རྒྱལ་གཅེས་དཔའ་བོ་ཡོན་ཏན་ལགས་ཀྱི་ཆེད་གདུང་སེམས་མཉམ་སྐྱེད་ལས་འགུལ་སྤེལ།

༢༠༡༩ ཟླ ༡༡ ཚེས་༣༠ ཉིན་སུད་སི་གྲོང་ཁྱེར་ཛུ་རིག་ནང་སུད་སི་དང་ལེག་ཏེན་སི་ཊ་ཡན་བོད་རིགས་མི་མང་གི་གོ་སྒྲིག་འོག བོད་རྔ་བར་རྒྱལ་གཅེས་དཔའ་བོ་ཡོན་ཏན་ལགས་ཀྱིས་བོད་བསྟན་སྲིད་ཆེད་སྐུ་ལུས་མེར་སྲེག་གནང་བར་གདུང་སེམས་མཉམ་བསྐྱེད་དང་། བོད་རྫ་དཔོན་པོར་དགེ་འདུན་པ་བཞི་དང་མི་སྐྱ་གཞོན་སྐྱེས་གཉིས་ནས་བོད་རང་བཙན་སྐད་འབོད་གནང་བར་རྒྱ་གཞུང་གིས་འཛིན་བཟུང་བྱས་པར་ངོ་རྒོལ་སྐད་འབོད་ལས་འགུལ་ཞིག་གོ་སྒྲིག་གནང་སོང་།

གོང་ཚེས་ཉིན་སུད་སི་དང་ལེག་ཏེན་སི་ཊ་ཡན་བོད་རིགས་མི་མང་གི་གོ་སྒྲིག་འོག ཉེ་བའི་ཆར་བོད་རྔ་བར་རྒྱལ་གཅེས་དཔའ་བོ་ཡོན་ཏན་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་སྐུ་ལུས་སྲེག་གནང་བར་གདུང་སེམས་མཉམ་བསྐྱེད་དང་། བོད་རྫ་དཔོན་པོར་དགེ་འདུན་པ་བཞི་དང་མི་སྐྱ་གཞོན་སྐྱེས་གཉིས་ནས་བོད་རང་བཙན་སྐད་འབོད་གནང་བར་རྒྱ་གཞུང་གིས་འཛིན་བཟུང་བྱས་པར་ངོ་རྒོལ་སྐད་འབོད་ལས་འགུལ་ཞིག་གོ་སྒྲིག་གནང་སོང་བ་དང་། ལས་འགུལ་འདིར་མཉམ་ཞུགས་གནང་མཁན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སུད་བོད་མཛའ་འབྲེལ་ཚོགས་པ་དང་། སུད་སི་ས་གནས་བུད་མེད་ཚོགས་པ། ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་བཅས་ཚོགས་གཙོ་དང་སྐུ་ཚབ་རྣམས་ཀྱིས་གཙོས། མི་མང་ཉིས་བརྒྱ་ལྷག་མཉམ་ཞུགས་ཀྱིས་རྒྱ་གཞུང་གིས་ད་ལྟའི་བར་བོད་ཐོག་འཛིན་པའི་སྲིད་བྱུས་ནོར་འཁྲུལ་ཅན་གྱི་རྐྱེན་པས། བོད་གྱི་ཆོས་དང་རིག་གཞུང་ཉམས་ཉེས་གཏོང་བཞིན་པ་དང་། སྐད་དང་ཡི་གེའི་བདག་དབང་བཙན་འཕྲོག་གིས་བོད་ཀྱི་ངོ་བོ་བཙན་བསྒྱུར་བྱེད་བཞིན་པ་བཅས་ཀྱི་དབང་གིས། བོད་ནང་གི་བོད་རིགས་ཡོངས་ཀྱིས་རྒྱ་གཞུང་གི་གདུག་རྩུབ་གྱི་སྲིད་བྱུས་ལ་ངོ་རྒོལ་དང་། སྙན་ཞུ་སོགས་ཁྲིམས་མཐུན་གྱི་ཐབས་ཤེས་ཇི་ལྟར་བྱས་ཀྱང་ཕན་འབྲས་མ་སྨིན་པ་མ་ཟད། དེ་ལས་ལྡོག་སྟེ་བོད་ཀྱི་ཆོས་དང་རིགས་གཞུང་དང་། མི་རིགས་ཀྱི་བསམ་བློའི་འདུ་ཤེས་སོགས་ནས་བཙན་བསྒྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པར་བརྟེན། ད་ལྟའི་བར་བོད་ཕྱི་ནང་གཉིས་ནས་བོད་པ་༡༥༥ ལྷག་གིས་བོད་བསྟན་སྲིད་མི་རིགས་དང་བཅས་ཀྱི་ཆེད་རྩ་ཆེའི་སྐུ་ལུས་མེར་སྲེག་གནང་བཞིན་པར་གདུང་སེམས་མཉམ་བསྐྱེད་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་ཤུལ་ལུས་ནང་མི་དེ་དག་སེམས་གསོ། ལྷག་དོན་རྒྱ་ནག་གི་གདུག་རྩུབ་ཀྱི་སྲིད་བྱུས་ལ་འགྱུར་བ་མ་གཏོང་བར་དུ་བོད་མི་རིགས་ཀྱི་མི་རབས་རྗེས་མ་ནས་རྗེས་མ་རྣམས་ཀྱིས་ཀྱང་མུ་མཐུད་བོད་དོན་བློས་གཏོང་མི་བྱེད་པ་སོགས་ཀྱི་སྐོར་གཏམ་བཤད་སོགས་གནང་སོང་།

