡིད་ཅན་ཀུན་ཀྱང་མནར་གཅོད་འཇིགས་སྐྲག་གི་དུཿཁ་ཉིན་མཚན་མི་འཁྱོལ་བའི་དུས་ཤིག་འབྱུང་ངེས་པས་བསྟན་སྲིད་ཀྱི་སྤྱི་དོན་ཕྱིན་ཅི་མ་ལོག་པ་ད་ལྟ་བདེ་སྐྱིད་ཆེས་དར་མི་སྨོན་རང་སྐྱིད་རང་ལག་ཏུ་ཡོད་པའི་སྐབས་འདིར་སླད་ཞི་དྲག་གང་ལའང་ཐབས་ཤེས་ལུ་གུ་བརྒྱུད་གང་ཐད་ནས་མ་ལན་མ་འགྱོད་པས་ལག་ཏུ་བསྟར་ཐུབ་པའི་ཆབ་སྲིད་ཀྱི་བདེ་ཐབས་ཞབས་འབྲིང་སེར་སྐྱ་རྣམས་ཀྱི་སྲི་ཞུར་རག་ལུས་ཤིང༌། བོད་ལྗོངས་སྤྱིའི་བདེ་ཐབས་སེར་སྐྱ་མཆོག་དམན་དང༌། ཆབ་འབངས་ཀུན་ནས་བསམ་གཞིགས་མ་འཛོལ་བ་གཅིག་འགྲུས་འཕྱར་བ་གྲུ་འདེགས་དགོས་པ་ངེས་པར་འཁུར་དུ་བབས་པ་བཞིན་སྤངས་བླངས་འཛོལ་མེད་བྱུང་ན་གཞུང་བསྟེན་དགྲ་ལྷའི་གཙོ་བོ་ནས་སློབ་དཔོན་མཐོང་བ་དོན་ལྡན་གྱི་ཐུགས་བཞེད་དང་མཐུན་པའི་སྲི་ཞུ་སྒྲུབ་ན་གང་ལའང་ཡ་ང་བག་ཚ་མེད་ཅེས་པ་མཐུན་ཕྱོགས་ཀྱི་དོན་ལ་སོར་གནས་སུ་ངེས་པས་ངོས་ནས་བསྟན་སྲིད་སྤྱི་དོན་ཡིད་བསམ་དང་མཐུན་འཇུག་གི་ལས་ལ་ངོ་ལྐོག་མེད་པར་སྲི་ཞུར་བརྩོན་པ་རྣམས་ལ་ྋསྐྱབས་འཇུག་རྗེས་འཛིན་དང༌། ལམ་འགྲོའི་འཕྲིན་ལས་དངོས་སུ་བསྟན་ཅིང༌། ཚུལ་མིན་རྣམས་ལ་བྱ་བ་ལམ་འགྲོ་ཞན་པས་བཀའ་ཆད་ཕོག་ངེས་པ་མ་ཟད། གནས་སྐབས་རང་དོན་སྒྲུབས་ཕྱོགས་ཕྱོགས་ལྷུང་ངོ་སྲུང་ལས་ཆབ་སྲིད་ཀྱི་བདེ་དོན་ད་མུས་བཞིན་ཡལ་ཡོལ་འབའ་ཞིག་གིས་འཁུར་དུ་མ་བླངས་ན་ཕུག་དོན་མི་འགྲུབ་པ་མཐོང་གསལ་ལྟར་སླར་ཅི་དྲག་གི་འགྱོད་ཀྱང་ཕན་ཆ་མི་སྲིད་པས་ངོས་ནམ་འཚོའི་རིང་ལ་བོད་ལྗོངས་བདེ་ཐབས་ད་མུས་ཀྱི་འཁྱོལ་བར་མཐོང༌། ཕུག་གི་རང་རང་མྱོང་བྱ་གོང་སྨྲོས་རྣམས་སོ་སོའི་ཐོག་ཏུ་སྨིན་པ་ནི་ངོས་རང་གིས་ཉམས་མྱོང་རྒྱུ་མཚན་གསལ་པོའི་སྟེང་ནས་གཞན་ལ་འདོམས་པ་འདི་ལྷག་བསླབ་བྱ་ལྷུག་པོར་སྟོན་རྒྱུ་མེད་པས་ཕྱིའི་རིམ་འགྲོ་སྒྲུབ་དང༌། སྒྲུབ་བཞིན་པ་ཡིན་ཅིང༌། གཙོ་ཆེ་བ་ནང་གི་ཞབས་བརྟན