སློབ་དཔོན་ཕྱོགས་གླང་།
མཁས་མཆོག་དབྱིག་གཉེན་ལ་སློབ་མ་རང་ལས་མཁས་པ་བཞི་བྱུང་བའི་ནང་ནས་ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ་ནི༑
རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སིངྒ་བཀྟ་ཞེས་བྱ་བ་ཀཙཉའི་ཡུལ་དང་ཉེ་བར་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་མུ་སྟེགས་པའི་རིག་བྱེད་ཀྱི་གཞུང་དང༌། གྲུབ་མཐའི་གནད་ཐམས་ཅད་ལ་མཆོག་ཏུ་མཁས་ཤིང༌། མང་བཀུར་སྡེ་ལྔའི་ནང་ཚན་གནས་མ་བུ་བའི་སྡེ་པའི་གྲུབ་མཐའ་འཛིན་པ་མཁན་པོ་གླང་པོ་བྱིན་པ་ལས་རབ་ཏུ་བྱུང་བས་མཁན་པོའི་མཚན་ཟུར་ལས་ཕྱོགས་ཀྱི་གླང་པོ་ཞེས་གྲགས། མཁན་པོ་དེ་ཉིད་ལས་གནས་མ་བུ་བའི་ལུགས་ཀྱི་སྡེ་སྣོད་གསུམ་ལ་མཁས་པར་སྦྱངས། མཐར་སློབ་དཔོན་དབྱིག་གཉེན་གྱི་དྲུང་དུ་བྱོན་ནས་ཐེག་པ་ཆེན་ཆུང་གི་སྡེ་སྣོད་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན། ཐེག་པ་ཆེན་པོའི་མདོ་སྡེ་ལྔ་བརྒྱ་ཙམ་བཟུང་ཞིང་ཞལ་འདོན་དུ་མཛད་པར་གྲགས། སྔགས་ཀྱི་སློབ་དཔོན་ཞིག་གི་དྲུང་ནས་འཇམ་དབྱངས་ཀྱི་ཆོས་བསྐོར་གསན་ཏེ་སྒྲུབ་པ་ཉམས་ལེན་མཛད་པས་འཇམ་དབྱངས་ཀྱི་ཞལ་དངོས་སུ་གཟིགས་ཤིང༌།
དེ་ནས་བཟུང་སྐུ་དང་གསུང་གི་སྣང་བ་ནམ་འདོད་དུ་སྕོལ་བ་ཞིག་བྱུང༌། ཨོ་ཌི་བི་ཤའི་ནགས་ཚལ་དུ་དབེན་པའི་བྲག་ཕུག་ཏུ་བཞུགས་ནས་བསམ་གཏན་ལ་བརྩོན་པར་མཛད་མུར་ལོ་འགའ་འདས་པ་ན། ཤྲིའ་ནཱ་ལེདྲནར་མུ་སྟེགས་ཀྱི་རྩོད་པ་ཆེར་བྱུང་བས་དེར་བྱོན་ཏེ་རྟོག་གེའི་རིགས་པ་ཤིན་ཏུ་བྱང་ཞིང་ཐུབ་པར་དཀའ་བ་བྲམ་ཟེ་སུ་དུར་ཛ་ཡ་ཞེས་པ་དེས་གཙོས་མུ་སྟེགས་ཀྱི་རྒོལ་བ་ངན་པ་ཐམས་ཅད་དྲི་མ་མེད་པའི་རིགས་པ་བརྒྱ་ཕྲག་གིས་ཚར་བཅད་དེ་སངས་རྒྱས་ཀྱི་བསྟན་པ་ལ་བཀོད། དེར་དགེ་འདུན་རྣམས་ལ་མདོ་སྡེ་དུ་མ་གསུངས་ཤིང༌། དམིགས་བརྟག་སོགས་ཚད་མའི་བསྟན་བཅོས་བརྒྱ་རྩ་གཅིག་མཛད་པར་གྲགས།