སུད་སི་གྲོང་ཁྱེར་ཛུ་རིག་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ཐང་དུ། སུད་སི་དང་ལེག་ཏེན་སི་ཊ་ཡན་བོད་རིགས་མི་མང་གི་ཚོགས་གཙོ་མཚམ་མདའ་ནོར་བུ་ལགས་ཀྱིས་ལས་འགུལ་དམིགས་ཡུལ་ངོ་སྤྲོད་དང་། དེ་བཞིན་སུད་བོད་མཛའ་འབྲེལ་ཚོགས་པ་དང་། ས་གནས་བུད་མེད། ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་ཚོགས་གཙོ་དང་སྐུ་ཚབ་སོགས་ནས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་བ་སོང་བ་དང་། མི་མང་གིས་ངར་ཤུགས་ཆེ་བའི་སྐད་འབོད་གནང་། དེ་བཞིན་ལས་འགུལ་གྱི་དགོས་འདུན་འཁོད་པའི་སྙན་ཞུ་སོགས་རྒྱ་ནག་གཞུང་ཚབ་ཁང་ལ་ཐད་གར་འབུལ་འཆར་བྱས་ཀྱང་། ཉེན་རྟོག་པས་བཀག་འགོག་གནང་རྐྱེན། སྙན་ཞུ་དེ་སྦྲག་ཐོག་བརྒྱུད་རྒྱ་ནག་གཞུང་ཚབ་ལ་བསྐུར་ཆོག་པ་བྱས་འདུག

ལས་འགུལ་གྱི་མཇུག་ཏུ་ཚོགས་གཞོན་ཕྱགས་ཤམ་པ་ཕུན་ཚོགས་ལགས་ཀྱིས་མཇུག་བསྡུའི་གཏམ་བཤད་དང་འབྲེལ། ས་གནས་ཆུ་ཚོད་༡༦། ༣༠ ལས་འགུལ་ཡོངས་སུ་མཇུག་དྲིལ་གནང་སོང་།

གསར་འགོད་པ། བཀྲ་ཤིས་རྣམ་རྒྱལ་དང་།  ཕུན་ཚོགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 9 སྡོམས་རོགས།