བོད་ནང་དུ་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་སྐབས་རྒྱ་གཞུང་གི་ཉེན་རྟོག་པས་བོད་མིའི་ཐོག་གང་བྱུང་མེ་མདའ་བརྒྱབ་པ།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ཚེས་ ཉིན་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༨ ལ་ཕེབས་པའི་འཁྲུངས་སྐར་ཁམས་རྟའུ་ཉ་མཚོ་དགོན་པར་སྲུང་བརྩི་ཞུས་སྐབས་རྒྱ་ནག་གཞུང་གི་དམག་མིས་མང་ཚོགས་ནང་གང་བྱུང་མེ་མདའ་བརྒྱབ་འདུག དེ་བཞིན་དཀར་མཛེས་དང་ལི་ཐང་། བྲག་མགོ མདོ་སྨད་མགོ་ལོག་རྟ་བོ་དང་བླ་བྲང་། རྨ་ཆུ། ཆབ་ཆ། སྐུ་འབུམ་དགོན་བཅས་སུ་ཡང་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག

དེ་ཡང་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། གོང་ཚེས་ཉིན་གྱི་སྔ་དྲོ་ཁམས་རྟའུ་ཉ་མཚོ་དགོན་གྱི་དགེ་འདུན་པ་དང་དགེ་ལྡན་ཆོས་གླིང་གི་བཙུན་མས་གཙོས་སེར་སྐྱ་མི་མང་ཚོས་ཡུལ་དེའི་གཞི་བདག་རྨ་ཆེན་སྤོམ་རའི་རྩེར་བསང་གསོལ་ཆེན་པོ་བཏང་སྟེ་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པའི་སྐབས་སུ། རྒྱ་གཞུང་གི་ཉེན་རྟོག་པའི་རླངས་འཁོར་ དང་། དམག་མིའི་རླངས་འཁུར་ ཙམ་འབྱོར་ཏེ་བོད་མི་ཚོ་དང་གདོང་ཐུག་བྱུང་སྟེ་ཐོག་མར་མང་ཚོགས་ལ་འཇིགས་སྐུལ་གྱིས་ཕྱིར་ལོག་དགོས་ཚུལ་བརྗོད་སྐབས། མང་ཚོགས་ཀྱིས་རི་མགོར་བསང་གསོལ་གཏོང་བ་ནི་བོད་མིའི་སྲོལ་རྒྱུན་ཞིག་ཡིན་སྐོར་བརྗོད་དེ་ཉན་འཇོག་མ་བྱས་སྟབས། དམག་མིས་མང་ཚོགས་ཁྲོད་གང་བྱུང་མེ་མདའ་བརྒྱབ་སྟེ། དགེ་འདུན་པ་བྱང་ཆུབ་རྡོ་རྗེ་ལགས་དང་ཉ་མཚོན་དགོན་པའི་དགེ་བསྐོས་ཚེ་རིང་དོན་འགྲུབ་ལགས། བྲག་ཆུང་གྲོང་པ་བཀྲ་ཤིས་རྒྱ་མཚན་ལགས། ཉ་མཚོན་དགོན་གྱི་རྒན་བཀྲ་ཤིས་བསོད་ནམས་ལགས། མི་སྐྱ་བཀྲ་ཤིས་དང་སྙན་གྲགས་ལགས། བཙུན་མ་ཞིག་བཅས་ལ་རྨས་སྐྱོན་བཟོས་ཡོད་པ་དང་། ཨོ་རྒྱན་བཀྲ་ཤིས་(བཀྲ་ཤིས་རྒྱལ་མཚན་ཡང་ཟེར།)ཀྱི་མགོ་ལ་མེ་མདའ་བརྒྱབ་སྟེ་རྨས་སྐྱོན་ཚབས་ཆེན་བྱུང་ཡོད་སྟབས། ད་ལྟ་ཁྲིན་ཏུའུ་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་འདུག 

དེ་བཞིན་ལི་ཐང་དགོན་ཆེན་དུ་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་དབུས་ཀྱི་བཞུགས་ཁྲིའི་སྟེང་ཞལ་ཕྱེས་ཏེ། ས་གནས་དགོན་གྲོང་གཉིས་ཀྱི་སྐྱ་སེར་མང་ཚོགས་འདུ་འཛོམས་ཀྱིས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཆེན་པོ་ཞིག་ཚོགས་ཡོད་འདུག དེར་འཕྲེད་དར་ཆེན་པོ་ཞིག་གི་སྟེང་དུ་ འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་༸སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་དགུང་གྲངས་ ༧༨ ལ་ཕེབས་པའི་སྐུ་ཡི་འཁྲུངས་སྐར་སྲུང་བརྩི།།༽ཞེས་སོགས་བཀོད་དེ་མངོན་གསལ་དོད་པོས་སྦྱར་འགྲེམས་ཞུས་ཡོད་པ་མ་ཟད། མཛད་སྒོ་དེར་ས་གནས་ཀྱི་གཞས་པ་གཞས་མ་མང་པོ་གདན་ཞུ་གནང་ཡོད་ཀྱང་རྒྱ་གཞུང་གི་ཉེན་རྟོག་པས་འཇིགས་སྐུལ་བྱས་སྟབས་ཁག་གཅིག་ཡོང་ཐུབ་མེད། འོན་ཀྱང་གཞན་མང་པོ་ཞིག་འཁྲུངས་སྐར་མཛད་སྒོར་ཞུགས་ཏེ་གླུ་གཞས་གཏོང་བ་སོགས་བྱས་ཡོད་འདུག

མགོ་ལོག་རྟ་བོ་གྲོང་བརྡལ་དུ་གུ་རུ་རིན་པོ་ཆེ་མཆོག་གི་ལྷ་ཁང་ཆེན་པོ་ཞིག་བཞེངས་སྐྲུན་ལེགས་གྲུབ་བྱུང་ཡོད་པ་དེ།  ཕྱི་ཚེས་ ཉིན་ཏེ་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ཏེ་སྒོ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོ་དེར་ས་གནས་དེའི་དགོན་སྡེ་ཁག་གི་མཁན་སྤྲུལ་སེར་སྐྱ་མང་ཚོགས་འདུ་འཛོམས་དང་། ས་གནས་གཞན་གྱི་གཞས་པ་གཞས་མ་མང་པོ་ཞིག་ཆེད་དུ་གདན་འདྲེན་ཞུས་ཏེ་གླུ་གཞས་འཁྲབ་སྟོན་ལམ་ནས་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 2 སྡོམས་རོགས།