༧གོང་ས་མཆོག་དགུང་་གྲངས་༨༥་ལ་སོན་པའི་སྐུའི་འཁྲུངས་སྐར་སྲུང་གཙི།
སུད་སི་དང་ལིག་ཏེན་སིཊཡན་གནས་སྡོད་བོད་རིགས་མི་མང་གཙོ་བོར་གྱུར་པའི་ས་གནས་ཁག་གི་ཚོགས་ཆུང་ཁག་དང་ མི་མང་སྒེར་ནས་བོད་རྒྱལ་ལོ་ ༢༡༤༧ བོད་ཟླ་ ༠༥ ཚེས་ ༡༦ ཕྱི་ལོ་ ༢༠༢༠ ཟླ་ ༠༧ ཚེས་ ༠༦ རེས་གཟའ་ཟླ་བའི་ཉིན་རི་ཀོན་ཆོས་འཁོར་དགོན་དང་ ས་གནས་ཁག་ རང་ཁྱིམ་བཅས་སུ་ རང་ཅག་གངས་ཅན་པ་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་བླ་ན་མ་མཆིས་པའི་དབུ་ཁྲིད། འཛམ་གླིང་ཞི་བདེ་དེད་དཔོན་སྤྱི་ནོར་ ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་དགུང་གྲངས་ ༨༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།།
མཛད་སྒོ་དེ་བཞིན་ད་ལྟའི་ཏོག་དབྱིབས་ནད་ཡམས་ཀྱི་ཛ་དྲག་གནས་སྟངས་དང་འབྲེལ་སུད་སིའི་གཞུང་གི་ཁྲིམས་གཞིར་བཟུང་གིས་གོ་སྒྲིག་བྱས་ཡོད་པ་དང་ རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་དགེ་འདུན་པ་རྣམས་པ་དབུ་བཞུགས་ཐོག་གདན་ཞུ་ཕུལ་བའི་མཛད་གཙོ་རྣམས་པས་སྲུང་བརྩི་གནང་ཡོད་པ་རེད།།
ཆུ་ཚོད་ ༠༩།༣༠། ཐོག་འདུ་འཛོམས་གནང་སྟེ་ བོད་རིགས་མི་མང་གི་ཚོགས་གཙོ་འཚམས་མདའ་ནོར་བུ་མཆོག་ནས་མཛད་སྒོ་ངོ་སྤྲོད་ཀྱི་གསུང་བཤད་གནང་རྗེས་ ༧ གོང་ས་མཆོག་༧སྐུ་ཚེ་བཅོམ་ལྡན་ཚེ་མཐའ་ཡས་པའིངོ་བོར་བརྟན་ཞིང་། མཛད་འཕྲིན་ཉི་མའི་འོད་ཀྱི་འཛམ་གླིང་ཡོངས་ལ་ཁྱབ་པ་དང། ཐུགས་ཀྱི་བཞེད་དོན་མཐའ་དག་འབད་མེད་ལྷུན་གྱིས་་གྲུབ་པའི་རྟེན་འབྲེལ་ཆེད་མགྲོན་གཙོ་རྣམ་པ་དང། མི་མང་ཚོགས་གཙོ་ བཅས་ནས་རྟེན་གསུམ་འདེགས་འབུལ་དང་དཀར་གཙང་མཇལ་དར་འབུལ། དེའི་རྗེས་མཁན་བླ་དགེ་འདུན་པའི་དབུས་མང་ཚོགས་ནས་རྒྱལ་བའི་ཞབས་བརྟན་དང་སྨོན་ལམ་གསུང་འདོན་ རི་ཀོན་ཆོས་འཁོར་དགོན་པའི་དགེ་རྩའི་ཚོགས་གཙོ་ལྕམ་སྐུ་ཀརྨ་སྒྲོལ་མ་མཆོག་ནས་འཚམས་འདྲིའི་གསུང་བཤད་ ཡོ་རོབ་སྤྱི་འཐུས་སྐུ་ངོ་ཟམ་མདོ་བྱམས་པ་ཚེ་རིང་མཆོག་ནས་གསུང་བཤད་གནང་རྗེས་ལྷན་རྒྱས་དགོན་པའི་མདུན་ཐང་དུ་ལྷན་འཛོམས་གནང་ཡོད་པ་རེད། མཁན་རིན་པོ་ཆེ་གཙོས་སྐྱབས་གནས་དགེ་འདུན་རྣམས་ནས་བསང་གསོལ་དབུ་འཛུག་གནང་བ་དང་ བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་རྗེས་ རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་མྱ་ངན་གུས་བཀུར་མཚོན་ཆེད་ངག་བཅད་སྐར་མ་གཅིག་གནང་། དེ་ནས་ལྷ་རྒྱལ་འཐེན་སྟེ་སྤྱི་ནོར་༧གོང་ས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་སྐུ་ཚེ་བསྐལ་བརྒྱར་ནས་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཤུགས་དྲག་དང་བཅས་༧སྤྱི་ནོར་༧གོང་ས་རྒྱལ་བའི་དབང་པོ་མཆོག་གི་༧སྐུའི་དགུངས་གྲངས་ ༨༥ ཕེབས་པའི་འཁྲུངས་ལྷ་དབྱར་གསོལ་གྱི་དུས་ཆེན་རྒྱལ་ཁའི་ངང་མཇུག་བསྒྲིལ་སོང་།།
ཚོགས་ཆུང་ ༢༥ ཡོད་པའི་ཁུང་སོ་སོ་དང་ མི་མང་སོ་སོ་ནས་རང་ཁྱིམ་དུ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་པའི་བརྙན་ཐུང་མང་པོ་བཟོས་ཡོད་པ་རེད་ལ་ད་ལོའི་བོད་མིའི་སྒྲིག་འཛུགས་ནས་ལམ་སྟོན་གནང་བ་བཞིན་ ༧ གོང་ས་མཆོག་ལ་ཐུགས་རྗེ་ལེགས་འབུལ་ཞུ་བའི་གྲ་སྒྲིག་གནང་དང་གནང་མུར་ཡིན་པ་རེད་འདུག
གསར་འགོད་པ་ཚེ་རིང་ཝང་དཀར།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།