ྋརྒྱལ་བ་ྋསྐུ་ཕྲེང་སྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག

nyawang lobsang gyaltso

ྋརྒྱལ་བ་ྋསྐུ་ཕྲེང་སྔ་པ་ངག་དབང་བློ་བཟང་རྒྱ་མཚོ་ ༡༦༡༧་་ ༡༦༨༢ ནི་དབུས་ཕྱོགས་འཕྱོངས་རྒྱས་འཕྱི་དབར་སྟག་རྩེར་སྐུ་བལྟམས་ནས། ཕྱི་ལོ་ ༡༦༢༢ ལོར་ཞལ་ངོ་བསོད་ནམས་ཆོས་འཕེལ་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་གདན་དྲངས་ཏེ་གསེར་ཁྲིར་མངའ་གསོལ། ཕྱི་ལོ་༡༦༢༥ ལོར་པཎ་ཆེན་བློ་བཟང་ཆོས་རྒྱན་དྲུང་ནས་དགེ་ཚུལ་སྡོམ་བཞེས་མཛད།

ཕྱི་ལོ་ ༡༦༢༧ ལོར་ཨི་ཊ་ལིའི་ཡི་ཤུའི་ཆོས་པ་ཀ་སི་ལ་ཞུ་བ་དང༌། ཀབ་རེལ་ ཞུ་བ་གཉིས་འབྲུག་གཞིས་ཀ་རྩེར་འབྱོར་ཏེ་ལོ་འཁོར་གཉིས་ཙམ་བཞུགས། ཁོང་གཉིས་ནུབ་གླིང་པའི་མི་རིགས་གཞིས་རྩེར་འབྱོར་བ་དང་པོ་ཡིན་པར་ངོས་འཛིན་བྱེད། ཕྱི་ལོ་ ༡༦༢༧ ལོར་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་གྱིས་སྐུ་ཡོན་འབུལ་བའི་དབུ་མཛད་དེ། དེ་ནས་བཟུང་བཀའ་པོད་ལྔ་ལ་གསན་སྦྱོང་མཛད། ཕྱི་ལོ་ ༡༦༣༨ ལོར་པཎ་ཆེན་བློ་བཟང་ཆོས་རྒྱན་མཁན་པོ་མཛད་དེ་བསྙེན་པར་རྫོགས། གཞན་ཡང་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་༡༥༦༡་་༡༦༣༧ སོགས་ཡོངས་འཛིན་དུ་བསྟེན་ནས་ཟབ་ཆོས་མང་དུ་གསན། ལྷག་པར་གཏེར་བདག་གླིང་པ་ ༡༦༤༦་་༡༧༡༤ ལ་རྙིང་མའི་ཆོས་འཁོར་ཡང་མང་དུ་གསན་བཞེས་གནང༌། སོག་པོ་གུ་ཤྲིར་ཁཱང་གིས་སོག་དམག་ཤུགས་ཆེན་བོད་དུ་དྲངས་ཏེ་ས་སྐྱོང་སྡེ་བ་གཙང་པ་ལ་བཙན་རྒོལ་བྱས་ཏེ། སྡེ་བ་གཙང་པ་ལ་ཕ་མ་ཉེས་བྱུང༌། ཕྱི་ལོ་ ༡༦༤༢ ལོར་གཞིས་ཀ་རྩེའི་བསམ་གྲུབ་རྩེའི་རྫོང་གི་ཚོམ་ཆེན་དུ་ྋགོང་ས་ལྔ་པ་ྋཞབས་སོར་འཁོད༌། གུ་ཤྲིར་ཁཱང་གིས་ཤར་དར་རྩེ་མདོ་ནས་ནུབ་ལ་དྭགས་ཚུན་ལྷ་འབངས་སུ་ཕུལ། ཞལ་ངོ་བསོད་ནམས་ཆོས་འཕེལ་ལམ། བསོད་ནམས་རབ་བརྟན་ལ་སྡེ་སྲིད་གོ་གནས་ཕུལ། དེ་ནས་བཟུང་ད་ལྟའི་གཞུང་དགའ་ལྡན་ཕོ་བྲང་པ་ཞེས་པའི་ཆབ་སྲིད་ཀྱི་དབུ་བརྙེས། ྋགོང་ས་མཆོག་དང་སྡེ་སྲིད་སོགས་ཞིབ་གྲོས་ཐོག་སྔར་སྲོང་བཙན་སྒམ་པོའི་ཕོ་བྲང་དམར་པོ་བརྩིགས་ཤུལ་དེ་རང་དུ་ཕོ་བྲང་བརྩིག་རྒྱུ་ཞལ་འཆམ་ཏེ། ༡༦༤༥ ལོར་དབུ་བཙུགས། དེ་རྗེས་སྡེ་སྲིད་སངས་རྒྱ་མཚོས་མཇུག་སྐྱོང་གནང་སྟེ་ཕོ་བྲང་རྟེན་དང་བརྟེན་པ་བཅས་པར་སྔ་རྗེས་ཁྱོན་བསྡོམས་ལོ་འཁོར་ཞེ་གསུམ་ཁོངས་ལེགས་པར་གྲུབ་པའི་ཐོག་བརྩེགས་བཅུ་གསུམ་ཙམ་ཡོད་པའི་ཕོ་བྲང་པོ་ཏཱ་ལ་ཞེས་པའི་ཡོངས་སུ་གྲགས་པ་འདིའི་དབུས་སུ་ཚོགས་ཁང་དང༌། མཛད་སྒོ་ཚུགས་ས་རྒྱ་ཆེ་ལ། གཞན་ཡང་ལྷ་ཁང་སུམ་ཅུ་སོ་ལྔ་ཙམ་ཡོད་པར། དེ་ཚོར་བརྐོས་དང་ཚོན་རིས་སོགས་ཧ་ཅང་མཛེས་ཤིང༌། དེ་དག་གི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་ཀྱི་སྐུ་གདུང་བཞུགས་ཡུལ་གསེར་གྱི་མཆོད་རྟེན། རྡོ་རྩ་ཆེན་གྱི་རིགས་ཀྱི་ཕྲ་རྒྱན་ཅན་མཐོ་ཚད་ཕུ་ཁྲུ་སུམ་ཅུ་ཙམ་བྱས་པ་ཡོད། པོ་ཏཱ་ལའི་ནུབ་ངོས་རྣམས་རྗེས་སུ་རྒྱ་བསྐྱེད་བྱས་པ་སྟེ། དེའི་ནང་རྣམ་རྒྱལ་གྲྭ་ཚང་ཞེས་པ་དགེ་འདུན་བརྒྱ་དང་བདུན་ཅུ་དོན་ལྔ་ཙམ་ཡོད་པ། ཤར་བརྒྱད་དུ་གཞུང་གི་ལས་ཁུངས་ཁག་དང༌། སེར་མོ་བའི་དཔོན་རིགས་སློབ་གྲྭ། ཚོགས་འདུ་ཆེན་མོ་བཅས་ཚོགས་ཡུལ། པོ་ཏཱ་ལ་ནི་དངོས་རིགས་རྙིང་ཁུངས་ཀྱི་གཏེར་མཛོད་ཁང་ཞིག་ཀྱང་ཡིན་ཏེ། དེའི་ནང་བྲིས་ཐང་སྟོང་ཕྲག་མང་པོ་དང༌། འགའ་ཤས་ལོ་སྟོང་ཕྲག་ལྷག་ཙམ་སོང་པའང་ཡོད། བོད་ཀྱི་རྒྱལ་པོ་ཚོར་རྒྱ་ནག་དང་སོག་པོའི་གོང་མ་རྣམས་ཀྱིས་འབུལ་བ་ཕུལ་བའི་དངོས་རིགས་དང༌། ཏཱ་ལའི་བླ་མ་གོང་མ་རྣམས་ཀྱི་སྐུ་ཆས། བོད་ཀྱི་རྒྱལ་རབས་རིམ་པའི་གོ་མཚོན་རིགས་སོགས་ཡོད་པའི་གན་མཛོད་ཀྱང་ཡོད།

དཔེ་མཛོད་ཁང་རྣམས་ཀྱི་ནང་བོད་ཀྱི་ཆོས་དང་ཤེས་རིག་གི་ལོ་རྒྱུས་དཔེ་ཆ་པོད་སྟོང་ཕྲག་བདུན་ཙམ་ཡོད། པོད་འགའ་ཤས་ལ་པའོན་བརྒྱད་ཅུ་ཙམ་གྱི་ལྗིད་ཚད་ཡོད། རྒྱ་གར་ནས་ལོ་སྟོང་ཕྲག་གོང་བསྣམས་པའི་ཤིང་ལོའི་ཐོག་བྲིས་པའི་དཔེ་ཆ་ཡང་མང་པོ་ཡོད། པོད་སྟོང་ཕྲག་གཉིས་ཙམ་ནི་རིན་ཆེན་སྣ་བདུན་གྱིས་བྲིས་པ་ཡིན།

