༄། །བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༥༩ འཁོར་བའི་དུས་དྲན་སྲུང་བརྩི་གནང་།
སུད་སི་ཛུ་རིག་རི་ཀོན་སློབ་གྲའི
བོད་རིགས་མི་མང་གི་ཚོགས་གཙོ་མཆོག་ནས་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༥༩ འཁོར་བའི་རྩ་ཆེའི་མང་གཙོ་འདི་ལ་མི་མང་གང་མང་མཉམ་ཞུགས་གནང་རྒྱུ་གལ་ཆེན་པོ་རེད་ལ། དབུ་ཁྲིད་སྲིད་སྐྱོང་མཆོག་གི་ཉེ་ཆར་བཀའ་སློབ་ནང་༧གོང་ས་མཆོག་ནས་རིང་ནས་སྙིང་དུ་ལྷག་པའི་འདོད་པའི་དོན་ཞེས་བཀའ་ཇི་ལྟར་བསྩལ་པ་དེ་འགྲུབ་ཡོང་གི་འདུག་གསུངས་པ་བཞིན་མང་གཙོ་བྱིན་རླབས་ཅན་འདི་ལ་ཕྱག་ལས་ཧུར་ཐག་གནང་རྒྱུ་དང་། སེམས་ཤུགས་མ་ཆག་པའི་ཐོག་ནས་༧སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་བསྒྲུབ་ཀྱི་ཡོད་བསམ་པའི་ཐོག་ནས་ལས་འགན་བཞེས་པ་གནང་རོགས་གནང་ཞེས་གསུངས།
སྐུ་ངོ་དོན་གཅོད་འཆི་མེད་རིག་འཛིན་མཆོག་གིས་འཚམས་འདྲི་གནང་སྟེ། བཀའ་ཤག་གི་གསུང་འཕྲིན་ལྗགས་ཀློག་གནང་བ་དང་། མི་མང་གིས་བཀའ་ཤག་གི་གསུང་འཕྲིན་འདི་དངས་དུ་བླང་སྟེ་གང་ཅིའི་ཐད་ནས་རྒྱབ་སྐྱོར་གནང་དགོས་པའི་རེ་བསྐུལ་གནང་བ་དང་། གོང་དུ་ཚོགས་གཙོས་གསུངས་པ་ཇི་བཞིན་རྒྱལ་ཁབ་ཁག་མང་པོའི་ནང་མང་གཙོའི་རང་དབང་ཆེད་དུ་སྐྱེ་བོ་མང་པོས་རང་སྲོག་ལོངས་སྤྱོད་དང་བཅས་པ་བཏང་སྟེ་འབད་རྩོལ་གྱིས་བསྒྲུབ་ཀྱི་ཡོད་ཅེས་དང་། ང་ཚོར་དེ་ལྟར་མི་དགོས་པར་༧གོང་ས་མཆོག་གིས་བོད་མིར་རང་དབང་མང་གཙོའི་ཐོབ་ཐང་གསོལ་བསྩལ་གནང་བ་དེ་མཁྱེན་པ་གནང་སྟེ་དེ་ལ་བརྩི་བཀུར་དང་དང་ལེན་གནང་དགོས་ཞེས་གསུངས།
རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་ནས། མི་མང་ནང་ཁུལ་འཆམ་མཐུན་གནང་རྒྱུ་དང་། གནས་སྐབས་ཀྱི་འཚོ་བ་ཁོ་ནར་བསམ་མ་བསྡད་པར་མ་འོངས་ཕུག་བསམ་གྱི་ཆེད་དུ་བོད་མི་ཚད་ལྡན་ཞིག་དང་། སྤྱི་པའི་ཞབས་ཞུར་ཚང་ག་ཤིག་ཤིག་གིས་ཕེབས་ཐུབ་པ་གནང་རོགས་ཞེས་གསུངས།
སྤྱི་འཐུས་ཟམ་མདོ་བྱམས་པ་ལགས་ནས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་གསུང་འཕྲིན་ལྗགས་ཀློག་གནང་བ་དང་། མང་གཙོའི་འགན་དབང་དང་ལས་འགན་ཐུགས་ལ་འཇོག་པ་གནང་རྒྱུ། བལ་ཡུལ་ནང་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་མ་ཆོག་པ་འདི་ལ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་ཞུ་གཏུགས་གནང་བར་ཚོགས་པ་ཁག་གི་ཚོགས་གཙོ་རྣམས་ལ་ཐུགས་རྗེ་ཆེ་གསུངས་པ་དང་། འཆར་ལ་ཉེ་བའི་སུད་སི་ནང་སུད་སི་སྤྱི་འཐུས་འོས་འདེམས་གནང་གི་ཡོད་པར། སུད་སིའི་མི་སེར་ལག་ཁྱེར་ཡོད་མཁན་བོད་རིགས་རྣམས་ནས་ངེས་པར་དུ་མཉམ་ཞུགས་གནང་སྟེ་བོད་དོན་རྒྱབ་སྐྱོར་གནང་མཁན་འགོ་འཁྲིད་དག་ལ་འོས་བླུག་ཐབས་གནང་རོགས་གནང་ཞེས་གསུངས།
ཚོགས་གཞོན་མཆོག་གིས་མི་མང་ནས་མ་འོངས་སྤྱི་ཁང་དང་སྒྲིག་འཛུགས་སོགས་ཀྱི་ཆེད་དུ་ཚོགས་དངུལ་དང་རྒྱབ་སྐྱོར་གང་ལེགས་མུ་མཐུད་གནང་རོགས་ཞེས་གསུངས།
བོད་རིགས་མི་མང་གི་རྒྱུན་ལས་རྣམས་ནས་སྡེ་ཚན་ཁག་སོ་སོའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་གནང་བ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སུ་འབུལ་བ་ལགས་སོ།། །།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།