ྋརྒྱལ་བ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་མཆོག

khedup-gyaltso

ྋརྒྱལ་བ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་༡༨༣༨་་༡༨༥༥ མདོ་སྟོད་མགར་ཐང་དུ་སྐུ་བལྟམས། ༡༨༤༡ ལོར་ལྷ་སར་ཞབས་སོར་འཁོད་པའི་ལོ་དེར་པཎ་ཆེན་བསྟན་པའི་ཉི་མ་མཆོག་གིས་དབུ་སྐྲ་གཙུག་ཕུད་བཞེས། སྲིད་སྐྱོང་ཚེ་སྨོན་གླིང་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོས་སྲིད་སྐྱོང་ཐུགས་འགན་ལོ་ཉེར་བཞི་གནང་རྗེས་ ༡༨༤༣ ལོར་ཁྲི་ལས་ཕབ་ཅིང༌། བླ་བྲང་འཛིན་དབང་གཞུང་བཞེས་གནང༌། དེ་ནས་པཎ་ཆེན་བརྟེན་པའི་ནི་མ་གཙང་ནས་གདན་ཞུ་མཛད་དེ་ཆབ་སྲིད་ཐུགས་འགན་ཟླ་བ་དགུའི་རིང་གནང་སྟེ། དེ་རྗེས་ ༡༨༤༥ རྭ་སྒྲེང་ངག་དབང་བློ་བཟང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན་ཆབ་སྲིད་ཐུགས་འགན་བཞེས།༡༨༤༦ལོར་པཎ་ཆེན་རིན་པོ་ཆེའི་དྲུང་ནས་རྒྱལ་དབང་མཆོག་གིས་རབ་བྱུང་སྡོམ་བཞེས་གནང༌།༡༨༤༨ ལོར་ནོར་གླིང་བསྐལ་བཟང་ཕོ་བྲང་གི་དབུ་གཡབ་གཟིམ་ཆུང་གསར་རྒྱག་གནང་སྟེ། དེའི་ཕྱི་ལོ་གཟིམ་ཆུང་ཆབ་བཞུགས་རྗེས་ཆོས་རྭའི་ནང་གར་པ་རྣམས་ནས་གཟིགས་མོ་འཁྲབ་སྟོན་ཞུས། དེ་ནི་ནོར་གླིང་དུ་ཞོ་སྟོན་གཟིགས་མོའི་སྲོལ་ཐོག་མ་དེ་ཡིན་ཅིང༌། དེ་ནས་བཟུང་ཇེ་རྒྱས་སུ་ཕྱིན་ཏེ་ལོ་ལྟར་ཞོ་སྟོན་ཞེས་ཟློས་གར་ལྷ་མོ་འཁྲབ་སྲོལ་དར། ༡༨༥༢ དང ༡༨༥༣ ྋགོང་ས་མཆོག་གདན་ས་གསུམ་ལ་གསན་བསམ་དབུ་འཛུགས་ཀྱི་གྲྭ་སྐོར་མཛད།༡༨༥༥ ལོར་ྋགོང་ས་མཆོག་དགུང་གྲངས་བཅུ་བདུན་དུ་ཕེབས་པས་ཆབ་སྲིད་ཐུགས་འགན་བཞེས། རྒྱལ་ཚབ་རྭ་སྒྲེང་དགོངས་ཞུ་གནང་སྟེ་རྭ་སྒྲེང་དགོན་པར་ཕེབས། ྋརྒྱལ་མཆོག་གིས་ཆབ་སྲིད་ཐུགས་འགན་བཞེས་ནས་ཟླ་དྲུག་ཙམ་སྐུ་གཟུགས་མི་བདེ་བར་བྱུང་རྐྱེན་གྱིས་ ༡༨༥༥ ཟླ་ ༡༢ ཚེས་ ༢༥ ཉིན་ཞི་བར་གཤེགས། དེ་ནས་སླར་ཡང་རྭ་སྒྲེང་རྒྱལ་ཟུར་རིན་པོ་ཆེ་ནས་ཆབ་སྲིད་ཐུགས་འགན་བཞེས་སོ།