སློབ་དཔོན་དབྱིག་གཉེན།
འཕགས་པ་ཐོགས་མེད་དང་ཡུམ་གཅིག་པ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། ནར་སོན་པ་ན་ཡུམ་གྱིས་བསྐུལ་ཏེ་ནཱ་ལེདྲནར་ཕེབས་ནས་རབ་ཏུ་བྱུང༌། བློ་རྣོ་བའི་ཆོ་ག་བྱས་པ་ནས་མང་དུ་ཐོས་པ་དང་ཏིང་ངེ་འཛིན་ཐོབ་པའི་བར་གཅེན་ཐོགས་མེད་ཀྱི་སྐབས་དང་མཚུངས་ཞིང༌། སྡེ་སྣོད་གསུམ་སོགས་བསྟན་བཅོས་དུ་མ་ལ་མཁས་པར་སྦྱངས། ད་དུང་ཆོས་མངོན་པའི་སྡེ་སྣོད་ཀྱི་དགོངས་དོན་ངེས་པའི་ཕྱིར་དུ། ཁ་ཆེའི་ཡུལ་དུ་བྱོན་ནས་ཁ་ཆེའི་མཁས་པ་ཆེན་པོ་དགེ་འདུན་བཟང་པོ་ལས་བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་མོ་དང༌། སྡེ་པ་བཅོ་བརྒྱད་ཀྱི་བསྟན་བཅོས་སོ་སོ་དང༌། སྡེ་པ་སོ་སོའི་མདོ་སྡེ་དང་འདུལ་བ་མི་འདྲ་བའི་ཁྱད་པར་རྣམས་དང༌། མུ་སྟེགས་ཅན་ལྟ་བ་དྲུག་པོ་རྣམས་ཀྱི་གཞུང་ལུགས་མཐའ་དག་དང༌། རྟོག་གེའི་ཚུལ་མཐའ་དག་ལེགས་པར་གསན་ཏེ་དོན་གྱི་གནད་མཐའ་དག་ཐུགས་སུ་ཆུད་པར་མཛད་དེ་མཁས་པའི་གོ་འཕང་བརྙེས། ཁ་ཆེའི་ཡུལ་དུ་གདུལ་བྱ་གྲངས་ལས་འདས་པར་ཆོས་མང་དུ་སྟོན་པར་མཛད། དེ་ནས་ནཱ་ལེདྲནར་བྱོན་ཏེ་སྡེ་སྣོད་འཛིན་པ་མང་པོ་ལ་ཆོས་རྒྱ་ཆེར་སྟོན་ཅིང་བཞུགས་པ་ན།] གཅེན་ཐོགས་མེད་ཀྱིས་ས་སྡེ་ལྔ་སོགས་ཐེག་པ་ཆེན་པོའི་བསྟན་བཅོས་མང་དུ་བརྩམས་པ་གསན་ཅིང་གླེགས་བམ་གཟིགས་པས་ཐེག་ཆེན་ཐུགས་སུ་མ་ཆུད་ཅིང༌། ལྷག་པའི་ལྷ་ལ་གསན་པ་ཐུགས་ཡིད་མ་ཆེས་ནས། ཀྱེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབས། །ཏིང་འཛིན་མ་འགྲུབ་གླང་ཆེན་གྱི། །རྒྱབ་ཁལ་ལོངས་པའི་གྲུབ་མཐའ་བརྩམས། །ཞེས་སོགས་ཐེག་ཆེན་གྱི་ཆོས་དང་གང་ཟག་ལ་སྐུར་བ་བཏབ་པས། འཕགས་པ་ཐོགས་མེད་ཀྱིས་གསན་པ་ན། གཅུང་དབྱིག་གཉེན་ཐེག་ཆེན་གྱི་ཆོས་ལ་མ་དད་པ་བཟློག་པའི་ཕྱིར། སློབ་མ་གཉིས་ལ་མདོ་སྡེ་ས་བཅུ་པ་དང༌། བློ་གྲོས་མི་ཟད་པའི་མདོ་གཉིས་འཛིན་དུ་བཅུག་སྟེ། ཁྱོད་གཉིས་དབྱིག་གཉེན་གྱི་སར་སོང་ལ་སྲོད་དང་ཐོ་རངས་ལ་ཐོན་ཅིག་ཅེས་གསུངས་པ་ལྟར། དེ་གཉིས་ཀྱིས་མདོ་བཏོན་པ་དབྱིག་གཉེན་གྱིས་གསན་པ་དང༌། སྲོད་ལ་ཐེག་ཆེན་འདི་རྒྱུ་བཟང་ཡང་འབྲས་བུ་ཁ་གཡེར་བ་འདྲ་སྙམ། ཐོ་རངས་སུ་རྒྱུ་འབྲས་གཉིས་ཀ་བཟང་བ་འདུག་པ་ལ། ངས་སྐུར་བ་བཏབ་པ་ལྕེ་འདིས་ལན་པས་གཅོད་སྙམ་ནས་སྤུ་གྲི་འཚོལ་བའི་ཚེ། ཁོང་གཉིས་ཀྱིས་ལྗགས་བཅད་པར་མི་འཚལ། སྐུར་བ་བཏབ་པའི་སྒྲིབ་པ་སྦྱོང་ཐབས་གཅེན་ལ་མངའ་བས་དེར་གཤེགས་པར་ཞུ་ཞུས་པ་ལྟར། གཅེན་ཐོགས་མེད་ཀྱི་དྲུང་དུ་ཕྱིན་ཏེ་སྔོན་གྱི་ཉེས་པ་རྣམས་བཤགས་ཤིང༌། ཐེག་པ་ཆེན་པོའི་ཆོས་རྣམས་རིམ་གྱིས་གསན་ཏོ། །སྐབས་འདིར་འཕགས་པ་ཐོགས་མེད་ཀྱིས་བྱ་བ་ཐམས་ཅད་རྗེ་བཙུན་ལ་ཞུའོ་གསུངས་ནས་ཞུས་བར་མཛད་པ་དེ། གཅུང་གིས་མཁྱེན་ནས་ལྷག་པའི་ལྷ་དེ་བདག་ལ་བསྟན་པར་ཞུ་ཞེས་ཞུས་པ་ན། ངས་རྗེ་བཙུན་ལ་ཞུའོ་གསུངས་ནས་ཞུས་པ་ན། རྗེ་བཙུན་གྱིས་ཁོང་སོ་སོའི་སྐྱེ་བོ་ཡིན་ཞིང༌། དང་པོར་ཐེག་ཆེན་ལ་སྐུར་བ་བཏབ་པས། ཚེ་འདིར་ང་མཐོང་བའི་སྐལ་བ་མེད། ལས་ཀྱི་སྒྲིབ་པ་སྦྱང་བའི་ཕྱིར་དུ་ཐེག་ཆེན་གྱི་མདོའི་འགྲེལ་པ་མང་དུ་རྩོམས། གཙུག་གཏོར་རྣམ་རྒྱལ་མའི་གཟུངས་ཟློས། སྐྱེ་བ་ཕྱི་མར་མཇལ་ཞེས་གསུངས། དེ་ལྟ་བུའི་ཚུལ་གསན་ནས་སློབ་དཔོན་དབྱིག་གཉེན་ལྷག་པར་དད་དེ། ང་ཡི་ཕུ་བོ་ཀླུ་དང་འདྲ།།
ང་ནི་ཆར་འདོད་བྱ་དང་འདྲ། །ཀླུ་ཡིས་རྒྱལ་པོས་ཆར་ཕབ་ཀྱང༌། །བྱ་ཡི་གྲེ་བར་སོང་བ་མེད། །ཅེས་གསུངས་པར་གྲགས། སློབ་དཔོན་འདིས་རྒྱལ་བའི་བཀའ་འཛམ་གླིང་ནང་བཞུགས་པ་མཐའ་དག་ཐུགས་སུ་ཆུད་ཅིང༌། ལོ་རེའི་ནང་དུ་ལྕགས་ཀྱི་གཞོང་རིང་ཏིལ་མར་གྱིས་བཀང་བའི་ནང་དུ་བཞུགས་ནས་ཉིན་མཚན་སྦྲེལ་མ་བཅོ་ལྔའི་རིང་ལ་འབུམ་སྡེ་དགུ་བཅུ་གོ་དགུ་ལན་རེ་ཞལ་འདོན་