སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་རྒྱལ་ཚོགས་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༧ པ་འདི་བཞིན་ཟླ་ ༥ ཚེས་ ༣༠ ཉིན་འགོ་འཛུགས་ཏེ་ཟླ་ ༦ ཚེས་ ༡༧ བར་བསྐྱང་གཏན་འཁེལ་འདུག

Mr. Tenzin Samphel KAYTA speaking at the 17th session of UN Human Rights Council in Geneva

ཚོགས་ཆེན་འདིའི་ཐོག་འཛམ་གླིང་ནང་སྲིད་གཞུང་འགས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནད་དོན་ཐད་དཀའ་སེལ་ཐབས་འཚོལ་སླད་བགྲོ་གླེང་གནང་སའི་གླེང་སྟེགས་ཤིག་ཡིན།
ཚོགས་ཆེན་ཉིན་དང་པོར་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ལྕམ་སྐུ་ན་ཝི་པི་ལེ་མཆོག་ནས་ འཛམ་གླིང་ཡུལ་གྲུ་གང་སར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ལས་དོན་ཇི་བྱས་ཀྱིས་ལས་བསྡོམས་སྙན་སྒྲོན་གནང་། ཁོང་གི་གཏམ་བཤད་ནང་དབུས་ཤར་ཡུལ་གྲུ་དང་ནུབ་ཨ་ཕི་རི་ཀའི་ནང་མང་ཚོགས་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དགོས་འདུན་འདོན་མཁན་ཇེ་ཆེར་འགྲོ་བཞིན་པ་ནི། ལོ་ངོ་བཅུ་ཕྲག་རིང་གི་སྤྱི་དམངས་ཐོབ་ཐང་དང། རིག་གཞུང། དཔལ་འབྱོར། ཆབ་སྲིད། སྤྱི་ཚོགས་ཀྱི་ཐོབ་ཐང་བཅས་ངོས་ལེན་མ་གནང་བས་རྐྱེན་ཡིན་སྐོར་དང་། རྒྱ་ནག་ནང་ གཏམ་བརྗོད་དང་བསམ་ཚུལ་གྱི་རང་དབང་ཐོག་དམ་དྲག་ཤུགས་ཆེ་བྱ་བཞིན་པས་བློ་ཚབ་ཡོད་སྐོར་གསུངས། ཁོང་གི་ལས་བསྡོམས་ནང་འཁོད་གནད་དོན་ཐད་བགྲོ་གླེང་གནང་སྐབས། སུད་སུ་དོན་ཁང་གི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ཞུ་གཏུགས་གནང་མཁན་སྐེད་ཏ་བསྟན་འཛིན་བསམ་འཕེལ་ལགས་ནས་རྒྱལ་སྤྱི་གཞུང་མིན་ཚོགས་པ་ Society for Threatened Peoples ངོ་ཚབ་གནང་སྟེ་ རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་གྱི་སྙན་ཐོར་དགའ་བསུ་ཞུས་གནང་འདུག་པ་དང། དེ་རྗེས་རྒྱ་གཞུང་ནས་ནང་སོག་ཏུ་མི་མང་ཞི་རྒོལ་བར་དྲག་གནོན་བྱ་བཞིན་པ་དང། ལྷག་པར་དུ་འདི་ལོ་ཟླ་ ༣ ཚེས་ ༡༦ ནས་བཟུང་རྔ་བ་ཀིརྟི་དགོན་པའི་ཐོག་དྲག་གནོན་བྱ་བཞིན་ཁར། འདི་ལོ་ཟླ་ ༤ ཚེས་ ༢༡ ཉིན་རྒྱ་གཞུང་དྲག་ཆས་ཉེན་རྟོག་པས་ཀིརྟི་དགོན་པར་མཚན་འགེབས་བྱས་ནས་དགེ་འདུན་ཞལ་གྲངས་ ༣༠༠ བརྒལ་བར་བཙན་འཕྲིད་ཀྱིས་ཁོང་རྣམས་ད་ལྟ་གར་ཡོད་ཤེས་རྟོགས་མེད་པའི་གནས་སུ་གྱར་ཡོད་སྐོར་ཞུས་འདུག་པ་མ་ཟད། རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ན་ཝི་པི་ལེ་མཆོག་ལ་རྒྱ་གཞུང་ནས་གདན་ཞུས་ལྟར་རྒྱ་ནག་དང་ལྷག་པར་དུ་བོད་ནང་གི་ཞི་རྒོལ་གྱེན་ལངས་བྱུང་སའི་ས་གནས་ཡོངས་ལ་གཟིགས་ཞིབ་ཆེད་ཕེབས་གནང་ཡོང་བའི་རེ་བསྐུལ་ཞུས་གནང་འདུག
བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་ལྷག་པར་དུ་ཨ་མདོ་རྔ་བ་ཀིརྟི་དགོན་པའི་ཐོག་རྒྱ་གཞུང་ནས་དྲག་གནོན་དང་དམ་དྲག་རྒྱ་ཆེ་བྱ་བཞིན་པས་ཛ་དྲག་གནས་སྟངས་ལས་སྐྱོབས་སླད། སུད་སི་དོན་ཁང་ནས་རྒྱལ་ཚོགས་ཀྱི་ཚོགས་མི་ཕྱི་རྒྱལ་གཞུང་ཚབ་ཀྱི་སྐུ་ཚབ་མི་སྣ་བཅུ་ཙམ་མཇལ་འཕྲད་ཀྱིས་ཡིག་ངག་གཉིས་ཐོག་ནས་འབོད་བསྐུལ་ཞུས་གནང་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 1 སྡོམས་རོགས།