་རིམ་གྲོ་འདི་ཉིད་སྙིང་ལ་ལྕག་བསྐུལ་ཚང་མས་སྔར་འགྱོད་ཕྱིས་སྡོམ་གྱི་སྲི་ཞུ་ཚག་ཚུད་སྒྲུབ་ནུས་ན་ངོས་རང་ནས་ཀྱང་གང་འཁྱོལ་གྱི་བར་བསྟན་པ་ཆབ་སྲིད་འཕྲལ་ཡུན་རྒྱས་ཐབས། ཞབས་འབྲིང་ཀུན་ཀྱང་མིང་དོན་གཉིས་མཚུངས་ཀྱི་རྗེས་འཛིན། ཆབ་འབངས་ཀུན་ཀྱང་སྔར་མུས་བདེ་སྐྱིད་བཟང་པོ་ལོ་བརྒྱ་ཕྲག་བར་གནས་ཐབས་ཀྱི་ཞེ་བརྩོན་སྔར་བཞིན་བགྱིད་རྒྱུར་སྤྱི་དོན་ནང་གི་རིམ་གྲོ་འདི་ལྷག་མ་མཆིས་པ་སྤྱི་ཞུས་ཀྱི་སློབ་སྟོན་དེ་རང་ལགས་པས་གོང་དོན་རྣམས་ལ་ཉིན་དང༌། མཚན་མོའི་སྤྱོད་ལམ་རྣམ་བཞི་གང་གི་སྐབས་སུའང་བརྟག་དཔྱད་ནན་ཏན་གྱི་སྤངས་བླངས་མ་འཛོལ་བ་གལ་ཆེ་བ་ལགས་སོ།།

ཞེས་ྋརྒྱལ་བརྟན་ཆབ་སྲིད་དང་བཅས་པར་འཕྲལ་ཡུན་ཕན་བདེའི་གཞི་རྩ་ཚུགས་པའི་བཀའ་ལན་སྦྲགས་མ་སྤྱི་བོར་སྩལ་སྨིན་ལ་བཀའ་འབྲེལ་བཀྲས་ལྷུན་ཛ་བླས་ཞལ་བཤུས་པར་འདེབས་ཞུས་པ་མཆོག་དམན་ཀུན་གྱིས་བཀའ་དགོངས་ཟབ་མོ་ཐུགས་བཅངས་ཉམས་བཞེད་འཕྱུགས་མེད་ཡོད་པ་ཞུ།། །།

གོང་འཁོད་ལྟར་བོད་རྒྱལ་ཁབ་དང་མི་རིགས་ལ་ཤིན་ཏུ་བཀྲིན་ཟླ་མེད་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ནས་སྐུ་ངལ་བརྒྱ་ཕྲག་བསམ་ཡུལ་ལས་འདས་པ་དང༌། དེ་མཚུངས་དུས་བསྟུན་བཀའ་སློབ་ལམ་སྟོན་སོགས་ ཧ་ཅང་གནད་དུ་འཁེལ་བ་གནང་ཡོད་ནའང་སྐབས་དེའི་གཞུང་འཛིན་སེར་སྐྱ་མི་སྣ་འགན་དབང་ཡོད་རིགས་ལ་སོགས་པ་ཡོངས་ནས་གུས་བརྩི་དྭང་ལེན་མ་ཞུས་པར་སོང་ད་ལྟའི་ཡ་ང་བའི་དུས་སྐབས་འདི་འདྲ་ཡོང་རྒྱུ་ཡང་མ་འོངས་མངོན་གཟིགས་ཀྱིས་ཆུ་སྤྲེ་ཞལ་གདམས་གནང་རྗེས་སུ་གྲུབ་འབྲས་ཇི་བྱུང་ད་སྐབས་ང་ཚོས་གསལ་པོར་ཤེས་གསལ་ལགས། ད་ལྟ་འཚོ་ཞིང་གཞེས་པའི་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། མཚན་ཡོངས་སུ་སྨྲོས་ན། རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲི་གསུམ་དབང་གྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