བོད་ཀྱི་ལོ་གསར།

ལོ་སྔ་མ་རྫོགས་ནས་ལོ་རྗེས་མའི་འགོ་ཚུགས་པ་ལ་ཟེར་ཞིང། དེ་ཡང་ལོ་འགོ་འཛིན་ཚུལ་མི་འདྲ་བའི་དབང་གིས་ལོ་གསར་ལ་ཡང་ཡུལ་སྲོལ་མི་འདྲ་བ་སྣ་ཚོགས་བྱུང་། དེ་ཡི་ནང་ནས་དེ་སང་བོད་ལ་ཧོར་ཟླ་དང་པོ་ལ་བོད་ཀྱི་ལོ་གསར་བྱེད་པ་དང་ཟླ་བ་དང་པོ་ནས་བཅུ་གཉིས་པའི་བར་ལ་བོད་ཟླ་ཞེས་མི་བརྗོད་པར་ཧོར་ཟླ་ཞེས་བརྗོད་པའི་རྒྱུ་མཚན་ནི། ཡོན་རྒྱལ་རབས་ཀྱི་རྒྱལ་པོ་ཇིང་གེར་ཧན་གྱིས་རབ་བྱུང་བཞི་པའི་མེ་བྱ་ཕྱི་ལོ་ ༡༢༡༦ རྒྱ་རྩིས་དཔྱིད་ཟླ་ར་བ་སྟག་གི་ཟླ་བ་སྟེ་ཟླ་བ་བཅུ་གཅིག་པའི་ཡར་ངོའི་ཚེས་བཅོ་བརྒྱད་ལ་མི་ཉག་གི་ཡུལ་དུ་དམག་དྲངས་ནས་རབ་བྱུང་བཞི་པའི་མེ་ཕག་ཕྱི་ལོ་ ༡༢༢༧ ལོའི་རྒྱ་རྩིས་དཔྱིད་ཐ་འབྲུག་གི་ཟླ་བ་སྟེ་ཟླ་བ་གསུམ་པའི་ནང་མི་ཉག་གི་ཡུལ་ཡོངས་རྫོགས་མངའ་འོག་ཏུ་བསྡུས་ནས་དགའ་སྟོན་རྟེན་འབྲེལ་བྱས་པ་དེ་ལ་ལོ་གསར་དུ་རྩིས་ཏེ་ལོ་འགོ་བསྒྱུར་བ་དེ་ནས་བཟུང་ཧོར་ཡུལ་དུ་ལོ་འགོ་དེ་ལ་ལོ་གསར་གཏོང་སྲོལ་བྱུང་ཞིང། བོད་དུ་ས་སྐྱས་དབང་བསྒྱུར་བྱེད་པ་ནས་ཧོར་ལུགས་ཀྱི་སྲོལ་ལྟར་ལོ་ཟླ་རྩི་དགོས་པའི་བཀའ་ཕབ་སྟེ་རྒྱ་རྩིས་ཀྱི་ཟླ་བ་གསུམ་པར་བོད་ལོ་གསར་གཏོང་སྲོལ་བྱུང་བ་ཡིན། ཞར་བྱུང་བོད་དུ་ལོ་འགོ་འཛིན་ཚུལ་མི་འདྲ་བ་དགུ་ཡོད་སྐོར། ཧོར་ཟླ་དང་པོ། ཧོར་ལུགས། ནག་རྩིས་ཁག་ཅིག གསོ་དཔྱད་པ། ཧོར་ཟླ་གཉིས་པ། མདོ་ཉི་མའི་སྙིང་པོ་སོགས་ཀྱི་ལུགས། ཧོར་ཟླ་གསུམ་པ། མདོ་གསེར་འོད་དམ་པ། ཕུགས་ལུགས། དུས་འཁོར། ཧོར་ཟླ་བརྒྱད་པ། མཆིམས་ནམ་མཁའ་གྲགས་པ་སོཊ་འདུལ་འཛིན་སྔོན་མ། ཧོར་ཟླ་དགུ་པ། པཎ་ཆེན་ཤཱཀྱའི་ཤྲི་སོགས་འདུལ་འཛིན་ཁག་ཅིག ཧོར་ཟླ་བཅུ་པ། རྗེ་ཙོང་ཁ་པ་སོགས་འདུལ་འཛིན་ཕྱི་མ། ཧོར་ཟླ་བཅུ་གཅིག་པ། ཁྱུང་ནག་དང་ཕུག་པ་དཔལ་མགོན། ཧོར་ཟླ་བཅུ་གཉིསཔ། མཁའ་འགྲོ་རྒྱ་མཚོའི་རྒྱུད། ནག་རྩིས་ཐོར་བུ་བཅས་འདོད་ཚུལ་མི་འདྲ་བ་ཡོད་ཀྱང་། བོད་དབུས་གཙང་སོགས་ས་ཁུལ་མང་ཆེ་བར་ཧོར་ཟླ་དང་པོ་ལ་ལོ་འགོ་བཟུང་ནས་ལོ་གསར་གཏོང་སྲོལ་ཡོད།

