དཔྱ་ཁྲལ་ལག་དེབ་ནི་མ་དངུལ་བསྡུ་རྒྱུ་གཅིག་པོ་མིན་པར་སྒྲིག་འཛུགས་དང་མི་མང་གི་བར་དུ་འབྲེལ་བ་ཞིག་ཡིན་པར་ངོས་ལེན་བྱེད་ཀྱིན་ཡོད་ཟེར།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ངོ་དཔལ་འབྱོར་བཀའ་བློན་དང་བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་བསྟན་པ་རྒྱལ་མཚན་ལགས་གཉིས་ཀྱི་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ལ་བཀའ་སློབ་གནང་བ།

དེ་རིང་ཉིན་རྒྱབ་ཀྱི་ས་གནས་ཆུ་ཚོད་དང་པོ་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ངོ་དཔལ་འབྱོར་བཀའ་སློན་དང་བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་བསྟན་རྒྱལ་མཚན་གཉིས་ར་པརསི་ཝིལ་ཡོ་ན་གྲོང་སྡེ་ཚོགས་ཁང་དུ་ཆིབས་བསྒྱུར་གནང་། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་རྒྱུན་ལས་རྣམས་ཀྱིས་ཕེབས་བསུ་ཞུས། 

སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་མཆོག་གིས་ས་གནས་མི་མང་གི་སྒྲིག་འཛུགས་དང་དེའི་ལས་དོན་བྱེད་ཕྱོགས། གྲུབ་ཟིན་པའི་ལས་དོན་དང་མ་འོངས་པའི་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐད་ལ་བཀའ་བློན་མཆོག་ལ་ངོ་སྤྲོད་སྙན་སེང་ཞུས། ས་གནས་མི་མང་གིས་འཐུས་ཚོགས་སྐབས་བཅུ་དྲུག་པར་རྒྱབ་སྐྱོར་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་དང་མ་འོངས་པའི་འཐུས་ཚོགས་སྐབས་བཅུ་བདུན་པའི་སྐབས་སུ་ཡང་རྒྱབ་སྐྱོར་དང་བྱེད་སྒོ་ཁག་ལ་མཉམ་ཞུགས་དང་རོགས་རམ་གནང་དགོས་པའི་འབོད་སྐུལ་ཞུས།

ས་གནས་སྐུ་ཚབ་དོན་གཅོད་མཆོག་གིས་དཔལ་འབྱོར་བཀའ་བློན་མཆོག་ཐེངས་འདིའི་བསྐོར་བསྐྱོད་ཀྱི་ལས་རིམ་དང་། ལྷག་པར་དུ་ཚེས་གསུམ་ཉིན་གྱི་མཚན་མོའི་ཆུ་ཚོད་བཅུ་གཉིས་པར་དུ་མི་མང་ལས་ཁུངས་སུ་དཔལ་འབྱོར་བཀའ་བློན་མཆོག་གིས་ས་གནས་མི་མང་གི་དཀའ་ངལ་སེལ་ཆེད་ཕྱག་ལས་གནང་བའི་སྐོར་དང་སྐུ་ངོ་མཆོག་གི་ཡོ་རོབ་ཕྱོགས་བསྐྱོད་ཀྱི་ལས་དོན་སྒྲུབ་ཕྱོགས་སོགས་གསལ་བཤད་ངོ་སྤྲོད་གནང་། སྐུ་ཚབ་དོན་གཅོད་མཆོག་གིས་མུ་མཐུད་དུ་བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་བསྟན་པ་རྒྱལ་མཚན་ངོ་སྤྲོད་དང་དེའི་ལས་དོན། རང་བྱུང་ཁོར་ཡུག་གལ་ཆེན་ཡིན་པའི་གནས་བབ་ཐོག་ང་ཚོ་བོད་ཀྱི་ཁོར་ཡུག་ལ་རྒྱུས་ལོན་བྱེད་ཐུབ་པའི་རེ་བ་ཡོད་སྐོར་སོགས་ངོ་སྤྲོད་གསུངས་བཤད་གནང་།
 
