ྋརྒྱལ་བ་ྋསྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག

kalsang-gyaltso

ྋརྒྱལ་བ་ྋསྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་ ༡༧༠༨་་༡༧༥༧ ལི་ཐང་དུ་སྐུ་བལྟམས། ཕྱི་ལོ་༡༧༢༠ ལོར་ལྷ་སར་ྋཞབས་སོར་འཁོད་དེ་གསེར་ཁྲིར་མངའ་གསོལ། ལོ་འདིར་པཎ་ཆེན་རིན་པོ་ཆེ་ནས་དགེ་ཚུལ་བསླབ་སྡོམ་ཕུལ། ༡༧༢༡ ལོར་དེའི་ཆིང་བ་ཐུར་ཁཱང་ཆེན་ནས་དང༌། པེ་སེ་ང་ཕོད་པ། ལུམ་པ་བ། སྦྱར་ར་བ། ཕོ་ལྷ་བ་བཅས་ལྷན་སྦྲེལ་གྱིས་གཞུང་གི་ཆབ་སྲིད་འཛིན་སྐྱོང་ལས་ཁུངས་གསར་འཛུགས་གནང་ཏེ་བོད་ལྗོངས་རྒྱ་ཁྱབ་ཚང་མར་དབང་ལུང་བསྒྱུར། རྒྱ་ནག་མན་ཇུ་གོང་མས་ཏཱ་ལའི་བླ་མའི་སྐུ་སྲུང་ལྟ་བུར་རྒྱ་དམག་བཞི་སྟོང་ལྷ་སར་བཞག་པ་དེ་ནི་བོད་ནང་མན་ཇུ་གོང་མའི་སྐུ་ཚབ་དང་སྲུང་དམག་སླེབས་པ་དང་པོ་ཡིན། སྐབས་དེར་ཁོ་ཚོར་བོད་ཀྱི་ཆབ་སྲིད་ཐོག་དབང་ཆ་མེད།་ ལྷ་ལྡན་སྨོན་ལམ་ཆེན་མོར་སེ་འབྲས་གཙོ་གྱུར་ཐོག་ཉེ་འགྲམ་གཞིས་དགོན་ཁག་ནས་དགེ་འདུན་ཕེབས་པ་ལས་གདན་ས་དགའ་ལྡན་པ་ཕེབས་སྲོལ་མེད་ཀྱང༌། ཕྱི་ལོ་ ༡༧༢༣ ལོ་ནས་བཟུང་དགའ་ལྡན་པའི་དགེ་འདུན་རྣམས་ཀྱང་སྨོན་ལམ་ཆེན་མོར་ཕེབས་ཐུབ་ན་ལེགས་ཚོགས་ཆེ་བར་དགོངས་ནས་གདན་ཞུ་དང་འབྲེལ། ཐོབ་ཐང་སོགས་མོས་སྙོམས་གནང་སྟེ་གདན་ས་གསུམ་གྱི་དགེ་འདུན་གདན་འཛོམ་པའི་དབུས་སུ་གདན་ཐེལ་མཁན་ཟུར་ངག་དབང་དཔལབཟང་ནས་བཅའ་ཡིག་གསར་སྩལ་ཡང་ཚོགས་དབུར་སྒྲོག་བྱང་གནང་འདུག །ཕྱི་ལོ་ ༡༧༢༩ ལོར་ྋགོང་ས་མཆོག་ལི་ཐང་བྱམས་པ་གླིང་དགོན་དུ་ྋཞབས་སོར་འཁོད། ཕྱི་ལོ་ ༡༧༣༠ ལོར་ལི་ཐང་ནས་མགར་ཐར་ཕྱོགས་སུ་ཆིབས་བསྒྱུར་མཛད་ནས། མགར་ཐར་དགའ་ལྡན་ཡོངས་ལ་སྦྱིན་པ་གཏོང་བའི་གཙུག་ལག་ཁང་ཕྱག་བཏབ། མདོ་སྟོད་ཡུལ་ལུང་ཕན་ཚུན་ནས་བཅར་བའི་སེར་སྐྱ་ཡོངས་ལ་རང་རང་གི་བློ་དང་འཚམས་པའི་ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར། ྋགོང་ས་མཆོག་ལྷ་ལྡན་དུ་ཆིབས་བསྒྱུར་བསྐྱང་རྒྱུའི་ཕེབས་རྫོང་ཞུ་བར་མན་ཇུ་གོང་མའི་སྲས་བཅུ་བདུན་པ་ཁོ་ཤོས་ཁེང་ཆིང་ཝང་དང༌། ལྕང་སྐྱ་རོལ་བའི་རྡོ་རྗེ་ ༡༧༡༧ ༡༧༨༦ སྟོན་འཁོར་རྣམས་མགར་ཐར་དུ་འབྱོར། གོང་མའི་སྲས་ལའང་རྡོ་རྗེ་འཇིགས་བྱེད་བཀའ་དབང་སོགས་ཆོས་འབྲེལ་མང་ཙམ་གནང༌། ཕྱི་ལོ་ ༡༧༣༥ ལོར་བོད་ཆེ་རྒུའི་ཆིབས་ཧྲག་དང་བཅས་ལྷ་ལྡན་གཙུག་ལག་ཁང་དུ་ྋཞབས་སོར་འཁོད་དེ་ཁྱམས་རྭ་ཆེན་མོར་དགྱེས་སྟོན་སྐབས། མི་དབང་ཕོ་ལྷས་ཤེལ་དཀར་དུ་བཀའ་འགྱུར་པར་བརྐོས་པར་ཤིང་སྣར་ཐང་ཆོས་སྡེར་བཞུགས་སུ་གསོལ་བའི་བཀའ་འགྱུར་པར་ཕུད་ཀྱིས་གཙོས་འབུལ་ཆེན་བཏེགས།

ཕྱི་ལོ་ ༡༧༤༤ ལོར་སྡེ་དགེ་ས་སྤྱོད་པས་བསྟན་འགྱུར་པར་བརྐོས་པར་ཕུད་འབུལ་འབྱོར་བར་བསྔགས་བརྗོད་དང་གསོལ་རས་རྒྱ་ཆེར་སྩལ། ལོ་དེའི་ནང་མན་ཇུ་གོང་མས་སྐྱབས་ཞུས་ལྟར། པི་ཅིང་དུ་མཚན་ཉིད་གྲྭ་ཚང་དང༌། རྒྱུད་པ་གྲྭ་ཚང༌། རིག་གནས་གྲྭ་ཚང་བཅས་གསར་འཛུགས་ཀྱི་བླ་གྲྭ་ལས་བྱེད་བཅས་བསྐོ་བརྫོངས་མཛད་པའི་ཐོན་ཕྱག་སྐབས་བཀའ་ཕེབས་སུ། རྒྱལ་པོ་འདི་ཡབ་མེས་ནས་བཟུང་ཀུན་མཁྱེན་ལྔ་པ་ཆེན་པོ་དང༌། པཎ་ཆེན་ཐམས་ཅད་མཁྱེན་པ་བཅས་མཆོད་ཡོན་དུ་གྱུར་ནས་རི་བོ་དགེ་ལྡན་པའི་བསྟན་པའི་སྦྱིན་བདག་ཆེན་པོ་ཡིན་ཚུལ་སོགས་ཞལ་ཏ་གནང་འདུག ། མན་ཇུ་གོང་མ་ཆན་ལུང་ནས་གསོལ་བ་བཏབ་པར་བརྟེན་ལྕང་སྐྱ་ཡེ་ཤེས་བསྟན་པའི་སྒྲོན་མེ་༡༧༡༧་་༡༧༨༦ མཆོག་ནས་བསྟན་འགྱུར་ཡོངས་རྫོགས་སོག་སྐད་དུ་བསྒྱུར་གནང་མཛད་རྒྱུའི་ཐོག་མར། མིང་དོནགཏན་འབེབས་ཕྱིེར་ཚིག་མཛོད་བཟོ་གནང་དང༌། དེ་རྗེས་ཞབས་ཞུ་སོག་པོ་ལོ་ཙཱ་བ་འགའ་ཤས་དང་བཅས་ ༡༧༤༡ ནང་དབུ་ཚུགས་ཏེ་ ༡༧༤༢ ལོར་གྲུབ་སྟེ་གོང་མའི་མཛོད་ནས་པར་དུ་བསྒྲུབས་ཏེ་པར་ཕུད་ཀྱང་ྋརྒྱལ་དབང་མཆོག་གི་སྐུ་མདུན་དུ་འབྱོར་བས་བསྟོད་བསྔགས་ཆེན་པོ་གནང་ཞིང༌། ཆེན་པོ་ཧོར་ཡུལ་ཀུན་ལ་ཁྱབ་པར་མཛད་པ་དང༌། རྗེས་སུ་བཀའ་འགྱུར་རིན་པོ་ཆེ་ཡང་མན་ཇུའི་སྐད་དུ་འགྱུར་བ་སོགས་བསྟན་པ་མི་ནུབ་པའི་ཆ་རྐྱེན་མཆོག་ཏུ་གྱུར། ༡༧༤༧ བར་མི་ལོ་བཅུ་དགུའི་རིང་བོད་ཀྱི་ཆབ་སྲིད་སྐྱོང་རིང༌། རིས་སུ་མ་མཆིས་པའི་དགེ་འདུན་གྱི་སྡེ་ཡོད་དོ་ཅོག་ལ་བཀུར་སྟི་ཞབས་ཏོག་དང༌། མཆོད་ཐེབས་སྦྱོར་འབུལ། གདན་ས་གསུམ་གྱི་ཚོགས་ཆེན་ཉམས་གསོ། ལྷ་ལྡན་སྨོན་ལམ་ཆེན་མོ་དང་ཚོགས་མཆོད་སོགས་སུ་དགེ་འདུན་གཏོང་སྒོ་དངོས་མདོག་འབྱུང་ཐབས་ཐུགས་འཁུར་ཆེ་ཞིང༌། སྨོན་ལམ་མ་གྲོལ་མཚམས་རྒྱུད་སྨད་གྲྭ་ཚང་ངམ། རྨེ་རུ་གཞི་སྡེ་སོགས་གང་འོས་སུ་ལོ་ལྟར་ཕུར་ལྕོག་ངག་དབང་བྱམས་པ་ ༡༦༨༢ ༡༧༦༢ སོགས་སྐྱེས་ཆེན་དམ་པ་རྣམས་ནས་ལམ་རིམ་དང༌། སྤྱོད་འཇུག་སོགས་བཀའ་ཆོས་གནང་རྒྱུའི་སྲོལ་རྒྱུན་འཛུགས་གནང༌། ལྷ་ལྡན་གཙུག་ལག་ཁང་དུ་གསེར་ཟངས་ལས་གྱུབ་པའི་བྱམས་ཆེན་རྩེ་མོར་བདེ་གསང་འཇིགས་གསུམ་གྱི་བློས་བསླངས་དཀྱིལ་འཁོར། དགའ་ལྡན་གསེར་ཁྲིའི་དབུ་ཐོག་རྒྱ་ཕིབས། དགའ་ལྡན་དུ་རྒྱལ་བའི་བཀའ་འགྱུར་གསེར་བྲིས་མ་འཛམ་གླིང་གཡས་བཞག་སོགས་བཞེངས་པར་མཛད། ལྷག་པར་ྋརྒྱལ་མཆོག་ཚངས་དབྱངས་སྐབས་བཀའ་འགྱུར་པར་ཤིང་བརྐོ་རྒྱུ་འགྲོ་ལུས་ཀྱི་འཕྲོ་སྐྱོང༌། གཞུང་གྲོན་ལ་མ་འཛེམས་པར་ཤེལ་དཀར་ཆོས་སྡེར་བསྟན་འགྱུར་ཤིང་པར་གསར་བརྐོས་ལེགས་ཀྱིས་གཙང་གི་སྣར་ཐང་ཆོས་སྡེར་བཞུགས་སུ་གསོལ། གདན་ས་གསུམ་གྱི་མཚན་ཉིད་ཡིག་ཆ་དག་ཀྱང་པར་དུ་བརྐོས། ཆབ་འབངས་རྣམས་ཀྱི་ཁྲལ་ཆད་གང་ན་ཅི་ཡོད་རྣམས་རྩ་ཆག་གནང་བ་སོགས་མི་སེར་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་ཀྱང༌། དུས་རབས་ཉི་ཤུ་པའི་བོད་མི་བཞིན་བླ་མས་ཅི་མཛད་ལེགས་པར་མི་ལྟ་མཁན་ཞིག་ཡིན་འདུག་པ། ྋརྒྱལ་དབང་བདུན་པའི་རྣམ་ཐར་དང༌། སྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་གཉིས་ཀ་མཐུན་པར། བོད་ཀྱི་ས་སྐྱོང་ཕོ་ལྷ་བསོད་ནམས་སྟོབས་རྒྱས་བསྟན་པ་དེ་འཛིན་དང་བཅས་པར་གུས་མཆོད་ལྷུར་ལེན་པ་དང༌། དཔའ་མཛངས་ལྡན་པ་སོགས་ལུགས་གཉིས་ཆ་ནས་བསྔགས་འོས་པ་ཞིག་འདུག་ཀྱང༌། ྋརྒྱལ་དབང་མཆོག་ལ་སྙིང་ནས་མི་དད་ཅིང༌། ལོག་སྒྲུབ་མང་དུ་བྱ་ཚུལ་སོགས་གསལ།།

མི་དབང་རང་ཉིད་དབང་ཆ་རྒྱུན་གནས་ཆེད་རྒྱ་ཕྱོགས་ལ་མཐུན་ལམ་ཆེ་དྲགས་པའི་རྐྱེན་པས་མན་ཇུའི་ཨམ་བན་དང༌། ྋརྒྱལ་བའི་སྐུ་སྲུང་ཡིན་ཚུལ་རྒྱ་དམག་བཙུགས་པ་སོགས་སྲིད་དོན་ལ་ནོར་འཁྲུལ་ཆེན་པོ་བྱུང་རྐྱེན་གྱིས་རྒྱ་བོད་མཆོད་ཡོན་གྱི་ཐོབ་ཐང་ལ་གོ་བ་ལོག་སྒྲུབ་བྱས་ཏེ། ཐ་མ་ད་ལྟའི་བར་རྒྱ་བོད་གཉིས་འཁོན་རྩོད་ཀྱིས་བོད་ལ་མི་བདེ་བར་བྱུང་བའི་རྩ་བ་གཅིག་དེ་སྐབས་བྱུང་བ་རེད། ཕོ་ལྷ་བ་འདས་རྗེས་ཁོང་གི་ཐུགས་རེ་ལྟར་ྋརྒྱལ་དབང་མཆོག་ནས་ཁོང་གི་སྲས་འགྱུར་མེད་རྣམ་རྒྱལ་ལ་ཕ་དུས་ལྟར་བྱས་ཆོག་པའི་བཀའ་བསྒྱུར་སྩལ། ཁོང་གིས་སྲིད་སྐྱོང་སྟངས་ཡབ་དང་མི་འདྲ་བར་མན་ཇུའི་གཞུང་དགྲའི་དྭང་མར་ངོས་འཛིན་ཏེ། ༡༧༤༨ ལོར་ལྷ་སར་མན་ཇུའི་དཔོན་དམག་གཅིག་ཀྱང་མེད་པར་ཕྱིར་འཐེན་བྱེད་དགོས་གསུངས་པར་བརྟེན། ཨ་བན་གྱི་སྐུ་སྲུང་ལྟ་བུ་རྒྱ་དམག་བརྒྱ་ཐམ་པ་ལས་དེ་བྱིངས་ཕྱིར་འཐེན་བྱེད་རྒྱུ་སོགས་བྱས། ཕྱི་ལོ་ ༡༧༤༩ ལོར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ལ་ྋརྒྱལ་མཆོག་གིས་དགེ་ཚུལ་བསླབ་སྡོམ་སྩལ། ཕྱི་ལོ་ ༡༧༥༠ ལོར་འགྱུར་མེད་རྣམ་རྒྱལ་ནས་མན་ཇུ་གོང་མར་ལྷ་སྡོད་རྒྱ་དམག་ལྷག་འཕྲོས་རྣམས་ཀྱང་ཕྱིར་འཐེན་བྱེད་དགོས་སོགས་གསུངས་རྐྱེན་གྱིས་ལོ་དེར་ཁོང་རྒྱ་དམག་གིས་བཀྲོངས་རྗེས། བོད་དམག་གིས་རྒྱ་མི་མཐོང་ཚད་བསད་པས་རྒྱ་མི་ཕོ་མོ་ཉིས་བརྒྱ་བཞི་བཅུ་ཞེ་བདུན་སྐོར་ཞིག་ཆས་བརྫུས་རྩེ་ཕོ་བྲང་དུ་སྐྱབས་ཞུར་འབྱོར་བ་དེ་དག་ལས། ཐམས་ཅད་རྩ་མེད་བཏང༌། དེ་རྗེས་རྡོ་རྗེས་རྡོ་རིང་པཎྜི་ཏས་ཆབ་སྲིད་ལོ་གཅིག་གི་རིང་བསྐྱངས། ཕྱི་ལོ་༡༧༥༡ ལོར་ྋགོང་ས་མཆོག་གིས་ལུགས་གཉིས་ཐུགས་འགན་བཞེས་ཏེ། རྡོ་རིང་པཎྜི་ཏ་སོགས་བཀའ་བློན་དུ་བསྐོ་བཞག་དང་འབྲེལ་བཀའ་ཤག་གསར་འཛུགས་མཛད། དེ་ནས་བཟུང་བཀའ་བློན་ལྷན་ཚོགས་ཀྱི་བཀའ་ཤག་ལ་བོད་གཞུང་ཆབ་སྲིད་ཀྱི་འགན་དབང་ཆེ་ཤོས་དེ་ཡོད། ལོ་དེར་ྋརྒྱལ་དབང་མཆོག་གིས་རྒྱ་ནག་ཏུ་དགེ་བཤེས་མཁས་དབང་བཅུ་གཅིག་མངགས་བརྫོངས་མཛད། ཕྱི་ལོ་༡༧༥༢ལོར་པཎ་ཆེན་རིན་པོ་ཆེ་བོད་དབུས་སུ་ཕེབས་ཏེ་ྋརྒྱལ་དབང་མཆོག་གིས་དབང་ལུང་སོགས་བུམ་པ་གང་བྱོལ་ཚུལ་དུ་གནང༌། ཕྱི་ལོ་ ༡༧༥༤ སྒྲ་དང༌། སྙན་ངག །རྩིས། སྡེབ་སྦྱོར་བཅས་དང༌། ལཉ྄ཙ༌། ཝ་ཏྲུ་ལ་སོགས་པའི་ཡིག་རིགས་དུ་མའི་རིག་གནས་སློབ་གྲྭ་དང༌། ཕོ་བྲང་ཞོལ་དུ་སྐུ་རྟེན་བྲིས་བཞེངས་བཟོ་གྲྭ་འདོད་འཇོ་དཔལ་འཁྱིལ་གསར་འཛུགས་མཛད། ཁྲི་ཆེན་བློ་བཟང་དར་རྒྱས་ ༡༦༥༩་་༡༧༢༣ སོགས་ཡོངས་འཛིན་དུ་བསྟེན་ནས་གཞུང་ཆེན་པོད་ལྔ་སོགས་གཞུང་ཆེན་ཁག་གསན་སྦྱོང་དང༌། པཎ་ཆེན་བློ་བཟང་ཡེ་ཤེས་དྲུང་ནས་དགེ་ཚུལ་སློང་སྡོམ་པ་དང༌། གསང་བདེ་འཇིགས་གསུམ་སོགས་དབང་བཀའ་དུ་མ་ཞིག་དང༌། ལམ་རིམ་ཆེན་མོ། པཎ་ཆེན་རང་གི་མྱུར་ལམ་སོགས་དང༌། ཟླ་གྲགས་སྒྲོན་གསལ། དེར་རྗེས་མཆན་དང༌། བསྡུས་དོན་མཐའ་དཔྱོད་སོགས་ཀྱི་སྒོ་ནས་འདུལ་བ་རྩ་བཤད་ཁྲིད་སོགས་མཐའ་ཡས་པ་གསན། ཁྲི་ཆེན་ངག་དབང་ཆོས་ལྡན་ ༡༦༧༧་་༡༧༥༡ དྲུང་ནས་དཔེ་ཆོས་སོགས་བཀའ་གདམས་ཆོས་སྐོར་དུ་མ་ཞིག་དང༌། ས་སྐྱའི་གསེར་ཆོས་བཅུ་གསུམ། དུས་འཁོར་དབང་ཆེན་སོགས་ཟབ་ཆོས་མང་པོ་དང༌། གཞན་ཡང་དགེ་བའི་བཤེས་གཉེན་མང་དུ་བསྟེན་ནས་དབང་ལུང་ཁྲིད་སོགས་མཐའ་ཡས་གསན། གསུང་ཆོས་ཀྱང་རྗེ་ཉིད་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པ་ན་དེ་མོ་སྤྲུལ་སྐུ་ལ་བསྙེན་རྫོགས་སྡོམ་པ་གནང༌། དེ་ནས་བཟུང་རབ་བྱུང་བསྙེན་རྫོགས་བར་མ་ཆད་པ་དང༌། དགེ་བཤེས་མང་པོ་ཞིག་ལ་རྒྱུད་སྨད་ལུགས་ཀྱི་སྔགས་ཀྱི་ཁྲིད་ཆེན་བརྒྱད་དང༌། སྲད་རྒྱུད་ལུགས་ཀྱི་སྔགས་ཀྱི་ཁྲི་ཆེན་དྲུག་དང༌།

གཞན་ཡང་བླ་སྤྲུལ་དགེ་འདུན་སྟོང་ཕྲག་བརྒལ་བར་འཇིགས་བྱེད་དབང་ཆེན་དང༌། ལམ་རིམ་ཆེན་མོའི་བཤད་ཁྲིད། ཨ་དཀར་ཞབས་དྲུང་གསོལ་བཏབ་བཞིན་རྡུལ་ཚོན་དཀྱིལ་འཁོར་ལ་བརྟེན་ནས་དུས་འཁོར་དབང་ཆེན་དང༌། འཇམ་བཞད་སྤྲུལ་སྐུས་ ༡༧༢༨་་༡༧༩༡ གསོལ་བཏབ་བཞིན་འབྲས་སྤུངས་འདུ་ཁང་ཆེན་མོར་དགེ་འདུན་ལྔ་སྟོང་སྐོར་ལ་པཎ་ཆེན་ཆོས་རྒྱན་ལམ་རིམ་བདེ་ལམ་ཁྲིད། བླ་མེད་དབང་ཆེན་ཐོབ་པ་ཆིག་སྟོང་ལྔ་བརྒྱ་སྐོར་ལ་འགྲེལ་པ་བཞི་སྦྲགས་ཟབ་བཤད་སོགས་གནང་ངོ༌། གསུང་འབུམ་ཡང་པོད་བརྒྱད་ལོངས་པར་མཛད་དོ།། ྋརྒྱལ་དབང་བསྐལ་བཟང་དགོངས་པ་ཞི་དབྱིངས་སུ་ཐིམ་རྗེས་བཀའ་བློན་སོགས་གོ་བསྡུར་གྱིས་མཐའ་དོན་དེ་མོ་སྤྲུལ་སྐུ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ་ྋསྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་ཏུ་དབང་བསྐུར། དེ་ནི་བླ་སྤྲུལ་ཁོངས་ནས་བོད་ཀྱི་རྒྱལ་ཚབ་གནང་མཁན་ཐོག་མ་དེ་ཡིན། ྋརྒྱལ་བའི་སྐུ་གདུང་མ་ཉམས་པར་བཞུགས་སུ་གསོལ་བའིགསེར་སྤུས་ལེགས་སྲང་ཆིག་ཁྲི་ལྔ་སྟོང་དགུ་བརྒྱ་ལྔ་བཅུ་ཐམ་པ་ལས་གྲུབ་པའི་གསེར་གདུང་འཛམ་གླིང་རྒྱན་མཆོག་བཀྲིས་འོད་འབར་ཕྲ་རྒྱན་རིན་ཆེན་དུ་མས་ཕྱུག་པ་གསར་བཞེངས་ཀྱིས་རྩེ་ཕོ་བྲང་དུ་བཞུགས་སུ་གསོལ།