སུད་སི་ཇི་ནི་ཝ་རྒྱལ་ཚོགས་མདུན་དུ་གསུམ་བཅུའི་དུས་དྲན་ཐེངས་༦༢སྲུང་བརྩི།

དེ་རིང་༢༠༢༡ཟླ༣ཚེས་༡༠ཉིན་སུད་སི་ནང་བརྟེན་གཞི་བྱས་པའི་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ལྷན་ཚོགས་ཀྱི་མདུན་ཐང་དུ།སུད་སི་དང་ལེག་ཏེན་སིཊ་ཡན་བོད་རིགས་མི་མང་སྒྲིག་འཛུགས་དང་།ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས།སུ་བོད་མཛའ་འབྲེལ་ཚོགས་པ་སོགས་ཀྱི་གོ་སྒྲིག་འོགབོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༢སྲུང་བརྩི་གནང་ཡོད་འདུག

ལྷག་པར་འདི་ལོར་ཏོག་དབྱིབས་ནད་དུག་གི་རྐྱེན་པས། སུད་སིའི་གཞུང་གི་སྒྲིག་ཁྲིམས་དང་། འཕྲོད་བསྟེན་ལས་ཁུངས་ཀྱི་ལམ་སྟོན་གཞིར་བཟུང་ཐོག ས་གནས་ཁག་གི་འཐུས་མི་དང་མི་ཉུང་ཤོས་ཤིག་མ་གཏོགས། མི་མང་མཉམ་ཞུགས་གནང་ཐུབ་མེད་ནའང་། སུད་སི་དང་ལིག་ཏེན་སིཊ་ཡན་བོད་རིགས་མི་མང་གི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཐུན་མོང་གིས། ཇི་ནི་ལྦ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༤༦འཚོག་བཞིན་པའི་སྟབས་དང་བསྟུན། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༢སྲུང་བརྩི་གནང་སོང་།

ཐེངས་འདིའི་དམིགས་བསལ་སྐུ་མགྲོན་གཙོ་བོ་ནི་ཇི་ནི་ལྦ་མངའ་སྡེ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ Emmanuel Deonna མཆོག་ཕེབས་ཡོད་པ་དང་།ཁོང་གིས་ཐེངས་འདིའི་བོད་མིའི་རང་དབང་སྒེར་ལང་གི་དུས་དྲན་དང་།བོད་དོན་འཐབ་རྕོད་ཀྱི་གནས་བབ་སྐོར་ནས་གཏམ་བཤད་གནང་སོང་ལ། སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་མཆོག་གིས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱོངས་གནང་།དེ་རྗེས་སུད་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཚབ་དང་བོད་དོན་ལས་འགུལ་བ་ Jacques Arnal མཆོག་གིས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་དང་།ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་སྐུ་ཚབ་གཞི་སྲས་ཚང་བསྟན་འཛིན་ཆོས་འཛིན་མཆོག་ནས་གཏམ་སོགས་གནང་སོང་།

གཞན་ཐེངས་འདིར་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་མཆོག་ལ་ཞུ་གཏུག་ཕྱག་བྲིས་ཤིག་ཀྱང་ཕུལ་གནང་ཡོད་འདུག་པ་མ་ཟད།སུད་སི་ནང་གནས་སྡོད་བོད་མི་བཟང་ལགས་དང་ཁོང་གི་གྲོགས་པོ་ཁག་གཅིག་བདུན་ཕྲག་ཁ་ཤས་སྔོན་ནས་ས་གནས་ཁག་གི་བོད་མི་མང་པོ་འབྲེལ་བ་གནང་སྟེ།གསུམ་བཅུའི་དུས་དྲན་ཉིན་མོ་འདིར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་སྦྲག་ཐོག་ནས་སྙན་ཞུ་གྲངས་༢༥༠༠ལྷག་གཏོང་ཡོད་པ་སོགས།སུད་སི་གཙོས་ཡོ་རོབ་ཁུལ་ནང་ཚོགས་པ་དང་མི་སྒེར་སོགས་ནས་ཐེངས་འདིའི་བོད་མིའི་སྒེར་ལངས་དུས་དྲན་སྲུང་བརྩི་ཆེད་ལས་འགུལ་སྣ་མང་སྤེལ་བཞིན་ཡོད་འདུག

གསར་འགོད་པ། ཙ་ཡུས་ཕུན་ཚོགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 6 སྡོམས་རོགས།