པོ་ཏཱ་ལའི་འོག་ཏུ་གཞུང་ནས་དགོན་པ་ཁག་དང༌། དམག་མི། ལས་བྱེད་སོགས་ལ་སྤྲོད་བྱེད་ཇ་མར། སྣམ་རིགས་སོགས་ཀྱིས་གང་བའི་མཛོད་མང་པོ་ཡོད། ཤར་བརྒྱུད་དུ་ཁྲིམས་འགལ་བྱས་པའི་བཙོན་པ་རིམ་པ་བཐོ་ཁག་འཇུག་སའི་བཙོན་ཁང་ཡོད། ཕྱོགས་བཞིར་སྲུང་སྐྱོབ་ཀྱི་ཆེད་སྐོར་བྱ་བའི་དམག་མི་སྡོད་ས་ཡོད།

ཕྱི་ལོ་ ༡༦༥༠དང་༡༦༤༡ སོ་སོར་མན་ཇུ་གོང་མས་གདན་ཞུ་འབྱོར་བ་ལྟར། ཕྱི་ལོ་ ༡༦༥༢ འབྲས་སྤུངས་ནས་རྒྱ་ནག་ཏུ་ཆིབས་ཞལ་བསྒྱུར།

ཏཱ་ལའི་བླ་མ་ལྔ་པ་ཆེན་པོ་དང་མན་ཇུ་གོང་མ་དང་པོ་ཤུན་ཀྲི་མཇལ་ཕྲད་གནང་སྟངས་དང༌། དགའ་བསུ་ཞུ་སྟངས་ཚང་མར་ཕན་ཚུན་རྒྱལ་ཁབ་རང་བཙན་དུ་ངོས་འཛིན་ཆེ་མཐོང་བླ་མེད་ཞུས་ཡོད། ཆོས་འཁོར་བསྐོར་བའི་མཛད་པ་རགས་བསྡུས་ནི། ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭལ་དབུར་ལན་ཉི་ཤུ་ཙམ་ཕེབས་ནས་ཟབ་རྒྱས་བཀའ་ཆོས་གནང་བ་དང༌། དགེ་ཚུལ་དང་བར་མ་རབ་བྱུང་འདྲེས་མ་བཞི་ཁྲི་དང༌། དགེ་སློང་ཉི་ཁྲི་ལྷག་བསྒྲུབས་པར་མཛད།

གསུང་སྐྱེས་སློབ་མ་ཡང་པཎ་ཆེན་བློ་བཟང་ཡེ་ཤེས་ ༡༦༤༣་་༡༧༣༧ འཇམ་དབྱངས་བཞད་པ་༡༦༤༨་་ ༡༧༢༡ སོགས་སྐྱེས་ཆེན་མཁས་པ་མང་དུ་ཐོན། ཕྱི་རབས་གདུལ་བྱ་རྣམས་ཀྱི་བགོ་སྐལ་དུ་སྩལ་པའི་ལེགས་བཤད་ཀྱང༌། ལམ་རིམ་འཇམ་དཔལ་ཞལ་ལུང་སོགས་མང་དུ་མཛད་དོ༌།།

ྋས་སྐྱོང་བསོད་ནམས་རབ་བརྟན།

ྋས་སྐྱོང་འདིས་ཕྱི་ལོ་༡༦༤༢་་༡༦༥༨བར་སྡེ་སྲིད་ཀྱི་མཛད་འགན་བཞེས། ལྷ་ས་ཇོ་ཁང་ཁྱམས་རྭ་དང༌། རྭ་སྒྲེང་གི་འདུ་ཁང་ཆེན་པོ་དབུ་རྩེ་དང་བཅས་པ། དགའ་ལྡན་ཡངས་པ་ཅན། འོལ་ཁ་རྗིང་ཕྱིའི་ལྷ་ཁང༌། འབྲས་སྤུངས་སེ་ར་གཉིས་ཀྱི་ཚོགས་ཁང་རྙིང་པ་དང༌། པོ་ཏཱ་ལའི་ཕོ་བྲང་དམར་པོ་སོགས་གསར་རྒྱག་དང་ཞིག་གསོས་མཛད་དོ། ཀློང་རྡོལ་གསུང་འབུམ་འང་༡༢༤༦