དུ་མཛད། རྒྱལ་བ་མྱ་ངན་ལས་འདས་པའི་འོག་ཏུ་སློབ་དཔོན་འདི་ལས་ཐོས་པ་རྒྱ་ཆེ་བ་མ་བྱུང་བས་ཀུན་མཁྱེན་གཉིས་པ་ཞེས་འཕགས་ཡུལ་མཁས་པ་ལ་ཡོངས་སུ་གྲགས། སློབ་དཔོན་འདི་ཐེག་པ་ཆེན་པོ་ལ་ཞུགས་པའི་ཚེ་ཉན་ཐོས་ཀྱི་སྡེ་སྣོད་འཛིན་པ་སོགས་མཁས་པ་ལྔ་བརྒྱ་ཙམ་ཡང་ཐེག་ཆེན་ལ་ཞུགས་ཤིང༌། སྔ་ཕྱིར་མུ་སྟེགས་ཀྱི་རྒོལ་བ་ལྔ་བརྒྱ་ཙམ་སུན་ཕྱུང༌། སྤྱིར་བྲམ་ཟེ་དང་མུ་སྟེགས་ཅན་སྟོང་ཕྲག་ལྔ་བརྒྱ་ཙམ་སངས་རྒྱས་ཀྱི་བསྟན་པ་ལ་བཅུག ཐོགས་མེད་འདས་པའི་རྗེས་ནཱ་ལེདྲནའི་མཁན་པོ་མཛད་དེ་ཉིན་རེར་ཆོས་ཐུན་ཉི་ཤུ་རེ་ཆགས་མེད་གནང༌། ཆོས་མངོན་པ་མཛོད་སོགས་གསུང་རབ་ཀྱང་མང་དུ་བརྩམས། སྣོད་ལྡན་གྱི་སློབ་མ་དྲུག་ཁྲི་ལོངས་པ་བྱུང་ཞིང༌། དེ་དག་གི་ནང་ནས་མཆོག་ཏུ་གྱུར་པ་བཞི་སྟེ། འདུལ་བ་ལ་མཁས་པ་སློབ་དཔོན་ཡོན་ཏན་འོད། མངོན་པ་ལ་མཁས་པ་སློབ་དཔོན་བློ་གྲོས་བརྟན་པ། ཚད་མ་ལ་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ། ཕར་ཕྱིན་ལ་མཁས་པ་འཕགས་པ་གྲོལ་སྡེ་བཅས་སྐྱེས་ཆེན་དམ་པ་མང་དུ་བསྐྱངས། དེ་ལྟར་དགུང་ལོ་བརྒྱ་ལ་ཉེ་བའི་བར་དུ་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད། མཐར་དགོས་པ་མང་པོ་ཞིག་ལ་གཟིགས་ནས་སློབ་མ་སྟོང་གི་བསྐོར་ནས་བལ་ཡུལ་དུ་བྱོན་ཏེ། དེར་ཆོས་གཞི་བཙུགས་ཏེ་དགེ་འདུན་མང་པོ་ཐུག་མེད་དུ་འཕེལ་བར་མཛད་ཅིང་དགེ་འདུན་ཐམས་ཅད་ལ་ཐེག་པ་ཆེན་པོའི་ཆོས་རྒྱ་ཆེར་བསྟན། ཁྱིམ་བཙུན་ཆོས་གོས་གྱོན་ཏེ་ཞིང་རྨོ་བ་གཟིགས་ནས། སྟོན་པའི་བསྟན་པ་ཉམས་སོ་ཞེས་ཐུགས་འབྱུང་ནས། དགེ་འདུན་གྱི་དབུས་སུ་ཆོས་བསྟན་ཏེ། གཙུག་གཏོར་རྣམ་རྒྱལ་གྱི་གཟུངས་མགོ་ཞབས་བཟློག་པ་ལན་གསུམ་ཟློས་པས་དེ་ཉིད་དུ་མྱང་ངན་ལས་འདས་ཏེ་རེ་ཞིག་ཆོས་ཀྱི་ཉི་མ་ནུབ་བོ་ཞེས་གྲགས། དེར་སློབ་མ་རྣམས་ཀྱི་མཆོད་རྟེན་ཡང་བྱས་སོ།།