ྋརྒྱལ་དབང་ྋསྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་མཆོག

jamphel-gyatso

ྋརྒྱལ་དབང་ྋསྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་ ༡༧༥༨་་ ༡༨༠༤ ནི། བླ་ལྷག་གིས་ལུང་བསྟན་རྩེ་མཐུན་གཙང་ཐོབ་རྒྱལ་ལྷ་རི་སྒང་དུ་བཙས་པ་དེ་བཟང་པར་ཕེབས་པར་བརྟེན། སླར་ཡང་གསོལ་དཔོན་གྲགས་པ་མཐའ་ཡས་སོགས་མི་གསུམ་ྋགོང་མའི་ཐུགས་དམ་རྟེན་དང༌། སྐུ་ཆས། ན་བཟའ་བརྟག་དཔྱད་གཟིགས་འབུལ་ཞུས་པར་ཚང་མ་འཁྲུལ་བྲལ་མེད་ངོས་འཛིན་མཛད་པར་བརྟེན་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་ཐག་གཅོད་གྱི་དྲིལ་བསྒྲགས་བྱས། ༡༧༦༡ ལོར་ཡང་སྲིད་རིན་པོ་ཆེ་བཀྲ་ཤིས་ལྷུན་པོར་ཕེབས་ཏེ། པཎ་ཆེན་དཔལ་ལྡན་ཡེ་ཤེས་༡༧༣༨ ༡༧༨༠ ཀྱིས་དབུ་སྐྲ་གཙུག་ཕུད་བཞེས། ༡༧༦༢ ལོར་ཕོ་བྲང་པོ་ཏཱ་ལའི་གསེར་ཁྲིར་མངའ་གསོལ། དེ་ནས་ལོ་གསུམ་རྗེས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་དགེ་ཚུལ་སྡོམ་པ་སྩལ། རྒྱལ་ཚབ་དེ་མི་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོས་ཆབ་སྲིད་ཐུགས་འགན་ལོ་ཉེར་གཅིག་གནང་རིང་དོན་མེད་མི་སེར་ལ་རྐང་འགྲོ་ལག་འདོན་ཁྲལ་འཕར་མི་འབྱུང་བའི་གཟིགས་ཞིབ་དང༌། བསྟན་རྒྱས་གླིང་བན་གཙང་གྲྭ་ཚང་གསར་འདེབས། བསམ་ཡས་ལ་ཉམས་གསོ་མཛད་ཅིང༌། ༡༧༧༧ ལོར་ལྷ་ས་བསྟན་རྒྱས་གླིང་དུ་གཤེགས། དེ་འཕྲལ་བཀའ་ཤག་སོགས་ནས་ྋརྒྱལ་དབང་མཆོག་དགུང་གྲངས་ཉི་ཤུར་ཕེབས་པར་ལུགས་གཉིས་ཐུགས་འགན་བཞེས་དགོས་ཞུས་ཀྱང༌། གསན་བསམ་འཕྲོ་སྐྱོང་གནང་རྒྱུར་བརྟེན་རེ་ཞིག་ཐུགས་འགན་བཞེས་རྒྱུའི་ཞལ་བཞེས་མ་ཐོབ་པས། རྒྱུད་སྟོད་མཁན་ཟུར་ཚ་རྡོར་ངག་དབང་ཚུལ་འཁྲིམས་ ༡༧༧༥ ༡༧༨༡ སྲིད་སྐྱོང་བསྐོ་བཞག་ཞུས། ཚེ་སྨོན་གླིང་དུ་བཞུགས་པས་ཚེ་སྨོན་གླིང་རྒྱལ་ཐོག་དང་པོ་ཡང་ཞུ་བ་རེད། སྲིད་སྐྱོང་འདི་འཁྲུངས་ཡུལ་ཨ་མདོ་ཅོ་ནེ་ཁུལ་དང༌། དབུས་སུ་གྲྭ་རྒྱུན་ལ་ཕེབས་ནས་སེར་སྨད་ཚ་རྡོར་ཁང་ཚན་ལ་ཞུགས་ཏེ་སློབ་གཉེར་གྲུབ་མཚམས་རྒྱུད་སྟོད་མཁན་པོ་གནང༌། དེ་ནས་གཞུང་གིས་པི་ཅིང་དུ་ཆོས་སློབ་ཏུ་བཏང༌། ༡༧༧༧ ལོར་སྲིད་སྐྱོང་གནང་བར་ལྷ་སར་ཕེབས་སྐབས་ལྔར་རྒྱུན་དང་མི་འདྲ་བའི་ལྷ་སའི་མི་མང་ཁྲི་ཕྲག་མང་པོ་མཇལ་ཁར་འདུག་པར། དེ་སྔོན་རྒྱུད་པའི་དགེ་བཤེས་གྲྭ་རྐྱང་ཞིག་སྲིད་སྐྱོང་དུ་ཕེབས་པས་མི་མང་རྣམས་ཧ་ལས་པ་རེད་ཅེས་ཁོང་གི་རང་རྣམ་ནང་གསལ། མན་ཇུ་གོང་མས་ཀའོ་ཙུང་ཆན་ལུང་ནས་ཞེ་ཧོང་ཞེས་པར་ྋགོང་མ་ཚ་ཡོལ་དུ་ཕེབས་ཡུལ་པོ་ཏཱ་ལ་དང༌། བཀྲིས་ལྷུན་པོ་ཞེས་པའི་ལྷ་ཁང་གསར་བཞེངས་མཛད་པའི་རབ་གནས་དང༌། ཆོས་འབྲེལ་ཞུ་དགོས་པས་པཎ་ཆེན་དཔལ་ལྡན་ཡེ་ཤེས་རྒྱ་ནག་ཏུ་གདན་ཞུའི་སྐོར་བོད་གཞུང་རྒྱུད་འབྱོར་བ་ལྟར། ༡༧༧༩ ལོ་ནང་བཀྲས་ལྷུན་ནས་ཕེབས་ཐོན་གྱིས་སྐུ་འབུམ་དུ་ཞབས་འཁོད་ཀྱི་དེར་དགུན་རིང་བཞུགས། དེར་གོང་མས་སྐུ་ཚབ་དང་ཕྱག་བྲིས་གནང་བ། བླ་མ་ཁྱེད་བདག་གི་བསམ་པ་བཞིན་སངས་རྒྱས་བསྟན་པ་དང༌། སེམས་ཅན་བདེ་སྐྱིད། ཞྭ་སེར་བསྟན་པ་སྤེལ་ཞིང་བཤད་སྒྲུབ་ལ་བརྩོན་པ་ནི་ཤིན་ཏུ་ལེགས། ད་ལྟ་ང་བོད་སྐད་སློབ་ཀྱིན་ཡོད། ངོས་མཇལ་སྐབས་གསུང་མོལ་བྱེད་སོགས་འཁོད་པ་དང༌། འབུལ་བ་བཅས་འབྱོར། རྒྱ་ནག་ཏུ་ཞབས་སོར་ ༡༧༨༠འཁོད་སྐབས་ལྕང་སྐྱ་ཐམས་ཅད་མཁྱེན་པ་ ༡༧༡༧་་ ༡༧༨༦སོག྄་ཀྱིས་ཕེབས་བསུ་ཞུས། དེ་ནས་གོང་མའི་ཕོ་བྲང་དུ་ཕེབས་ཏེ་གོང་མ་དང་ཕར་ཚུར་ཁ་བཏགས་ཕུལ་རེ་དང་གསུང་གླེང་གནང༌། དེ་ནས་བཀྲ་ཤིས་ལྷུན་པོའྀ་གཟིམ་ཁང་དུ་ཕེབས། ཕྱི་ཉིན་དེར་གོ་མ་ཡང་ཕེབས་ནས་ངས་ལོ་མང་པོར་ལྕང་སྐྱ་ཧྭོ་ཐོག་ཐོྭ་ལས་ཆོས་ཅུང་ཟད་བསླབས་པ་ཡིན། དེད་ནས་སྔར་བོད་ཀྱི་ཕལ་སྐད་མི་ཤེས་ཀྱང༌། བླ་མ་ཉིད་ཕེབས་རྒྱུར་འཕྲལ་དུ་ཧོ་ཐོག་ཐོ་ལ་ཉེར་མཁོའི་ཕལ་སྐད་བསླབས་ཀྱང་བྱང་པོ་མི་འདུག །ཆོས་གཏམ་ཕྲ་མོ་ཧྭོ་ཐོག་ཐཱོས་ལོ་ཙ་བྱས་ནས་བསྒྱུར་ཆོག་ཅེས་བཀའ་སྩལ། ༡༧༨༡ལོར་ྋརྒྱལ་དབང་མཆོག་གིས་ལུགས་གཉིས་ཀྱི་ཐུགས་གཞོལ་ཆེ་བས་སྲིད་སྐྱོང་ཚེ་སྨོན་གླིང་མཆོག་ཀྱང་ཕྱག་རོགས་ཞབས་ཞུར་སྔར་རྒྱུན་ལྟར་བཞུགས་དགོས་བཀའ་ཕེབས། རྗེས་ལོར་མཁས་གྲུབ་ཆེན་པོ་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་༡༧༡༣་་༡༧༩༢ཡོངས་འཛིན་དུ་བསྐོ་བཞག་མཛད། པེ་ཅིང་ནས་མན་ཇུ་གོང་མས་ལུགས་གཉིས་ཐུགས་འཁུར་བཞེས་པའི་ལེགས་འབུལ་ཆེད་མན་ཇུ། རྒྱ་ཡིག །སོག་ཡིག །བོད་ཡིག་བཞི་སྦྱར་དུ། ནུབ་ཕྱོགས་མཆོག་ཏུ་དགེ་བའི་ཞིང་གི་ྋརྒྱལ་དབང་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཏཱ་ལའི་བླ་མ། ཞེས་འཁོད་པའི་ཇ་ས་འབུལ་མི་འབྱོར། ྋརྒྱལ་བ་སྐུ་ཕྲེང་གོང་མ་རྣམས་སྟོན་མཚམས་ཆབ་བཞེས་སུ་ཆིབས་བསྒྱུར་གནང་ཡུལ་རྩེ་ཕོ་བྲང་ནས་མལ་ལེ་གཉིས་ཙམ་གྱི་ནུབ་ཕྱོགས་སུ་ནོར་བུ་གླིང་ཁ་ཞེས་པར་ཆབ་བཞེས་སྐབས་དབུ་གུར་སྒྲོན་ཡུལ་དང༌། ཆབ་རྫིང་ཙམ་ལས་སྤྲོས་རྒྱས་གང་ཡང་མེད་རུང༌། ༡༧༨༤ལོར་སྐལ་བཟང་ཕོ་བྲང་གསར་བཞེངས་ཀྱིས་ཆབ་བཞུགས་མཛད་སྒོ་རྒྱ་ཆེར་གནང་བར། དེ་ནས་བཟུང་སྐུ་ཕྲེང་རིམ་བྱོན་དབྱར་ཐོག་ཕལ་ཆེར་རྒྱུན་བཞུགས་མཛད་དེ། རིམ་པས་རྒྱ་བསྐྱེད་གནང་སྟེ་ཤིན་ཏུ་རྒྱ་ཆེ་བའི་ལྕགས་རི་ཕྱི་ནང་གཉིས་ཡོད་པའི་ནང་མར་ྋརྒྱལ་བའི་གཟིམ་ཆུང་ཁག །མཛད་སྒོ་གནང་ཡུལ་གཟིམ་ཆུང་ཉི་འོད། རྟེན་མཆོག་ཁྱད་པར་ཅན་བཞུགས་པའི་གཙུག་ལག་ཁང། འཕགས་བོད་བཀའ་བསྟན་མ་ལུས་པས་ཡོངས་སུ་ཕྱུར་བུར་གཏམས་པའི་ཕྱག་དཔེ་ཁང༌། གསུང་ཆོས་གནང་ཡུལ་གྱི་ཆོས་གྲྭ། ངང་པ་སོགས་བྱ་རིགས་སྣ་ཚོགས་ཡོད་པའི་ཆབ་རྫིང༌། ཛུས་བཞིའི་འཕེལ་འགྲིབ་དང་ཁ་དོག་དབྱིབས་སྣ་ཚོགས་ཤར་བའི་དྲི་ལྡན་མེ་ཏོག་གི་སྐྱེས་མོས་ཚལ་ལ་ཡིད་འོང་སྦྲང་མས་འཕུར་ལྡིང་རྩེན་པ་དང༌། རྨ་བྱ་སོགས་བྱ་རིགས་སྣ་ཚོགས་པ། སྤྲིའུ་སོགས་རི་དྭགས་སྣ་ཚོགས་བག་ཕེབས་སུ་སྡོད་པ་དང༌། ཕྱི་ནང་ལྕགས་རི་གཉིས་ཀྱི་དབར་སྲིད་བློན་ཁང༌། བཀའ་ཤག །ཡིག་ཚང༌། ལསཁུངས་ཁག་དང༌། ལས་བྱེད་རྣམས་ཀྱི་བཞུགས་ཡུལ། དེ་དག་གི་ཕྱི་རོལ་ཏུ་བསྲ་བརྟན་བཙན་པའི་ལྕགས་རི་ཆེན་པོ་འཁོར་ར་ཁོར་ཡུག་ཏུ་བསྐོར་བའི་ཤར། ལྷོ། བྱང་བཅས་པར་རྒྱས་སྒོ་ཆེན་པོ་གཉིས་རེ་དང༌། ནུབ་ཏུ་གཅིག་སྟེ་མདུན་གྱིས་རྣམ་པར་མཛེས་པ་ལ་མཚོན་ཆ་ལྡན་པའི་སྐུ་སྲུང་བ་དག་གིས་དུས་དྲུག་ཏུ་སྲུང་པའི་ནོར་གླིང་བསྐལ་བཟང་ཕོ་བྲང་ཞེས་ཡོངས་སུ་གྲགས་པ་འདི་བྱུང་བ་རེད། ྋརྒྱལ་དབང་མཆོག་གིས་པཎ་ཆེན་ཡང་སྲིད་ངོས་འཛིན་མཛད་དེ་མཚན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་༡༧༨༢་་༡༨༥༣ཞེས་གསོལ། སྲིད་སྐྱོང་ཚེ་སྨོན་གླིང་གིས་སྲིད་སྐྱོང་ལོ་བཅུའི་རིང་མཛད་རྗེས་ལྕང་སྐྱ་ཡེ་ཤེས་བསྟན་པའི་སྒྲོན་མེ་ཞིང་གཞན་དུ་གཤེགས་པའི་སྐུ་ཚབ་ཏུ་རྒྱ་ནག་ནང་དགོན་ཡོངས་ལ་བཀའ་སློབ་གནང་བར་ྋགོང་མས་ཆེ་མཐོང་དང་བཅས་གདན་ཞུ་འབྱོར་ཏེ། ཕེབས་ཁར་ྋགོང་ས་མཆོག་ལ་ཐོན་ཕྱག་དང༌། བཀའ་ཤག་སོགས་སུ་མཛད་རྗེས་རྣམས་ཞིབ་ཏུ་གསུངས། ༡༧༨༦ལོར་ལྷ་ས་ནས་པི་ཅིང་དུ་ཕེབས་ཐོན་མཛད། ྋགོང་ས་ཆེན་པོའི་ཕྱག་རོགས་རྟ་ཚག་རྗེ་དྲུང་བསྟན་པའི་མགོན་པོ་བསྐོ་བཞག་གནང༌། ༡༧༨༧ལོར་གཉའ་ནང་