ྋསྡེ་སྲིད་སངས་རྒྱས་རྒྱ་མཚོ།

ྋསྡེ་སྲིད་འདི་མདོ་སྔགས་རིག་གནས་དང་བཅས་པ་ལ་མཁྱེན་པ་རྒྱས་ཤིང༌། ཕྱི་ལོ་༡༦༧༩་་ ༡༧༠༢བར་སྡེ་སྲིད་ཀྱི་མཛད་འཁུར་བཞེས་ཏེ་སྲིད་ཕྱོགས་ཀྱི་ཕྱག་ལས་ཀྱང་འགྲན་ཟླ་མེད་པ་བྱུང༌། མདོར་ན་མི་མང་འཚོ་བ་དང་བསམ་ཚུལ་བལྟ་བར་སྐུ་ངོ་མ་མི་དཀྱུས་ཀྱི་ཟོལ་དུ་དབུས་གཙང་སྟོད་སྨད་ལྷོ་བྱང་ཀུན་ཏུ་ཕེབས། མི་མང་ནས་ཀྱང་སྡེ་སྲིད་མགོ་ལེབ་པ་སླེབ་ཡོང་ཞེས་སྐད་ཆ་གཤོད་ཚོད་བྱེད་དགོས་པའང་བྱུང། རྩེ་ཕོ་བྲང་ཨར་པོའི་མཇུག་སྐྱོང་དང་གླ་ཐོབ། རབ་ཡོན་བཅས་འབྲུ་ཐོག་ཏུ་ཕབ་པ་འབྲུ་རུའི་ཁལ་ ༣༠༥༠༧༠༥༦༡༢༦༥ དང༌། ཚོགས་མཆོད་ཆེན་མོ་དང་སེར་སྦྲེང་བཅས་པའི་གོ་སྒྲིགས་ལའང་འབྲུ་ཐོག་ཏུ་ཕབ་པ་འབྲུ་རུའི་ཁལ་༨༨༥༤༥༡༣སོང་བ་བཅས་དེ་དག་ཚང་མའི་འདུ་འགོད་རྒྱ་ཆེར་གནང༌། འབྲུ་ རུའི་ཁལ་ རེ་ལ་བྲེ་ཉི་ཤུ་ཡིན་ཙང་ཧ་ལམ་འབྲུ་རུ་རེ་ལ་ཀི་ལོ་བཅུ་ཙམ་རེད། གཞན་ཡང་སེ་འབྲས་དགའ་གསུམ་ལ་རྒྱུན་ཇ་དང༌། དགའ་ལྡན་དངུལ་གདུང་རིན་པོ་ཆེ་ལ་ཉིན་རེ་བཞིན་བརྒྱ་མཆོད་སོགས་ཀྱི་སྲོལ་འཛུགས་པ་གནང༌། བཀའ་རྩོམ་ཡང་ཆོས་འབྱུང༌། སྒྲ་སྙན་ངག །རྩིས་དཀར་ནག །སྨན་སོགས་པོ་ཏི་བཅུ་ཕྲག་བརྒལ་བ་མཛད། དེའི་ནང་ནས་ཀྱང་སྐར་རྩེས་གཞུང་བཻ་དཀར་དང༌། ཞྭ་སེར་ཆོས་འབྱུང་བཻ་སེར་ནི་ཧ་ཅང་གི་འགྲོ་དོན་ཆེན་པར་རེད། དེ་ནས་སྡེ་སྲིད་རང་ཉིད་ཁྲི་ལ་ཟུར་ཏེ། རིགས་སྲས་ཆེ་བ་ངག་དབང་སྡེ་སྲིད་དུ་བསྐོས། དེ་རྗེས་ལྷ་བཟང་དང་སྡེ་སྲིད་འཁྲུགས་ཏེ་སོག་དམག་གིས་སྡེ་སྲིད་སྟོད་ལུང་སྣ་རྩེར་བཀྲོངས་སོ།། ཀློང་རྡོལ་གསུང་འབུམ་འང་༡༢༤༧