སླར་ཡང་ཨོ་ཌི་བི་ཤའི་ཚལ་དུ་ཕེབས་ནས་སྤོང་བ་བསམ་གཏན་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་པའི་སྐབས་ཤིག་ཏུ་སྔར་རང་ཉིད་ཀྱིས་བརྩམས་པའི་ཚད་མའི་བསྟན་བཅོས་རྣམས་འཐོར་བ་བཞིན་དུ་གྱུར་པས། འཐོར་བ་བསྡེབས་པའི་བསྟན་བཅོས་ཚད་མ་ཀུན་ལས་བཏུས་པ་བརྩམ་པར་དགོངས་ཏེ་མཆོད་བརྗོད་དང་རྩོམ་པར་དམ་བཅའི་ཚིགས་བཅད་དུ། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །ཚད་མ་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །ཞེས་ཐོད་ལེ་ཀོར་ལ་བྲིས་པ་ཙམ་གྱིས་ས་གཡོས་ཤིང༌། སྒྲ་གྲགས་པ་དང༌། འོད་ཀྱི་སྣང་བས་ཕྱོགས་ཀུན་ཏུ་ཁྱབ་པར་གྱུར་པས་མུ་སྟེགས་ཐུབ་རྒྱལ་ནག་པོས་དེ་གང་གི་ལྟས་ཡིན་སྙམ་དུ་ཟག་བཅས་མངོན་ཤེས་ཀྱིས་བརྟགས་པས་ཤེས་ཏེ། ཕྲག་དོག་གིས་སློབ་དཔོན་བསོད་སྙོམས་ལ་ཕེབས་ཤུལ་དུ་འོངས་ནས་ལན་གཉིས་བསུབས་པ་དང༌། སློབ་དཔོན་གྱིས་ཐེངས་གསུམ་པ་བྲིས་ཏེ། འདི་ཀུ་རེ་དང་ཀྱལ་ཀའི་ཕྱིར་བསུབ་པ་ཡིན་ན་དགོས་པ་ཆེན་པོས་ཡོད་པས་མ་བསུབ་ཅིག
ཕྲག་དོག་གིས་ཡིན་ན་ནི་བློ་ལ་ཡོད་པས་བསུབ་པའི་ངལ་བ་འབྲས་མེད་ཡིན། གལ་ཏེ་ཚིག་དོན་ནོར་ཏེ་རྩོད་པར་འདོད་ན་ལུས་སྣང་བར་གྱིས་དང༌།
བརྩད་པར་བྱའོ་ཞེས་བྲིས་ཏེ་བཞག བསོད་སྙོམས་ལ་གཤེགས་ཤུལ་དུ་མུ་སྟེགས་པས་སླར་བསུབ་ཏུ་འོངས་པས་ཡི་གེ་དེ་མཐོང་ནས་བསྡད་དོ།
།སློབ་དཔོན་ཕྱིར་བྱོན་པ་དང་བསྟན་པ་རྒྱན་དུ་བཙུགས་ཏེ་དངོས་སུ་བརྩད་པས་ཁོ་པ་ལན་མང་ཕམ་པས། ད་ཁྱོད་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ཤིག་ཅེས་གསུངས་པར་ཁོས་ད་དུང་རྫུ་འཕྲུལ་འགྲན་དགོས་ཞེས་ཁ་ནས་མེ་སྤར་ཏེ་སློབ་དཔོན་གྱི་ན་བཟའ་དང༌། ཡོ་བྱད་བསྲེགས་ཤིང་སློབ་དཔོན་ཡང་ཚིག་ལ་ཁད་བྱུང་སྟེ།
སློབ་དཔོན་ཐུགས་ཤིན་ཏུ་སྐྱོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་ལྟ་ཅི། འདི་གཅིག་པུའི་དོན་ཡང་མི་ནུས་ན། འདི་འདྲའི་སེམས་ཅན་མ་རུང་པ་མཐའ་ཡས་པའི་ཕྱིར་གཞན་དོན་བྱ་ནུས་པ་མི་འདུག་སྙམ་པ་དང་བཅས་བྱང་ཆུབ་ཀྱི་སེམས་འདོར་བར་བརྩམས་ཏེ་ཐོད་ལོ་ཀོར་ནམ་མཁར་འཕངས་པས་མར་མ་བབས་པས་ཅི་ཡིན་སྙམ་ནས་ནམམཁར་གཟིགས་པས་རྗེ་བཙུན་འཇམ་དཔལ་དབྱངས་དངོས་སུ་བྱོན་ནས། བུ་མ་བྱེད་མ་བྱེད་ཐེག་པ་དམན་པ་དང་ཕྲད་པ་ལས་བློ་གྲོས་ངན་པ་སྐྱེས་ཏེ། ཁྱོད་ཀྱི་བསྟན་བཅོས་འདི་ལ་མུ་