ཉིན་དང་པོའི་ཞི་བའི་གོམ་བགྲོད་གང་ལེགས་བྱུང་སོང་།

༈  བོད་རྒྱལ་ལོ་  ༢༡༤༠  རབ་གནས་ཆུ་སྦྲུལ་ཁྲུམས་ཟླའི་ཚེས་  ༣༠  ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་  ༤  སུད་སི་མངའ་སྡེ་སནཌི་གྷ་ལན་ནས་འཇི་ནི་ཝ་བར་ཉིན་གྲངས་  ༡༨ ཀི་ལོ་མི་ཊར་ ༣༨༨  མངའ་སྡེ་ཁག ༡༥ ཙམ་ནང་བོད་དོན་ཞི་བའི་གོམ་བགྲོད་འགོ་འཛུགས་ཀྱི་ལས་རིམ་འགོ་འཛུགས་ཞུས་པ།  ཉིན་འདིར་གནམ་གཤིས་ཆར་པ་བཏང་ནས་སྐྱོ་པོ་བྱུང་སོང་ནའང་།  གྲ་རྟེན་ལེ་འགྲིག་བྱུང་སོང་།  དེ་ཡང་།  ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ།  ངག་བཅད་སྐར་མ་གཅིག  ཚོགས་གཞོན་བསམ་པ་ལགས་ནས་ལས་འགུལ་དང་འབྲེལ་བའི་གསུང་བཤད།  ཌོག་ཊར་ཧནསི་གྷ་མན་མཆོག་ནས་གསུང་བཤད་གནང་བ་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་ནས་བོད་སྒྱུར་གནང་།  དེ་ནས་༧རྒྱལ་བའི་གསོལ་འདེབས་ཞབས་བརྟན།  བདེན་ཚིག་སྨོན་ལམ་བཅས་དང་།  ཚོགས་གཙོས་རྟེན་འབྲེལ་མཇལ་དར་ཕུལ་བ་དང་བྱང་ཆུབ་སེམས་མཆོག་མ་འདོན་བཞིན་གོམ་བགྲོད་འགོ་བཙུགས།  ཉིན་དང་པོར་མི་གྲངས་ ༧༥ འདུག་པའི་ནང་ལོ་ན་རྒན་ཤོས་ལོ་གྲངས་ ༨༣  ཡིན་འདུག  གསར་འགོད་པ་དང་རླུང་འཕྲིན་ཁག་ནས་གསར་འགྱུར་འགོད་མི་འདུག  དམིགས་བསལ་སནཌི་གྷ་ལན་མངའ་སྡེའི་གསར་ཤོག་ཆེ་གྲས་ཤིག་ནས་གསར་འགྱུར་འགོད་མི་དང་།  དཔར་རྒྱག་མི་བཅས་ལམ་བར་དུ་ཡོང་ནས་བཅར་འདྲི་དང་བཅས་གང་ལེགས་བྱས་སོང་།  དེ་བཞིན་ནོར་ཝེ་བོད་སྐད་རླུང་འཕྲིན་ཁང་ནས་ཀྱང་ཞལ་དཔར་གནང་དོན་གོམ་བགྲོད་ཀྱི་དགོས་དམིགས།  ཡུན་ཚད།  མི་གྲངས་ཇི་ཡོད་བཅས་བཀའ་འདྲི་གནང་འདུག་པར་གང་ཐུབ་གསལ་བཤད་ཞུས།  ལམ་བར་དུ་ཉིན་གུང་ཞལ་ལག་ཤ་འབྲས་དང་།  གསོལ་བཀྲུམ་མ་མཆོད་མཁན་ཚོར་ཞོ་འབྲས་བཅས་གོ་སྒྲིག་ཡག་པོ་གནང་འདུག  དེ་ནས་རིམ་བཞིན་གནམ་གཤིས་དང་བ་བཅས་དགོང་བཞུགས་གནང་ཡུལ་ཨུཛི་ཝིལ་དུ་བདེ་འབྱོར་སྐབས་ཁུལ་དེའི་ཚོགས་མི་མང་ནས་གསོལ་ཇ་ཞལ་ལག་སོགས་གོ་སྒྲིག་གཟབ་རྒྱས་གནང་འདུག་པ་བཅས་ཉིན་དང་པོའི་འཇི་ནི་ཝ་བར་གྱི་གོམ་བགྲོད་མཇུག་བསྒྲིལ་སོང་བའི་གནས་ཚུལ་སྙིང་བསྡུས་སུ།  སྒོ་སྤེ་ཡོན་ཏན།

peacemarch.tibetswiss.ch

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 8 སྡོམས་རོགས།