ཁྱིམ་ཚང་གཉིས་ཀྱིས་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག
འདི་་ག་སུད་སི་གནས་སྡོད་བོད་རིཊ་ཁྱིམ་ཚང་གཉིས་ཀྱིས་བོད་ནང་གི་བོད་མི་ཚོར་སྐྱིད་སྡུག་མཉམ་མྱོང་དང་གདུང་སེམས་མཉམ་སྐྱེད་ཆེད་རྒྱལ་ཚོགས་མདུན་ཐང་དུ་ལོ་གཅིག་རིང་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་གྱི་ཡོད།
དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ཇི་ནེ་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་འདི་ག་སིད་སུ་གནས་སྡོད་ལྷུན་འགྲུབ་ཚང་ཀརྨ་བཀྲིས་ཚེ་རིང་དང་སྟག་ཚང་དཀོན་མཆོག་ཁྱིམ་ཚང་གཉིས་ཀྱི་ནང་མིས། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་གཞིས་སྡོད་རྒྱ་ཆེའི་མི་མང་གི་བདེ་སྡུག་ཞུ་ཆེད། དགོས་འདུན་དོན་ཚན་ ༦ བཏོན་ཏེ་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་ཡོད་འདུག
ལས་འགུལ་གྱི་དགོས་འདུན་དོན་ཚན་ཁག་ནི། དང་པོ། ཕྱི་ལོ་ ༡༩༥༩ དང་ ༡༩༦༡ ། ༡༩༦༥ སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག་སླར་ཡང་མཉམ་འབྲེལ་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་གནང་རྒྱུ་དང་། གཉིས་པ། བོད་ཡུལ་འདི་སྔར་བཞིན་རང་དབང་ལྡན་པའི་ཞི་བདེ་བག་ཕེབས་ཀྱི་ཡུལ་ཞིག་ཏུ་བསྐྲུན་རྒྱུ། གསུམ་པ། འདས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ས་ཡ་གཅིག་དང་འབུམ་གཉིས་ལྷག་གིས་བོད་མི་རིགས་ལ་ཤུལ་དུ་བཞག་པའི་ལོ་རྒྱུས་དང། རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་འབོད་སྒྲ་དང་ཞལ་ཆེམས། དེ་བཞིན་གཞིས་ལུས་རྒྱ་ཆེའི་མི་མང་གི་གལ་གནད་ཆེ་བའི་སེམས་ཀྱི་མངོན་འདོད་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གང་མགྱོགས་བོད་དུ་ཕེབས་རྒྱུར་མཐུན་འགྱུར་གནང་ཐབས། བཞི་བ། ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཆ་རྐྱེན་གང་ཡང་མེད་པར་གློད་ཐབས། ལྔ་བ། བོད་ནང་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གི་དོན་རྐྱེན་བྱུང་དང་འབྱུང་བཞིན་པའི་ཐད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་ཞིག་ཛ་དྲག་གིས་བོད་དུ་ཆེད་གཏོང་གནང་རྒྱུ། དྲུག་པ། བོད་ཀྱི་གནད་དོན་འདི་བཞིན་བོད་མི་ས་ཡ་དྲུག་གི་གནད་དོན་ཡིན་པས། བོད་མིའི་སྒྲིག་འཛུགས་དང་རྒྱ་གཞུང་དབར་ཐད་ཀར་ཞི་མོལ་འགོ་འཛུགས་ཀྱིས་བོད་ཀྱི་བདེན་མཐའ་་གསལ་ཐབས་གནང་རྒྱུ། བཅས་ཡིན་འདུག ཕྱི་ལོ་༢༠༡༢ཟླ་༡༢ཚེས་༡༠སྟེ་འགྲོ་བ་མིའི་ཐོབ་ཐང་གི་ཉིན་ནས་འགོ་འཛུགས་བྱས་པའི་ལས་འགུལ་འདིའི་བརྒྱུད་རིམ་ཁྲོད་་ཕྱི་སྡོད་རྒྱ་རིགས་དང་རྒྱ་ནག་ནང་སྡོད་རྒྱ་རིགགས་ཡུལ་སྐོར་བ་སོགས་ཕྱི་གླིང་མང་པོས་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་འདྲ་མིན་སྟོན་གནང་གི་འདུག
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།