སྤྱིར་བཏང་བོད་དབུས་ཁུལ་གྱི་མི་དམངས་ཚོས་རང་རང་འཁོས་སྦྱོར་ལ་གཞིགས་ཏེ་བོད་ ༡༢་པ་ནས་བཟུང་ལོ་གསར་གྱི་ཉེར་མཁོའི་སྟ་གོན་རིམ་བཞིན་བྱེད་འགོ་ཚུགས་ཏེ་ཤ་མར་འབྲུ་སྣུམ་སོགས་ལོ་གསར་གྱི་ཉེར་མཁོ་དང་། གཟབ་སྤྲོས་གྱོན་ཆས་སྣ་ཚོགས། སྡེར་ཁའི་ཁ་ཟས་དང་། ལུག་མགོ། ལོ་ཕུད། ཕྱེ་མར་གྱི་རྩིབས་སྒྲོ་དང་ལོ་གསར་མེ་ཏོག་སོགས་གྲོ་སོ་ཕྱེ་མར་གྱི་ཡོ་ཆས། ཁང་པའི་དར་ལྕོག་དང་། དར་ཤིང་། ཤམ་བུ་སོགས་ཉོས་སྒྲུབ་བྱེད་པ་དང། ཆང་བཙོ་བ་དང་། སྦོ་ལུག་དང་ཁུར་བ་སོགས་ཁ་ཟས་སྣ་ཚོགས་འགར་བ་མ་ཟད། ཁྱིམ་ཚང་སོ་སོའི་ཐབ་ཚང་གིས་གཙོས་ཁང་པའི་ཕྱི་ནང་གི་དུ་བ་དང་ཐལ་བ་རྣམས་གཙང་མར་འཕྱག་པ་སོཊ་ལོ་གསར་གྱི་སྟ་གོན་བྱེད་ཅིང། བོད་ཟླ་ ༡༢ ཚེས་ ༢༩ གྱི་དགོང་མོ་དགུ་ཐུག་མ་ཐུང་གོང་ཁྱིམ་མི་ཚང་མར་སྤགས་གོང་ཆུང་ངུ་རེ་སྤྲད་ནས་དེས་མི་སོ་སོའི་གཟུགས་པོའི་སྟོད་སྨད་ཚང་མར་ཕུར་སྟེ་ལོ་གཅིག་ཟླ་བ་བཅུང་གཉིས་ཞག་མ་སུམ་བརགྱ་དྲུག་ཅུའི་གེགས་བར་ཚང་མ་སེལ་བའི་སྨོན་ལམ་བཏབ་རྗེས་དྲི་གླུད་བཟོས་ནས་རྫ་ཁོག་ཆག་དུམ་ཞིག་ནང་བླུགས་པ་དང་། དེ་རྗེས་ས་སྲོད་ཙམ་ལ་དགུ་ཐུག་འཐུང་འགོ་ཚུགས། དགུ་ཐུག་ཅེས་པ་ཐུག་བག་ཐུག་ནང་ཟས་སྣ་སྣེ་གྲངས་དགུ་འཛོམས་དགོས་པའི་ཐོག་བག་ཐུང་ཅུང་ཆེ་བ་ཁག་ཅིག་ནང་སུར་པན་དང་། སོལ་བ། དཀར་ཡོལ། ཚྭ། བལ། སྤོས་སོཊ་བླུགས་པ་དང་དེ་བཞིན་ཉི་ཟླ་བཅས་ཀྱི་དབྱིབས་བཟོས་ཏེ་དེ་རྣམས་སུའི་ཕོར་པའི་ནང་ནས་ཐོན་རུང་། ཕན་ཚུན་དབར་དེ་དག་གི་མཚོན་བྱེད་གང་ཡིན་འགྲེལ་བཤད་བརྒྱབ་ནས་ཚང་མ་བཞད་བགད་ལིང་ངེར་གྱུར་ཞིང་།

