འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ནས་སུད་སི་ས་གནས་ཇི་ནི་ཝར་སྐད་འབོད་ལས་འགུལ་སྤེལ་བ།

ཕྱི་ལོ་༢༠༡༩་ཟླ་༡༢ ཕྱི་ཚེས་༡༠་རེས་གཟའ་མིག་དམར་ཉིན།  འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་སུད་སི་དང་ལིག་ཏིན་སིཊཡན་བོད་རིགས་མི་མང་གིས་གོ་སྒྲིག་བྱས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་རྒྱལ་ཚོགས་སུ་ཞུ་གཏུགས་དང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།

དེ་ཡང་སྔ་དྲོ་ཕྱག་ཚོད་༡༡་ཐོག་ལས་འགུལ་ཐོག་ཏུ་མཉམ་ཞུགས་གནང་མཁན་མི་འབོར་༥༠༠་ལྷག་འཛོམས་ནས་ཚང་མའི་ལག་ཏུ་བོད་ཀྱི་རྒྱལ་དར་དང་འཕྲེལ་དར་འཁྱེར་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་རྒྱལ་སྤྱིའི་མི་མང་གིས་རྒྱབ་སྐྱོར་བྱེད་དགོས་པའི་རེ་སྐུལ་དང་། དེ་བཞིན་རྒྱ་ནག་གཞུང་གིས་གོང་ས་མཆོག་གི་སྐུ་ཚབ་དང་མཉམ་དུ་ཞི་བའི་གྲོས་མོལ་བྱེད་དགོས་བའི་འབོད་ཚིག་སྒྲགས།

སྐད་འབོད་ལས་འགུལ་ཇི་ནི་ཝར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་མདུན་ཐང་དུ་འགོ་ཚུགས་ཡོད་པ་དང་། དོན་གཅོད་སྐུ་ཚབ་འཆི་མེད་རིག་འཛིན་མཆོག་ནས་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་མུ་མཐུད་ནས་རྡོག་རོལ་ལ་གཏོང་བཞིན་ཡོད་དང་།  བོད་རིགས་མི་མང་གི་ཆོས་དད་རང་མོས་ལ་བཀག་སྡོམ་དང་རྒྱ་གཞུང་གི་ཆབ་སྲིད་ཀྱི་ཁེ་ཕན་ཆེད་དུ་བོད་ཀྱི་ནང་པའི་ཆོས་ལུགས་ཀྱ་ཡང་སྲིད་ངོས་འཛིན་སྐོར་ལ་དམ་དྲག་གྱི་ཐེ་བྱུས་བྱེད་པ།

དེ་བཞིན་དོན་གཅོད་མཆོག་ནས་བོད་ནང་གི་བོད་རིགས་མི་མང་གིས་རྒྱ་ནག་གཞུང་གིས་ངྲག་གནོན་ལ་མ་བལྟས་པར་རང་དབང་དང་དྲང་བདེནབན་ཆེད་འཐབ་རྩོལ་བྱེད་བཞིན་པའི་སྙིང་སྟོབས་ལ་སྔགས་བརྗོད་བྱས་པ་དང་།  བོད་དོན་བདེན་མཐའ་སེལ་བར་བཙན་བྱོལ་བོད་མི་ཡོངས་ཀྱིས་འཐིན་ཆིག་སྒྲིལ་གཅིག་གྱུར་བྱེད་དགོས་པ་དང་དམིགས་གསལ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ནས་བོད་ནང་གི་བོད་མི་ཚོའི་རེ་འདུན་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྡིང་ཆ་ཐོག་ཏུ་ཞུ་གཏུགས་བྱེད་དགོས་པ་གསུངས་སོང་།

དེ་ནས་བོད་མིའི་སྒྲིགས་འཛུགས་ཀྱི་ཡོ་རོལ་ཕྱོགས་བཞུགས་བོད་མི་མང་གི་སྤྱི་འཐུས་ཟམ་མདོ་བྱམས་པ་མཆོག་དང་རེ་ནི་ལོང་ཇེ་མཆོག  སུད་བོད་མཐུན་གྲོགས་ཚོགས་པའི་ཚོགས་གཙོ་མཆོག   དེ་བཞིན་སུད་སི་བོད་ཀྱི་བུད་མེད་ཚོགས་པའི་རྒྱུན་ལས་བཅས་ནས་གསུང་བཤད་གནང་སོང་།

དེ་ནས་བོད་རིགས་མི་མང་གི་ཚོགས་གཙོ་སྐུ་ངོ་མཚམས་མདའ་ནོར་བུ་མཆོག་དང་དོན་གཅོད་ལས་བྱེད་བཅས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་གཙོ་ལྕམ་མེ་ཁེལ་རྦ་ཁད་ལེབ་མཆོག་ལ་ཞུ་གཏུགས་ཡི་གེ་ཕུལ་ཡོད་བ་རེད། ཞུ་གཏུགས་ཀྱི་སྙིང་དོན་གཙོ་བོ་ནི་བོད་ནང་ཏུ་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པ་དེར་ཐེ་བྱུས་ངེས་བར་དུ་བྱེད་དགོས་བའི་སྐོར་ཡིན།

དེ་རིང་གི་ཉིན་མོ་འདི་ནི་བོད་རིགས་མི་མང་ལ་ཆེས་ཁྱད་པར་ཅན་གྱི་ཉིན་མོ་ཞིག་ཡིན་པ་དང་།  དེ་དང་ལོ་ངོ་སུམ་ཅུ་སྔོན་གྱི་ཕྱི་ལོ་༡༩༨༩་ཟླ་༡༢་ཚེས་༡༠་ཉིན་མོར་ནོལ་ལྦེལ་ཞི་བདེའི་གཟེངས་རྟགས་དེ་སྤྱི་ནོར་ཆེན་པོ་གོང་ས་སྐྱབས་མགོན་ཆེན་པོར་ཕུལ་གནང་བའི་ཉིན་མོར་ཁེལ་ཡོད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 4 སྡོམས་རོགས།