རྒྱ་ནག་ཧུའུ་པེ་ཞིང་ཆེན་དུ་མི་མང་གིས་གཞུང་ལ་ངོ་རྒོལ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༣ཚེས་༢༥ཉིན། ཟླ་འདིའི་ཚེས་༡༥ཉིན་རྒྱ་ནག་ཧུའུ་པེ་ཞིང་ཆེན་ཝུ་ཧན་གྲོང་ཁྱེར་དུ། འབྲིང་རིམ་མི་མང་ཁྲིམས་ཁང་གི་སྒོ་འགྲམ་དུ་མི་མང་༣༠༠ཙམ་འདུ་འཛོམས་ཀྱིས། གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག
དེ་ཡང་ངོ་རྒོལ་གྱི་ཡོང་རྐྱེན་ཞིག་ནི། ན་ནིང་ཕྱི་ཟླ་༨པའི་ཚེས་༡ཉིན། ཝུ་ཧན་གྲོང་ཁྱེར་དུ་ཨ་མ་ཀྲུའུ་ཧོ་ཀྲན་གི་ཁང་པའི་ཐོག་བརྩེགས་མདུན་དུ་མི་གྲངས་༣༠ཙམ་ཞིག་ཡོང་བ་དང༌། དེའི་ནང་མི་༥ཀྲུའུ་ཡི་ནང་ལ་ཡོང་ནས་ཁོང་ཚོས་བཙན་ཤེད་ཀྱིས་ཨ་མ་ཀྲུའུ་ཧུ་ཀྲན་ཁང་པ་དེ་ལས་མར་ཐོན་དགོས་ལུགས་བརྗོད།
ཀྲུའུ་ཡིས་ནང་དེ་ལས་ཐོན་རྒྱུ་མིན་ལུགས་བརྗོད་སྐབས། ཁོང་ཚོས་རྡུང་རྡེབ་ཚད་མེད་བཏང་ནས། ཨ་མས་སྲོག་སྐྱོབ་རོགས་ཞེས་པའི་ངུ་སྐད་དེ་ནང་དུ་བསྡད་ཡོད་པའི་ཁོང་གི་བུ་ཛོ་པིན་༼ལོ་ན་༣༠ གཟུགས་པོ་ཐང་པོ་མེད་པའི་རྐྱེན་གྱིས་རྐུབ་བཀྱག་འཁོར་ཅན་ཐོག་ནས་སྐྱོད་དགོས་ཀྱི་ཡོད་༽ཐོས་འཕྲལ།
ལམ་སང་ལག་ཏུ་ཚལ་གཏུབ་བྱེད་ཀྱི་གྲི་ཞིག་བཟུང་ནས་མར་ཐོན་ཏེ། མི་ཚོ་དང་འཛིང་རེས་བྱས་སྐབས་མི་གཅིག་བསད་ནས། མི་གཞན་ཞིག་ལ་རྨས་སྐྱོན་བཟོས་ཡོད་ལུགས་རྒྱ་གཞུང་གིས་ཉེས་འཛུགས་ཐོག ཁོང་ཉིད་ཉེན་རྟོག་པས་འཛིན་བཟུང་བྱས་ནས། ཟླ་བ་༧བཙོན་འཇུག་བྱས། ཉེ་ཆར་ཁྲིམས་ཁང་དུ་ཁྲིམས་གཏུགས་སྐབས། ཁོང་ཉིད་ཉེན་རྟོག་པ་གཉིས་ཀྱིས་སྐྱོར་ནས་ཁྱེར་ཡོང་དགོས་པས་མ་ཚད། ཁྲིམས་བཤེར་ཞུ་གཏུགས་སྐབས་ཁོང་གིས་སྐད་ཆ་ཚིག་གཅིག་ཀྱང་ཤོད་མི་ཐུབ་པ་བཟོས་ཡོད་སྟབས། ལག་བརྡ་ཁོའི་ཐོག་བརྡ་ལན་སྤྲོད་དགོས་ཐུག་ཡོད་འདུག
དེ་འཕྲལ། ཧུའུ་པེ་གྲོང་ཁྱེར་དུ་གནས་སྡོད་བྱས་ཡོད་པའི་མི་གྲངས་༣༠༠ལྷག་ཙམ། ཧུའུ་པེ་འབྲིང་རིམ་མི་མང་ཁྲིམས་ཁང་མདུན་དུ་འདུ་འཛོམས་ཀྱིས། ང་ཚོའི་ཁང་ཁྱིམ་ཕྱིར་སྤྲོད་རོགས། ང་ཚོའི་ཐོབ་ཐང་འཕྲོག་རྒྱུ་མཚམས་འཇོག་དགོས་ཞེས་སྐད་འབོད་བྱས་ཡོད་འདུག
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།