ངས་རྒྱ་ནག་གཞུང་ལ་ལན་བརྡ་སྤྲོད་རྒྱུ་ནི།

"ངས་རྒྱ་ནག་གཞུང་ལ་ལན་བརྡ་སྤྲོད་རྒྱུ་ནི། བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་ནག་བོད་ནས་ཕྱིར་འབུད་དགོས། ངས་འདི་གར་བོད་ནང་གནས་ཚུལ་གང་འདྲ་ཞིག་ཡོད་སྐོར་ཞུ་རྒྱུ་ཡིན། རྒྱ་ནག་གི་དྲག་རྩུབ་ཅན་གྱི་བཀོད་འདོམས་འོག་བོད་མིར་གཞི་རྩའི་ཐོབ་ཐང་དང་། རང་དབང་མེད་པར་གྱུར་ཡོད། ཁོང་ཚོར་སོ་སོའི་སྐད་ཡིག་དང་རིག་གཞུང་འདོད་མོས་བཞིན་སློབ་སྦྱོང་བྱེད་མི་ཆོག་པ་དང་། རང་དབང་ཐོག་འགྲུལ་བསྐྱོད་ལ་བཀག་བསྡོམས། རང་མོས་ཀྱིས་གནས་ཚུལ་མཁོ་སྒྲུབ་བྱེད་རྒྱུར་བཀག་བསྡོམས། མཐའ་ན་བོད་མི་ཚོར་སོ་སོའི་ཆོས་དད་ཀྱི་བྱ་བར་ཡང་བཀག་བསྡོམས་བྱེད་བཞིན་ཡོད། དེ་དག་ཆ་ཚང་ནི། ང་ཚོས་འདི་ག་ཡིན་ཤག་ཤག་གི་ལོངས་སུ་སྤྱོད་རྒྱུའི་རང་དབང་དང་ཐོབ་ཐང་ཡིན་པར་ངོས་འཛིན་གྱི་ཡོད།

ད་བར་ལོ་ངོ་ ༧༠ ནང་བོད་ནང་གྲ་བཙུན་དང་། རིག་གནས་ལ་མཁས་ཆེན་གྱི་སྐྱེས་བུ། རྩོམ་པ་པོ། སྤྱི་ཚོགས་ཀྱི་འགོ་འཁྲིད། སྤྱི་ཚོགས་དང་རང་དབང་གི་དོན་དུ་ལས་འགུལ་སྤེལ་མཁན་གྲངས་མེད་ཅིག་དམ་འཛིན་གྱིས་ཉེས་ཆད་དུ་ཆབ་སྲིད་ཀྱི་བཅོས་བསྒྱུར་ཞེས་པར་བཏང་ཡོད། དེ་རྣམས་ལ་བརྡུང་བརྡེགས་མནར་གཅོད་ཚད་མེད་ཀྱིས་འདྲི་རྩད་བཏང་བ་དང་། དེས་མ་ཚད་སྲོག་ཐོག་གི་ཉེས་པའང་གཏོང་བཞིན་ཡོད།

རྒྱ་ནག་གིས་བོད་ནང་ཉེ་བའི་ལོ་ ༢༥ རིང་ཆབ་སྲིད་བཙོན་པ་མི་གྲངས་ ༥༠༠༠ ལྷག་ཙོན་འཇུག་བྱས་ཡོད། ཏཱ་ལའི་བླ་མའི་སྐུ་དཔར་ཞིག་ཉར་ཚགས་བྱེད་པའམ། བོད་ཀྱི་རྒྱལ་དར་འཁྱེར་བའམ་འཕྱར་ན་འཛིན་བཟུང་བྱེད། རྒྱ་ནག་གི་སྲིད་དབང་ཁྲེག་འཛིན་པ་ཚོས་བོད་མི་རིགས་ཀྱི་ཁྱད་ཆོས་དང་རིག་གཞུང་རྩ་མེད་གཏོང་བཞིན་ཡོད། དེ་འདྲའི་རིག་གཞུང་རྩ་གཏོར་གྱི་བྱུས་ངན་ཐབས་ཟད་ཀྱི་གནས་སྟངས་འོག་བོད་ནང་མི་གྲངས་ ༡༥༠ ལྷག་གིས་སོ་སོ་རང་ཉིད་མེར་བསྲེག་བཏང་ཡོད། ཁོང་ཚོས་རང་སྲོག་བློས་བཏང་གིས་བོད་ཀྱི་དངོས་ཡོད་གནས་སྟངས་འཛམ་གླིང་ཐོག་ཤེས་རྟོགས་ཡོང་བའི་རེ་བ་བྱས་ཡོད།

ངས་བློ་ཕམ་གྱི་གནས་ཚུལ་ཐབས་སྡུག་དེ་འདྲ་ཤེས་རྟོགས་བྱུང་རྗེས་རང་ཉིད་ཙོག་པུར་ཁུ་སིམ་སྡོད་ཐབས་བྲལ། ངས་བོད་རིགས་སྤུན་ཟླ་ཕོ་མོ་མཉམ་དུ་ལངས་ཏེ་ཁོང་ཚོའི་རང་དབང་གི་འབོད་སྒྲར་རྒྱབ་སྐྱོར་ཞུ་གི་ཡོད། རྒྱ་ནག་གི་གུང་བྲན་གྱི་ལྟ་སྤྱོད་ནི་ལོ་ངོ་བརྒྱ་ལས་འཁོར་གྱི་མེད། འོན་ཀྱང་འཛམ་གླིང་ནང་ནང་པ་སངས་རྒྱས་པའི་ལམ་སྲོལ་དང་། རིག་གནས། ལྟ་སྤྱོད་ནི་ལོ་ངོ་སྟོང་ཕྲག་ལྷག་གནས་ཡོད། བོད་ཀྱི་མ་འོངས་པའི་གནས་སྟངས་སྐོར་ཐག་གཅོད་བྱ་རྒྱུའི་ཐོབ་ཐང་ནི། བོད་མི་ཚོ་ཁོ་ནར་ཡོད། བོད་ཀྱི་བདག་དབང་ནི་བརྒྱ་ཆ་བརྒྱ་ཐམ་པ་བོད་མིར་ཡོད། བོད་མིར་རང་དབང་ཐོབ་པར་ངས་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད།

རྒྱ་ནག་གི་གདུག་རྩུབ་ཅན་གྱི་སྲིད་དབང་སྒེར་འཛིན་པ་ཞི་ཅིང་པིན་ཁྱེད་དང་། ཁྱེད་ཀྱི་རྗེས་འབྲངས་པ་ཚོར་ངས་ལན་སྤྲད་རྒྱུ་ནི། བོད་ནང་རང་དབང་དགོས་ཞེས་གསལ་ཞིང་གསལ་བ་སྐད་གསང་མཐོན་པོའི་ཐོག་ཡང་ནས་ཡང་དུ་བརྗོད་རྒྱུ་ཡིན། སླར་ཡང་བརྗོད་རྒྱུར། བོད་ནང་རང་དབང་དགོས། བོད་ནང་རང་དབང་དགོས། བོད་ནང་རང་དབང་དགོས།།"

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 7 སྡོམས་རོགས།