སྟེགས་ཚོགས་ཀྱི་གནོད་མི་ནུས་པར་ཤེས། ཁྱོད་ཀྱི་སངས་རྒྱས་མ་ཐོབ་ཀྱི་བར་དུ་དགེ་བའི་བཤེས་སུ་ང་འགྱུར་གྱི། ཕྱི་མའི་དུས་ན་བསྟན་བཅོས་ཀུན་གྱི་མིག་ཏུ་འདི་འགྱུར་རོ།། ཞེས་གསུང་སྟེ་གནང་བ་སྩལ་བ་ལྟར་ཚད་མ་ཀུན་ལས་བཏུས་པ་གཞུང་རྫོགས་པར་བརྩམས་སོ།། དེ་ནས་བསམ་གཏན་ལ་རྩེ་གཅིག་ཏུ་གཞོལ་བས་སངས་རྒྱས་མང་པོའི་ཞལ་གཟིགས་ཤིང་ཏིང་ངེ་འཛིན་གྱི་སྒོ་མང་པོ་ཐོབ། ཕྱི་རོལ་དུ་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ། ནགས་ཚལ་འདིའི་ལྗོན་ཤིང་དང་མེ་ཏོག་རྣམས་ཀྱང་ངང་གིས་སློབ་དཔོན་གྱི་ཕྱོགས་སུ་མགོ་དུད་པར་གྱུར། གླང་པོ་ཆེ་སོགས་རི་དྭགས་རྣམས་ཀྱང་སློབ་དཔོན་གྱི་ཞབས་ལ་འདུད་པའི་ཚུལ་བྱེད་པ་ཡུལ་དེའི་རྒྱལ་པོ་འཁོར་བཅས་ཀྱི་མཐོང་ནས་ངོ་མཚར་སྐྱེས་ཏེ་ཞབས་ལ་ཕྱག་བྱས་སོ།།དེ་རྗེས་ལྷོ་ཕྱོགས་ཀྱི་རྒྱུད་ཡུལ་ཐ་དད་པའི་མུ་སྟེགས་པའི་རྒོལ་ངན་ཚད་བཅད་ཅིང༌། སྔར་གྱི་སློབ་དཔོན་རྣམས་ཀྱིས་བཙུགས་པའི་ཆོས་གཞི་ཉམས་པ་ཕལ་ཆེར་སོར་ཆུད་པར་མཛད། སླང་ཡང་ཨོ་ཌི་བི་ཤའི་ཡུལ་དུ་ཕེབས་ནས་བློན་པོ་བྷ་དྲ་པཱ་ལི་ར་སོགས་རྒྱལ་བའི་བསྟན་པ་ལ་བཙུད། བྲམ་ཟེ་དེས་གཙུག་ལག་ཁང་བཅུ་དྲུག་བཞེངས་ཤིང༌། དེ་རེ་རེར་དགེ་འདུན་གྱི་སྡེ་ཆེན་པོ་རེ་བཙུགས། གཙུག་ལག་ཁང་རེ་རེར་ཡང་ཆོས་གཞི་དུ་མ་ཡོད་པ་བྱས། སྐྱེ་བོ་རྣམས་སངས་རྒྱས་ཀྱི་ཆོས་ལ་ཡིད་ཆེས་པའི་སླད་དུ་ཨ་རུ་རའི་སྡོང་པོ་སྐམ་པོ་ཞིག་ལ་བདེན་ཚིག་བརྗོད་དེ་སོར་ཆུད་པར་མཛད། དེ་ལྟར་སློབ་དཔོན་འདིས་མུ་སྟེགས་ཀྱི་རྒོལ་ངན་ཐམས་ཅད་ཡང་དག་རིགས་པས་ཚར་བཅད་པར་བརྟེན། རྩོད་པའི་ཁྱུ་མཆོག་ཏུ་གྲགས་ཤིང༌། ཆོས་ཀྱིས་སྦྲེལ་བའི་སློབ་མས་ནི་ཕྱོགས་ཐམས་ཅད་དུ་ཁྱབ་པར་ཡོད། ཕྱི་བཞིན་འབྲང་བའི་དགེ་སློང་ནི་གཅིག་ཀྱང་ཡོངས་སུ་མ་བཟུང༌། འདོད་པ་ཆུང་ཞིང་ཆོག་ཤེས་པས་ཇི་སྲིད་འཚོ་བའི་བར་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་པའི་ངང་རྒྱལ་བསྟན་སྤེལ་བའི་མཛད་པ་རྒྱ་ཆེར་བསྐྱངས་ཏེ་མཐར་ཨོ་ཌི་བི་ཤའི་ནགས་ཚལ་དབེན་པ་ཞིག་ཏུ་དམ་པའི་རང་རྟགས་ངོམ་བཞིན་པར་སྐུ་མྱ་ངན་ལས་འདས་སོ།།