ཕྱོགས་བཞུགས་སྤྱི་འཐུས་ཟམ་མདོ་བྱམས་པ་ལགས་ཀྱིས་དཔལ་འབྱོར་ནི་ནུས་སྟོབས་ཡིན་ཟེར་བ་དེའི་རྒྱབ་ལྗོངས་ཀྱི་ཤེས་བྱ་དང་དེའི་དགོས་མཁོ། བྱུང་རིམ་སོགས་ཀྱི་སྐོར་ལ་རྒྱལ་སྤྱི་རང་བཞིན་གྱི་དཔལ་འབྱོར་ཤེས་བྱ་ངོ་སྤྲོད་གནང་། དེ་བཞིན་བོད་ཀྱི་ཤོག་སྒོར་དར་ཚུལ། བོད་ཀྱི་དཔལ་འབྱོར་དང་རྒྱལ་སྤྱིའི་དཔལ་འབྱོར་ལ་ཞིབ་བསྡུར་སོགས་ཀྱིས་དཔལ་འབྱོར་ནུས་སྟོབས་ཀྱི་སྤྱི་ཚོགས་སུ་ཐེབས་པའི་ཤུགས་རྐྱེན། དཔལ་འབྱོར་ནི་སྟོབས་ཤུགས་ཡིན་པ་ངོ་ཤེས་པའི་ཐོག་ནས་མ་འོངས་པར་ཕྱི་རབས་པ་རྣམས་ཀྱི་དཔལ་འབྱོར་གཉེར་དགོས་པའི་བསམ་ཚུལ་བཏོན། 

བོད་སྲིད་ཅུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་པ་རྒྱལ་མཚན་ལགས་ཀྱི་བོད་མཐོ་སྒང་ནི་གོ་ལ་ཧྲིལ་བོར་གལ་ཆེན་ཡིན་པ་གསལ་སྟོན་བྱེད་དགོས་པ་དང་། སྒང་བ་བོད་པའི་ཆགས་ཚུལ་དང་ས་ཁྱོན་གྱི་ཆེ་ཆུང་དེའི་སྐོར་ལ་དེང་སང་གི་ཚན་རིག་པའི་ལྟ་སྟངས། བོད་མཐོ་སྒང་གི་གངས་རྒྱུན་ལས་བྱུང་བའི་ཆུ་བོ་བེད་སྤྱོད། བོད་ནི་གོ་ལའི་སྣེ་གསུམ་པ་དུ་འབོད་པའི་ཐ་སྙད་ཀྱི་བྱུང་འཕེལ་དང་བེད་སྤྱོད་ཀྱི་ཁྱབ་ཚད་སོགས་ཀྱི་སྤྱི་ཤེས་ཁག་ཅིག་ངོ་སྤྲོད་གནང་། དེ་བཞིན་བོད་མཐོ་སྒང་གི་གནམ་གཤིས་ཀྱི་གླིང་གཞན་ཁག་གི་གནམ་གཤིས་ལ་ཐེབས་པའི་ཚན་རིག་པའི་ངོས་འཛིན་སོགས་ཁ་སྣོན་བྱས། འཛམ་གླིང་གི་མི་གྲངས་བརྒྱ་ཆའི་༤༠ ལྷག་གི་བོད་ཀྱི་ཆུ་བོར་ཐད་ཀར་དང་ཐད་ཀར་མིན་པའི་གནས་སྟངས་འོག་ནས་འབྲེལ་བ་ཡོད་ཚུལ་གསལ་བཤད་གནང་། མཐར་བོད་ནང་ནས་ཡོང་བའི་བོད་མི་རྣམས་ཀྱིས་རང་རང་གི་ཕ་ཡུལ་དུ་ཤིང་སྡོང་མང་ཙམ་འདེབས་ཐུབ་པའི་འབོད་སྐུལ་ཀྱང་ཞུས་སོང་། 

སྐུ་ངོ་དཔལ་འབྱོར་བཀའ་བློན་མཆོག་གིས་སྒྲིག་འཛུགས་དང་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་རང་ཉིད་དེ་རིང་དཔལ་འབྱོར་བཀའ་བློན་འགན་ལེན་ཐུབ་པ་བྱུང་བ་ལས་ང་རང་དཔལ་འབྱོར་ཐོག་ལ་སློབ་སྦྱོང་དང་ཆེད་ལས་དེ་འདྲ་མིན་ཟེར། ང་ཚོས་༧གོང་ས་མཆོག་གི་བཀའ་དྲིན་ངོ་ཤེས་པའི་ཐོག་ནས་བསམ་ཤེས་བྱེད་དགོས་པ་དེ་གལ་ཆེན་རེད་ཟེར། 

