༸གོང་ས་མཆོག་གིས་གཟེངས་རྟགས་ཀྱི་ཕྱག་དངུལ་བྱིས་པ་རོགས་སྐྱོབ་ཚོགས་པར་གསོལ་སྩལ་མཛད་པ།

མགོན་པོ་གང་ཉིད་མཆོག་གིས་སྐབས་དེར་གསར་འགོད་གསལ་བསྒྲགས་ཤིག་སྐབས་གཟེངས་རྟགས་ཀྱི་ཕྱག་དངུལ་ཨ་སྒོར་ས་ཡ་གཅིག་དང་འབུམ་བདུན ( $ 1.7 million) ཡོད་པ་ནས་དུམ་བུ་གཅིག་བྱིས་པ་རོགས་སྐྱོབས་ཐེབས་རྩར་འབུལ་རྒྱུའི་གསལ་བསྒྲགས་མཛད་དོན།ཆོས་གྲོགས་ཕོ་མོ་ཚོ་ངོས་རང་ལ་གཟེངས་རྟགས་འདི་འདྲ་ཞིག་ཐོབ་པར་ཧ་ཅང་དགའ་པོ་བྱུང། ངོས་རང་དམིགས་བསལ་བ་ཞིག་གང་ཡང་མིན་པར་འགྲོ་བ་མི་ཐེར་འབུམ་བདུན་ཙམ་ཡོད་པའི་ནང་ནས་ནང་པའི་དགེ་སློང་དཀྱུས་མ་ཞིག་ཡིན། ཁྱེད་ཚོས་ངོས་ཀྱི་མིག་དང་རྣ་བ་སོགས་ལ་བལྟས་ནས་གཞན་ལས་ཐ་དད་རེད་ཅེས་བརྗོད་རྒྱུ་ཁག་པོ་རེད། དེར་བརྟེན་ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཤིག་ཆགས་ཡོད། ངོས་ལ་མིག་གསུམ་ཡོད་ན་གཅིག་བྱས་ན་ཁྱེད་ཚོ་དང་ཐ་དད་ཡིན་པ་བརྗོད་ཐུབ་ཀྱང་དེ་ལྟར་མེད་ཅེས་ཞལ་ཤོབ་དང་སྦྲགས་བཀའ་སྩལ་བ་མ་ཟད། སྐབས་དེར་༸གོང་ས་མཆོག་གིས་ནང་གི་ཞི་བདེ་གོང་མཐོར་སྤེལ་རྒྱུའི་མཛད་ཁུར་སྔར་བཞིན་སྐྱོང་རྒྱུའི་ཐུགས་བསྐྱེད་བརྟན་པོ་འཆང་གནང་མཛད་བཞིན་ཡོད་སྐོར་བཀའ་སློབ་སྩལ་དོན། དེང་སྐབས་དངུལ་དང་དཔལ་འབྱོར་ཐོག་ཚད་ལས་བརྒལ་བའི་དོ་སྣང་སྤྲོད་བཞིན་ཡོད་པའི་ཚོར་སྣང་བྱུང། གསར་ཤོག་ནང་ཉིན་ལྟར་དངུལ་རྐྱང་རྐྱང་སྐོར་ཤོད་བཞིན་ཡོད། དངུལ་དང་དབང་ཆས་ནང་གི་ཞི་བདེ་གོང་མཐོར་གཏོང་ཐབས་མེད། ཆོས་ཁས་ལེན་མིན་དེ་མི་སྒེར་པ་སོ་སོའི་གནད་དོན་རེད། དེར་ང་ཚོ་བྱུས་གཏོགས་གང་ཡང་མེད། འོན་ཀྱང་ནང་གི་ཞི་བདེ་གོང་མཐོར་གཏོང་རྒྱུ་དེར་ཆོས་ཁས་ལེན་མིན་གྱི་ཁྱད་གང་ཡང་མེད་པར་ང་ཚོ་ཚང་མས་དོ་སྣང་སྤྲོད་དགོས། ཁྱིམ་ཚང་ཕྱུག་པོ་ཡིན་ནའང་གལ་ཏེ་བྱམས་བརྩེས་ཕོངས་ཚེ་ཕན་ཚུན་ཁྲག་དོག་དང་ཡིད་ཆེས་བློས་འགེལ་གྱི་བསམ་བློ་མེད་པའི་ཐོག་ནས་དཀའ་ངལ་འཕྲད་ངེས་ཡིན།ཞེས་བཀའ་སློབ་སྩལ་གྲུབ་རྗེས་གཟེངས་རྟགས་ཕྱག་དངུལ་དེ་བཞིན་བེད་སྤྱོད་ཇི་ལྟར་མཛད་རྒྱུ་ཡིན་སྐོར་ཐོག་བཀའ་སློབ་སྩལ་དོན། ངོས་སྒེར་ལ་ཆ་མཚོན་ན་རྒྱ་གར་གཞུང་གིས་མཐུན་འགྱུར་ཆ་ཚང་གནང་ཡོད། ངོས་ལ་ནང་མི་བུ་ཕྲུག་ནི་མེད། ངོས་མི་སྒེར་ལ་གྲོས་པ་གཅིག་ལས་མེད། དེར་བརྟེན་དངུལ་དེ་དག་སྒེར་སྤྱོད་བྱ་རྒྱུའི་བསམ་བློ་དང་དགོས་པ་གང་ཡང་མཐོང་གི་མེད། ངོས་ཀྱིས་དངུལ་དེ་དག་ཞལ་འདེབས་རྒྱག་ཆེད་ཚོགས་པ་འགའ་ཤས་བསམ་བློ་བཏང་རྗེས་བྱིས་པ་རོགས་སྐྱོབ་ཚོགས་པ་དེར་ཞལ་འདེབས་རྒྱག་འདོད་བྱུང། གང་ཡིན་བརྗོད་ན་ཁོང་ཚོས་ཕྲུ་གུ་ཚོའི་ལྟོ་གོས་ཙམ་མ་ཟད། ཕུགས་ལ་ཕྲུ་གུ་དེ་དག་མི་བཟང་པོ་ཞིག་ཆགས་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། ཁྱེད་ཚོས་ངོས་ཀྱི་ལས་དོན་དེར་ངོས་ལེན་གནང་སྟེ་གཟེངས་རྟགས་འདི་བཞིན་གསོལ་རས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་གསར་འགོད་པ་ཁག་གཅིག་གིས་དྲི་བ་ཞུས་པར་བཀའ་ལན་སྩལ་ཡོད་པ་བཅས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 7 སྡོམས་རོགས།