གིས་བོད་རྒྱལ་ཁབ་དང་མི་རིགས་སངས་རྒྱས་བསྟན་པ་དང་བཅས་པ་ཆགས་འཇིག་གི་དུས་ཚོད་ཆེས་གཉན་འཕྲང་ཅན་འདིར་ཉིན་མཚན་དུས་དྲུག་སྐུ་ངལ་བརྒྱ་ཕྲག་དུ་མ་གནང་བར་བརྟེན་ང་ཚོ་རང་ཡུལ་དང་བྲལ་ནས་མི་ཡུལ་དུ་གྱར་ཡོད་པའི་གནས་སྟངས་ཐབས་ཞན་ཇི་འདྲ་ཞིག་ཡིན་ནའང༌། ཁོང་གི་ཐུགས་རྗེས་བཀྲིན་ཁོ་ནར་བརྟེན་བོད་དོན་ནི་ཉི་ཤར་སྦར་མོས་ཁེབས་ཐབས་མེད་པ་ཉིན་རེ་བཞིན་ཇེ་གསལ་འགྲོ་བ་ཙམ་མ་ཟད། ཨ་རི་དང་ཡུ་རོབ་གཙོ་བོར་གྱུར་བའི་འཛམ་གླིང་རྒྱལ་ཁབ་དང་མི་རིགས་གྲངས་ལས་འདས་པའི་བོད་མི་རང་ཉིད་ལས་ལྷག་པའི་འགན་འཁུར་རྒྱབ་སྐྱོར་ཧ་ལས་པ་ཡོད་པར་བོད་རིགས་རྣམས་ཀྱང་རང་བཞིན་གྱིས་མགོ་བོ་བསྟེག་ནས་སྤོབས་པ་སྐྱེད་རྒྱུ་ཡོད་པ་འདི་མ་ཡིན་ནམ། དེས་ན་བོད་རིགས་མི་མང་རྣམས་ནས་ྋརྒྱལ་དབང་གང་ཉིད་ཀྱི་བཀའ་དྲིན་སྙིང་བཅངས་ཀྱིས་བཀའ་སློབ་དགོངས་དོན་ཚུལ་བཞིན་གུས་བཀུར་བསྲུང་བརྩི་ཞུས་ནས་མ་འོངས་མི་རབས་རྣམས་ལ་ངོ་ནོངས་མ་དགོས་པ་ཞིག་ཅིས་ཀྱང་ཞུ་གནང་དགོས་པ་ང་ཚོའི་ལྡོག་ཐབས་མེད་པའི་ལས་འགན་ཏེ། ྋགོང་ས་མཆོག་ནས་བོད་མི་མི་རེ་ངོ་རེ་ལ་འགན་འཁུར་ཡོད་པ་ལྟར་ཚང་མས་རྒྱལ་ཁབ་རང་དབང་ཅན་ལ་སྤར་བཀབ་རྒྱས་སྤྲོས་ཁོ་ན་མ་ཡིན་པར་ལས་འབྲས་སྤངས་འཕེར་གྱིས་འབད་སྩོལ་རང་ནུས་གང་ཐུབ་འགྱོད་པ་མེད་པ་ཞིག་བྱ་དགོས་པའི་བཀའ་ལན་མང་ཕེབས་ཡོད་པ་དྲན་བསྐུལ་ཞུ་བ་དང་ཅབས་ཅིག་དེ་དོན་ཚང་མས་དགོངས་འཇགས་གནང་རོགས་ཞུ་རྒྱུ་ཡིན། མཐའ་དོན་ྋགོང་ས་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་ཐུགས་ཀྱི་དགོངས་བཞེད་བོད་དོན་བདེན་མཐའ་མྱུར་དུ་གསལ་ནས་གཞིས་བྱེས་མཉམ་འཛོམས་ཀྱི་ནི་མ་མྱུར་དུ་འཆར་བའི་སྨོན་འདུན་ཤུགས་དྲག་ཏུ་ཞུ། གསར་འཕྲིན་ཚོགས་མི་སྒོ་སྤེ་ཡོན་རྒྱས། ༢༠༠༧ ཕྱི་ཟླ་ ༡༠ ཚེས་ལ་ཕུལ།། །།