བོད་ནང་བོད་མི་རྣམས་ཀྱི་ལས་དོན་ཅི་ཞིག་སྒྲུབ་ཀྱང་བོད་མི་རིགས་དང་རིག་གཞུང་གཙིག་སུ་འཛིན་པའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་བྱེད་དགོས་པའི་དགོངས་ཚུལ་གསུངས། མ་ཟད་དུ་བཙན་བྱོལ་གྱི་བོད་མི་རྣམས་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་ལུས་མེ་བསྲེགས་གནང་མཁན་རྣམས་ད་སྐབས་གོམ་གཤིས་སུ་གྲུབ་འདུག་པ་ལས་མི་རིགས་ཀྱི་དོན་དུ་རང་སྲོག་བླས་བཏང་བའི་ཚོར་བ་ཡོང་གིན་མེད་པ་སོགས་བློ་ཕན་ཡོད་ཚུལ།  མི་སུ་ཡིན་ཡང་རང་རང་གི་འགན་ལེན་དགོས་པ་ལས་རྡ་ས་གཅིག་པོས་ལས་དོན་ཡོད་ཚད་སྒྲུབ་ཐུབ་ཡ་མེད་པ་གསལ་བོ་རེད་གསུངས།  དེ་བཞིན་སུད་སིའི་ཡུལ་མི་རྣམས་ཀྱིས་ཕྱོགས་ཡོངས་ནས་དབུས་བོད་མི་སྒྲིག་འཛུགས་ལ་ཕན་ཐོགས་ཆེན་པོ་བསྒྲུབས་ཡོད་པ་རེད་ཅེས་ཆེས་བསྟོད་ཀྱང་གནང་སོང་། 

བོད་ཀྱི་ཆོས་དང་རིག་གཞུང་གི་ཐད་ལ་བོད་ཀྱི་ངོ་བོ་རྒྱུན་འཛིན་བྱེད་ཐུབ་ཐབས་ལ་ཕ་མ་རྣམས་ཀྱིས་རང་རང་གི་བུ་ཕྲུག་ལ་སློབ་གསོ་ཡག་པོ་ཞིག་གནང་ཐུབ་དགོས་པའི་འབོད་སྐུལ་ཞུས། མ་འོངས་པར་བོད་ཀྱི་རིག་གཞུང་དང་། འཕྲོད་བསྟེན་སོགས་ཀྱི་ཐད་ལ་ཆེད་ལས་མཁས་པ་གདན་འདྲེན་གྱིས་ལྔ་དང་ལྔ་བཅུའི་ཚོགས་འདུ་ཞིག་དབུས་ནས་འཚོག་འཆར་ཡོད་སྐོར་ཁ་སྣོན་བྱས། 

དཔལ་འབྱོར་བཀའ་བློན་ཞིག་ཡིན་པའི་ཆ་ནས་བོད་མི་སྤྱི་ཡོངས་ཀྱི་དཔལ་འབྱོར་གནས་སྟངས་ཞུ་ཐུག་རྒྱུ་ཁག་པོ་ཡིན་ཡང་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་ཚུལ་རག་ཙམ་མི་མང་ལ་ངོ་སྤྲོད་དང་ལག་དེབ་ལྗང་ཁུ་དེ་བཞིན་བོད་མིའི་རོགས་སྐྱོར་ལག་དེབ་༼ལག་དེབ་འདི་བོད་རིགས་མིན་པའི་བོད་དོན་རྒྱབ་སྐྱོབ་བ་ཚོར་ཐོབ་བཞིན་པ་ཞིག་ཡིན་འདུག༽སྤྲོད་མཁན་ས་གནས་སོ་སོས་མི་མང་གི་འཚོལ་ཐབས་གནང་དགོས་པའི་འབོད་སྐུལ་ཞུས་སོང་། དཔྱ་ཁྲལ་ལག་དེབ་མ་དངུལ་གཅིག་པོ་མིན་པར་སྒྲིག་འཛུགས་དང་མི་མང་གི་བར་དུ་འབྲེལ་བ་ཞིག་ཡིན་པར་ངོས་ལེན་བྱེད་དགོས་པ་ནན་གྱིས་གསུངས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 5 སྡོམས་རོགས།