བོད་དོན་ཞི་བའི་གོམ་བགྲོད་ཉིན་བཅོ་བཞི་པ། 

ཕྱི་ཚེས་ ༡༧ ཉིན་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་བཅོ་ལྔ་པ་དེ་ཡིན། ཉིན་འདིར་སུད་སུ་ས་གནས་Oron-la Ville ནས་གྲོང་ཁྱེར Lausanne བར་སྤྱི་ལེ་༡༩ ལ་གོམ་བགྲོད་གནང་། དེ་རིང་གོམ་བགྲོད་ནང་མཉམ་ཞུགས་གནང་མཁན་སྐྱེས་པ་གྲངས ༣༤ དང་། བུད་མེད་ ༡༨ བཅས་ཁྱོན་གྲངས་༥༢ ཡོད་ཅིང་། ལས་བྱེད་པ་དྲུག་བཅས་མཉམ་ཞུགས་གནང་ཡོད། ཡིག་ཆ་གྲངས་ཆིག་སྟོང་ལྷག་འགྲེམས་སྤེལ་གནང་ཡོད། 

དེ་རིང་ས་གནས་ Lausanne ཚོགས་ཆུང་གིས་ངོས་ནས་གོམ་བགྲོད་པ་རྣམས་ལ་བསུ་བ་ཧ་ཅང་རྒྱས་པོ་གནང་སོང་བ་མ་ཟད། ཞོགས་ཇ་དང་དགོང་མོའི་ཞལ་ལག་གྲ་སྒྲིག་གནང་བ་དང་། ནམ་མཁའ་རིན་པོ་ཆེའི་ཆོས་ཚོགས་ཀྱིས་ཉིན་གུང་ཞལ་ལག་གོ་སྒྲིག་གནང་བ་མ་ཟད། གོམ་བགྲོད་པ་རྣམས་ལ་སྣེ་ལེན་མཇལ་དར་དང་། གྲོང་ཁྱེར་ནང་འགྲོ་ཆོག་པའི་མེ་འཁོར་དང་སྤྱི་སྤྱོད་རླངས་འཁོར་ལག་འཛིན་སོགས་རིན་མེད་གནང་བར་མི་མང་ཚོགས་གཙོ་མཆོག་གིས་ཐུགས་ཆེའི་མཇལ་དར་བསྒྲོན། དེ་བཞིན་གྲོང་ཤར་བསྟན་འཛིན་དབང་མོ་ལགས་ནས་གོམ་བགྲོད་པ་རྣམས་ལ་ཤིང་འབྲས་ཀུ་ཤུ་སོགས་དང་སྟོབས་སྐྱེད་སྨན་སོགས་གང་མང་གནང་སོང་བར་ཡང་ཐུགས་རྗེ་ཞུས།དེ་རིང་ནི་༧གོང་ས་མཆོག་གིས་ཨ་རིའི་གསེར་གྱི་གཟེངས་རྟགས་བཞེས་ནས་ལོ་ངོ་དྲུག་འགྲོ་བའི་དུས་དྲན་ཡིན་སྟབས། གོམ་བགྲོད་པ་བོད་ཆས་ཡོད་མཁན་རྣམས་ཀྱིས་བོད་ཆས་བསྣམས་པ་དང་། ས་གནས་ Lausanne ལ་སླེབས་མ་ཐག་༸རྒྱལ་བའི་ཞབས་བརྟན་དང་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་སོགས་ཞལ་འདོན་དུས་ཡུན་ཆུ་ཚོད་ཕྱེད་ཙམ་རིང་བསྐྱོར་ཏེ་དུས་དྲན་སྲུང་བརྩི་ཞུས། 

ལྷག་དོན་དེ་རིང་ཉིན་གུང་ནས་ཡུ་རོབ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གོམ་བགྲོད་པའི་ནང་མཉམ་ཞུགས་གནང་བར་མི་མང་ཚོགས་གཙོ་མཆོག་གིས་བཀའ་དྲིན་ཆེད་བརྗོད་ཞུས་ཤིང་། སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་གོམ་བགྲོད་པ་རྣམས་ལ་བཀའ་སློབ་གནང་། ཁོང་གིས་བརྗོད་དོན། དེ་རིང་ང་རང་གོམ་བགྲོད་པའི་ནང་མཉམ་ཞུགས་ཞུ་དོན་གང་ཡིན་ཟེར་ན། གོམ་བགྲོད་པ་ཚོས་བོད་དོན་ཆེད་དཀའ་ལས་སྐྱོན་བཞིན་པར་གདུང་སེམས་མཉམ་བསྐྱེད་ཞུ་ཆེད་བཅར་པ་ཡིན། ཁྱོད་རང་ཚོས་སྐུ་ལས་ཞེ་དྲག་བསྐྱོན་བཞིན་པར་ཐུགས་རྗེ་ཞུ་ཡ་ཡིན། མ་འོངས་པར་ང་ཚོས་བོད་དོན་ཐད་ལས་འགུལ་མུ་མཐུད་སྤེལ་དགོས་པ་དང་། གྲུབ་འབྲས་ལྡན་པའི་ལས་འགུལ་སྤེལ་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་རེད། གྲུབ་འབྲས་ལྡན་པའི་ལས་འགུལ་ཞིག་ཡོང་བ་ལ་དང་པོ་གནས་ཚུལ་ཆ་ཚང་མཁྱེན་པའི་ཐོག་ནས་ལས་འགུལ་སྤེལ་ན་གྲུབ་འབྲས་ལྡན་པ་ཡོང་གི་རེད། ཅེས་སོགས་ཀྱི་བཀའ་སློབ་ལམ་སྟོན་གནང་།  ཙ་ཡུལ་ཕུན་ཚོགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 8 སྡོམས་རོགས།