དང༌། རོང་ཤར། སྐྱིད་གྲོངས་བཅས་རྫོང་ཁག་གསུམ་ནས་གློ་བུར་གོར་དམག་བཙན་འཛུལ་བྱུང༌། གོར་མག་རྐྱེན་པས་སྐྱིད་གྲོང་བསམ་གཏན་གླིང་གི་དགེ་འདུན་ཕེལ་ཆེར་ཡུལ་གྱར་ལྷ་སའི་ཕྱོགས་ཕེབས་ཡོད་པར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དགོངས་བཞེད་ལྟར་གཞུང་ལ་ཞུ་བསྐུལ་གནང་བ་ལ་བརྟེན་ནས་ ༡༧༩༠ལོར་ལྷ་སའི་སྐྱིད་ཆུའི་ལྷོ་ཕྱོགས་གྲིབ་ཚེ་མཆོག་གླིང་གི་འདུས་སྡེ་ཕྱག་བཏབ། ༡༧༩༠ ལོར་ཚེ་གླིང་རིན་པོ་ཆེ་པེ་ཅིང་ནས་ྋགོང་ས་མཆོག་གི་ཕྱག་རོགས་སུ་གདན་ཞུ་གནང་སྟེ་སྔར་བཞིན་ཕྱག་ལས་མཛད་འཁུར་བཞེས། རྟག་ཚག་བསྟན་པའི་མགོན་པོ་རེ་ཞིག་པེ་ཅིང་དུ་ཆོས་སློབ་དབུ་འཛིན་ཕེབས་རྒྱུ་བཅས་གནང༌། སྲིད་སྐྱོང་ཕྱག་རོགས་ཚེ་སྨོན་གླིང་༡༧༩༡ལོར་གློ་བུར་དགོངས་པ་གཞན་དོན་དུ་གཤེགས། སྲིད་སྐྱོང་འདིའི་རྣམ་ཐར་སྙིང་པོ་བསྡུས་ནས་བཤད་ན། རྗེ་འདི་ཨ་མདོར་འཁྲུངས། སེར་སྨད་ཚ་རྡོར་ཁང་ཚན་དུ་འཛུལ་ཞུགས་ཀྱིས་གྲྭ་རྐྱང་དཀྱུས་མའི་ཐོག་ནས་སློབ་གཉེར་མཛད་དེ་དགེ་བཤེས་ལྷ་རམ་དང༌། དེ་རྗེས་རྒྱུད་སྟོད་མཁན་པོ་མཛད་རྗེས་པི་ཅིང་ཆོས་སློབ་ཁོངས་ཕེབས་ཏེ། ལྕང་སྐྱ་རོལ་པའི་རྡོ་རྗེ་དང་མན་ཇུ་ྋགོང་མའི་སྤྱན་ལམ་དུ་འཇུག་ཅིང༌། དེ་ནས་བོད་ཀྱི་སྲིད་སྐྱོང་མཛད་ཁུར་བཞེས། དགའ་ལྡན་ཁྲི་བ་ཡང་མཛད། སྲིད་སྐྱོང་ཕྱག་རོགས་ལོ་བཅུ་གནང་རྗེས་རྒྱ་ནག་ཏུ་ཆོས་སློབ་དབུ་འཛིན་དང་གོང་མའི་བླ་མ་གཅིག་ལྕོགས་གནང་སྟེ་པི་ཅིང་དུ་ལོ་བཞི་ཙམ་བཞུགས། སླར་ཡང་སྲིད་སྐྱོང་ཕྱག་རོགས་ལོ་འཁོར་ཙམ་གནང་བ་བཅས་སྔ་རྗེས་སྲིད་དོན་ཕྱག་ལས་འཐུས་ཚང་མཛད་ཅིང༌། སེར་སྨད་ཐོས་བསམ་གླིང་གི་རྟེན་གཙོ་བྱང་ཆུབ་ཆེན་པོ་གསར་བཞེངས། ཚེ་སྨོན་གླིང་བླ་བྲང་དང་འདུས་སྡེ་གསར་འཛུགས། ༡༧༨༣ལོར་སེ་རའི་བཤད་སྒྲུབ་གླིང་བླ་བྲང་གསར་རྒྱག ༡༧༨༨ལོར་རྩེ་ཕོ་བྲང་ཉམས་གསོ་གནང་སྐབས་འུལ་མི་བསྐུལ་འདེད་མི་མཛད་པར་གཞུང་གནས་ནས་ཡུལ་སྲོལ་གླ་ཕོགས་གནང་བ། ༡༧༨༣ལོར་སྨན་པ་མཁས་གྲགས་སོ་ལྔ་འདུ་བསྐོངས་ཀྱིས་སྨན་སྦྱོར་རྒྱ་ཆེར་མཛད་པ། བོད་གཞུང་ནས་ཊམ་ཁ་གསར་རྒྱག་གནང་རྒྱུའི་འཆར་འདོན་སོགས་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་དང༌། ཉམས་བཞེས་ཀྱང་ཉིན་རེ་བཞིན་ཐུན་བཞི་རྣལ་འབྱོར་མ་ཆག་པར་མཛད་པ་སོགས་རྨད་དུ་བྱུང་ངོ༌། ཞིབ་ཆ་ནི་སེར་སྨད་བློ་བཟང་ཐུགས་རྗེས་མཛད་པ་ཚེ་གླིང་ནོ་མི་ཧན་ངག་དབང་ཚུལཁྲིམས་ཀྱི་རྣམ་ཐར་དད་པའི་སྒོ་འབྱེད་ནང་གསལ། ནོ་མི་ཧན་ཞེས་པ་ནི་སོག་སྐད་དུ་ཆོས་རྒྱལ་ཟེར་བ་རེད་དོ།

དེ་འཕྲལ་ྋགོང་ས་མཆོག་གི་བཀའ་འབྲེལ་རྟག་ཚག་བསྟན་འཛིན་མགོན་པོ་ཅིང་ནས་གདན་ཞུས་སྔར་བཞིན་སྲིད་ཀྱི་ཕྱག་རོགས་ཀྱི་ཆབ་སྲིད་ཐུགས་འགན་བཞེས།༡༧༩༢ ལོར་བོད་ཊམ་འདོན་འགྲེམས་མཛད། ༡༧༩༤ ལོར་རྟ་ཚག་ནས་བོད་བ་རིའི་འདབས་སུ་གཏན་བཞུགས་ཀུན་བདེ་གླིང་གི་འདུས་སྡེ་བླ་བྲང་དང་བཅས་ཕྱག་བཏབ། པཎ་ཆེན་བསྟན་པའི་ཉི་མ་ལ་ྋགོང་ས་མཆོག་ནས་བསྙེན་རྫོགས་སྡོམ་པ་སྩལ། ༡༨༠༣ལོར་ཧལ་ཁ་རྗེ་བཙུན་དམ་པར་བསྙན་རྫོགས་སོགས་ཟབ་ཆོས་འགའ་ཤས་སྩལ། དེ་བྱིངས་ར་སྒྲེང་ཁྲི་ཆེན་བརྟན་པ་རབ་རྒྱས་མཆོག་ལ་ཞུ་དགོས་བཀའ་སློབ་ཕེབས། དེ་ནས་ྋརྒྱལ་དབང་མཆོག་དགོངསོ་་རྫོགས་རྗེས་སྲིད་སྐྱོང་རྟ་ཚག་གིས་ཐུགས་འགན་བཞེས། བཀའ་རྩོམ་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་རྣམ་ཐར་ཐུབ་བསྟན་པདྨོ་འབྱེད་པའི་ཉིན་བྱེད་སོགས་འགའ་ཤས་བཞུགས། རྒྱས་པ་ནི་རྣམ་ཐར་འཛམ་གླིང་མཐའ་གྲུ་ཡང་པའི་རྒྱན་ལ་གཟིགས་དགོས་སོ།