ཕྱི་ལོ་༢༠༡༦ཟླ་བ་༨ཚེས་༢༤ཉིན་ལུ་རྫན་ས་གནས་ཀྱི་བོད་ཡིག་སློབ་གྲྭ་སུད་སི་མངའ་སྡེ་གཞུང་གི་སློབ་གྲྭའི་ཁྱབ་ཁོངས་སུ་འཚུད་པ།

སྤྱིར་ལུ་རྫན་ས་གནས་སུ། དེ་སྔ་ལོ་མོ་བརྒྱད་ཙམ་ནས། རེས་གཟའ་སྤེན་པར་རྒྱུན་ལྟར་བོད་ཡིག་སློབ་ཁྲིད་བྱེད་ཀྱི་ཡོད་ལ། བོད་སློབ་དེའི་དགེ་ལས་ཡོངས་ཀྱིས་ལྷག་བསམ་ཟོལ་མེད་ཀྱིས་བོད་མི་རིགས་ལ་ཞབས་འདེགས་ལྷད་མེད་ཅིག་བཞུས་ཡོད། 

འོན་ཀྱང་འདི་ལོ་ནས་ལུ་རྫན་རྒྱུན་ལས་རྣམས་ཀྱིས་ཐུགས་ཁུར་ཆེ་བཞེས་ཀྱིས། ད་ལྟའི་ཉག་ཕྲ་བའི་བོད་མི་རིགས་ཀྱི་སྐད་ཡིག་གསོན་འཇིག་གི་མཚམས་སུ་ཐུག་ཡོད་པ་མ་ཟད། རང་ཅག་ཕྱི་རྒྱལ་དུ་གནས་སྡོད་བྱེད་མཁན་གྱི་བོད་ཕྲུག་བོད་སྐད་མི་ཤིས་མཁན་ཉིན་བཞིན་ཇེ་མང་དུ་འགྲོ་བཞིན་པ་མ་བཟོད་ནས། མ་འོངས་ཕུགས་རྒྱང་རིང་པོའི་ཁེ་ཕན་ལ་དམིགས་ཤིང་ངལ་བ་འཛེམས་མེད་ཀྱིས་བོད་མི་རིགས་ཡུན་ནས་རིང་དུ་གནས་དགོས་ན། དེའི་རྩ་བ་སྐད་དང་ཡི་གེ་གཉིས་ལ་ཐུག་ཡོད་པ་ཤེས་ཤིང་ངེས་པ་རྙེད་པ་མ་ཟད། ངེད་ཅག་གི་མེས་པོ་གོང་མ་དག་གིས་རྒྱུ་ནོར་དང་ཚེ་སྲོག་ཁྲག་གིས་འགྲོ་གྲོན་གྱིས་ཉོས་པའི་རིག་གཞུང་ཕྱུག་པོ་སུ་ལའང་ངོམ་ཆོག་པ་འདི་བཞིན། སྣུམ་ཟད་ཀྱི་མར་མེ་བཞིན་ཉིན་ཞིན་འཇིག་ལ་ཉེ་བ་ཕངས་ནས། དེ་ཉིད་མི་ཉམས་རྒྱུན་གནས་ཉམས་པ་སླར་གསོ་དང་བོད་མི་རིགས་ཀྱི་ངོ་བོ་མི་བོར་བའི་སླད་དུ། མངའ་སྡེའི་སྲིད་གཞུང་ལ་རེ་སྨོན་ལན་མང་བྱས་པའི་འབྲས་བུར་འདི་ལོ་ནས་དངོས་སུ་བོད་སློབ་འདི་བཞིན་མངའ་སྡེ་སློབ་གྲྭའི་ཁྱབ་ཁོངས་སུ་ཞལ་བཞེས་སྐལ་བཟང་ཐོབ་པ་མ་ཟད། འདི་ལོ་ནས་སློབ་ཕྲུག་རྣམས་ཀྱིས་ཡིག་རྒྱུགས་སོགས་གཞུང་གིས་སློབ་གྲྭ་དང་ལྷན་མཚུངས་སུ་གཏོང་དགོས་པ་མ་ཟད་སློབ་ཕྲུག་རྣམས་ཀྱི་རྒྱུགས་འབྲས་སོགས་གཞུང་གི་ངོ་ལེན་ཡོད་པའི་ཐོག་ནས་རྒྱུགས་འབྲས་ལག་འཁྱེར་འཐོབ་ཀྱི་ཡོད། 

སློབ་གྲྭའི་དབུ་འབྱེད་མཛད་སྒོར་མངའ་སྡེའི་སློབ་གྲྭའི་སློབ་སྤྱི་དང་། ལུ་རྫན་བོད་ཡིག་སློབ་གྲྭའི་སློབ་སྤྱི་སྨན་གླིང་བཀྲིས་ཟླ་བ་ལགས་དང་། ལུ་རྫན་ས་གནས་ཀྱི་ཚོགས་གཞོན་བཀྲིས་ལྷ་འཛོམས་ལགས་ཀྱིས་བོད་མི་རིགས་ཀྱི་སྐད་ཡིག་འདི་ཉིིད་གལ་གནད་ཆེན་པོ་ཡིན་པ་དང་། སྐད་ཡིག་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་རང་ཅག་རྩམ་ཟན་པ་ཡོངས་ཀྱི་ཕྲག་དུ་ལྷུང་བའི་ལས་འགན་ཡིན་པ་མ་ཟད་དེའི་སླད་མཐུན་འགྱུར་གང་ཐུབ་སྦྱོར་རྒྱུའི་བཀའ་སློབ་ལམ་སྟོན་སོགས་གནང་པ་དང་། དེ་བཞིན་རྒན་བུ་ཆུང་ནུབ་པས་སློབ་ཚན་འཆར་འགོད་དང་ཡིག་རྒྱུགས་ཇི་ལྟར་གཏོང་ལུགས་སོགས། མདོར་ན་སྔར་མེད་གསར་གཏོད་ཀྱིས་ལམ་ནས་བུ་ཕྲུག་རྣམས་ལ་ཤེས་སླ་ལ་སྦྱོང་བདེ་བའི་སློབ་ཁྲིད་བྱེད་རྒྱུའི་ཐབས་ལམ་ཡོད ་དགུ་རྩལ་སྤྲུག་འདོན་རྒྱུའི་དཔེ་མཚོན་དང་བཅས་ཕྱི་ཟླ་༨ཚེས་༢༤ཉིན་སློབ་ཁྲིད་དངོས་སུ་འགོ་བཙུགས་པ་རེད།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 4 སྡོམས་རོགས།