མེ་རེས་དགུ་ཐུག་ཕོར་པ་དགུ་རེ་འཐུང་དགོས་ས་ཕོར་པ་དགུ་མ་ལོན་པར་ཁུ་བ་ཐིག་པ་རེས་ཕོར་པ་རེའི་ཚབ་བྱས་ཏེ་གོང་གསལ་དྲི་གླུད་བླུགས་སྣོད་རྫ་ཁོག་ཆག་དུམ་དེའི་ནང་དཀར་ཡོལ་ནང་གི་ཐུག་པ་འཐུང་འཕྲོས་རྣམས་ཀྱང་བླུགས་ཐོག ད་དུང་སྦང་མ་དང་ཇ་རོ་བླུགས་ནས་རྫ་ཁོག་ཆག་དུམ་དེ་བུ་མོ་ཞིག་གིས་འཁྱེར་བ་དང་། བུ་ཞིག་གིས་སོག་མ་ཆགས་པ་ཞིག་ལ་མ་སྤར་ཏེ་ཁང་པ་ཚང་མར་མེ་ཡུལ་བརྒྱབ་ནས་མར་དོན་ཤོག་ཅེས་གདོན་འདྲེ་ཕྱིར་འབུད་བྱེད་པའི་ངར་སྒྲ་སྒྲོག་བཞིན་དུ་སོ་སོའི་ཁྱིམ་ཚང་ཉེ་འཁོར་གྱི་ལམ་མདོ་ཞིག་ཏུ་བསྐྱལ་ཏེ་དེའི་མཇུག་མེ་འདའ་བོད་མདའམ་ཤོག་སྤག་བརྒྱབ་ནས་འདོན་འགེགས་སྐྲད་པའི་ཚུལ་བྱེད་སྲོད་ཡོད། བོད་ཚེས ༣༠ གནམ་གང་ཉིན་སྟ་གོན་གཙོ་བོར་གྲོ་སེ་ཕྱེ་མར་དང། ཁ་ཟས་སྡེར་ཁ། ལུག་མགོ། ལོ་ཕུད། ཆང་ཕུད། གྲོ་མ་འབྲས་བསིལ། ཇ། མར། ཚྭ། ཞལ་ཟས། ཤིང་འབྲས། ཐུད། བུ་རམ། ཤེལ་དཀར་རྟ་སོ་མ། བྱི་རིལ། གཞན་ཡང་ཡུལ་ཐོན་བཟའ་བཅའ་བྱེ་བྲག་སྣ་ཚོགས་སྡེར་མའི་ནང་བླུགས་ཏེ་མཆོད་གཤོམ་མདུན་སྒྲིག་གཤོམ་གཟབ་རྒྱས་བྱེད་པ་དང། མཆོད་གཤོམདང་སྐུ་ཐང་ལ་སྙན་ཤལ་སྒྲོན་པ། ཐབ་ཚང་གི་རྩིག་ལྡེབས་སུ་གྲོ་ཕྱེའི་དཀར་ཐིག་ཡས་སྒྲོན་དང་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་རི་མོས་རྣམ་པར་བརྒྱན་པ། ཆུ་ཟངས་དང་ཆུ་བན་རྫ་མ་སོག་བཅུས་ཀྱིས་གཏམས་པའི་སྣོད་ལ་ཁ་བཏགས་དཀྲི་བ། ཁང་པའི་ནང་གི་གདུང་ཁེབས་དང་སྒོ་སྒེའུ་ཁུང་སོགས་ཀྱི་ཤམ་བུ་གསར་དུ་བརྗེ་བ། སྒོ་རའི་ཕྱི་ནང་དང་ཁང་པའི་མདོ་སྦུག་གང་སར་གད་འཕྱིས་ལེགས་པར་བྱས་ཐོག་གདན་ལྕོག་སོགས་རྒྱས་སྤྲོས་ཅི་ཆེ་དང་། ཐབ་ཚང་གི་རྩིག་ལྡེབས་སུ་གྲོ་ཞིབ་ཀྱི་དཀར་རྟགས་ཞེས་བཀྲ་ཤི་རི་མོ་དང་ཐབ་ཀྱི་ཐོད་དུ་ཀླུ་མོ་མཚོན་བྱེད་སྡིག་རའི་གཟུགས་འབྲི་བ། རྒྱལ་སྒོའི་མདུན་ནས་དཀར་ཐིག་འཐེན་ཏེ་སྣེ་རྫོགས་མཚམས་གཡས་གཡོན་གཉིས་ལ་ཁྱི་སྣ་རྒྱག་པ་དང་།

དཀར་ཐིག་གི་དཀྱིལ་དུ་མི་འགྱུར་རྟག་ཏུ་བརྟན་པའི་གཡུང་དྲུང་གི་རི་མོ་འབྲི་བ། རྒྱས་པར་བཀྲིས་རྟགས་བརྒྱད་འབྲི་སྲོལ་ཡོད། བོད་ཟླ་ ༡ ཚེས་ ༡ དེ་སྔ་བོད་ལ་ལུགས་སྲོལ་ལོ་གསར་མཛད་སྒོ་ཉིན་གསུམ་སྟེ་ཚེས་གཅིག་ཉིན་བླ་མའི་ལོ་གསར་དང། ཚེས་གཉིས་ཉིན་རྒྱལ་པོའི་ལོ་གསར། ཚེས་གསུམ་ཉིན་གཟབ་གསོལ་གྲོལ་སྟོན་མཛད་སྒོ་བཅས་དང་། གོང་གསལ་ཚེས་ ༡ ནས་་ ༣ བར་ཆ་ཚང་གཞུང་འབྲེལ་མཛད་སྒོ་ཡིན། མང་ཚོགས་ནས་ལོ་གསར་གྱི་སྔ་ནུབ་ཏུ་རྟེན་འབྲེལགྱི་སྟ་གོན་ཁག་ལེགས་པར་ཟིན་རྗེས། ཚེས་གཉིས་སམ་གསུམ་ཉིན་གྱི་ལྷ་གསོལ་སྐབས་་འཛུགས་རྒྱུའི་ཁམ་མཐུན་དར་ལྕོག་སོགས་སྔོན་ཚུད་གྲ་སྒྲིག་བྱས་མཐར་ཚེས་གཅིག་ཉིན་གྱི་ཁོགས་པ་མི་རྣམས་སྔ་ལངས་ཀྱིས་གྱོན་ཆས་གཟབ་མཆོར་གང་ཡོད་མནམས་ཏེ་དུས་ཚང་སོ་སོ་སན་གཙང་པོའི་འགྲམ་དུ་བུ་བསང་གཏོང་བ་དང། དཀར་སྤྲོ་རྒྱག་པ། ཆུ་ཕུས་ལེན་པ། སྡོད་ཁང་དུ་གསོལ་ཇ་དང་། གྲོ་འབྲས། ཕྱེ་མར། ཆང་ཕུད། གྲོ་ཐུག ཆང་སྐོལ། ཁ་ཟས་བཅས་མཆོད་བཞེས་ཀྱི་རྟེན་འབྲེལ་བྱེད་རིང་འབྲས་དཀར་འབྱོར་ན་ཁ་བཏགས་གཡོགས་པ་དང་། དཀར་སྤྲོ་ལྔ་སྡེར་སོགས་ཟས་སྣའི་རིག་གྱ་ནོམ་སྤྲོད་པ། དེ་ནས་གཙུག་ལག་ཁང་ཡས་མས་སུ་མཆོད་མཇལ་དུ་འགྲོ་བ། ནམ་ལངས་མཚམས་གྲོང་པ་ཕན་ཚུན་ཕྱེ་མར་ཆང་ཕུད་བསྐོར་རེས་ཐོག་དེ་ཉིན་རང་ཁྱིམ་སོ་སོར་སྤྲོད་བྱེད་པ་ལས་ཤ་མོག་ཟ་བ་དང་།ཁ་རྩོད་རྒྱག་པ། ཕན་ཚུན་མགྲོན་བསྐྱོད་སོགས་བྱེད་སྲོལ་མེད། ཚེས་གཉིས་ཉིན་ནམ་ཟླ་འགོའི་གཟའ་ཚེས་བཟང་བ་ཞིག་གི་སྔ་དྲོ་སྒོ་ར་སོ་སོའི་ཐོག་སྟེང་དུ་ཁམས་མཐུན་དར་ལྕོག་འཛུགས་པ་དང་། བསངས་གཏོང་བ། ལྷ་རྒྱལ་འཐེན་པ། རྣམ་ཐར་གཏོང་བ།མི་རྣམས་མཉམ་འཛོམས་ཀྱིས་དུད་ཚང་སོ་སོའི་ཁ་ཟས་དང་ཆང་བཅས་མཉམ་དུ་སྤྱད་ནས་ར་རོས་སྤྲོ་བའི་རྣམ་པ་ཅི་རིགས་ཀྱི་ངང་ནས་གྲོལ།མང་ཚོགསཀྱི་གསར་ཉིན་གྲངས་ནི་རང་རང་འཁོས་འབྱོར་ལ་གཞིགས་པ་ལས་མཐའ་གཅིག་ཏུ་ངེས་པ་མེད།