ཏོག་དབྱིབས་ཁྲོད་ཀྱི་ལོ་གསར།
ཉེ་ཆར་འཛམ་གླིང་གང་སར་གནས་ཚུལ་ཚབ་ཆེ་བ་ཞིག་ནི་ཏོག་དབྱིབས་ནད་ཡམས་སྐོར་ཡིན་པ་དང་། དེ་ཡང་ཡུ་རོབ་སུད་སི་རྒྱལ་ཁབ་ཏུའང་སླེབས་ཟིན་ཡོད་པ་ལྟར་ས་གནས་གཞུང་ནས་ཀྱང་མི་ཚོགས་ཆེན་པོ་འཛོམས་མི་ཆོག་པའི་བཀའ་རྒྱ་ཡང་ ༢༠༢༠ ཟླ་ ༢ ཚེས་ ༢༨ ཉིན་གྱི་ཆུ་ཚོད་གསུམ་པར་སྤེལ། མི་ཚོགས་ ༡༥༠ ལས་མི་མང་བ་ཡིན་དགོས་སྐད། གལ་ཏེ་དེ་ལས་མང་བ་འཛོམས་དགོས་ཀྱི་ཡོད་ན་ས་གནས་ཉེན་རྟོག་པར་སྙན་ཞུ་འབུལ་དགོས་སྐོར་བཅས་བསྒྲགས་པ་བཞིན་ཨར་གྷའོ་ས་གནས་ཀྱི་ལོ་གསར་སྲུང་བརྩིའི་གྲ་སྒྲིག་ཞུ་བར་གེགས་རྐྱེན་ལྟ་བུར་ཆགས་ནས་རྒྱུན་ལས་རྣམས་ཅི་བྱ་གཏོལ་མེད་དུ་འགྱུརད། ཁ་སང་ཚེས་ ༢༩ ཉིན་གྱི་སྔ་དྲོར་རྒྱུན་ལས་རྣམས་ནས་ས་གནས་ཉེན་རྟོག་པར་སྙན་ཞུའི་རེ་སྐུལ་རབ་རིམ་ཞུས་རྗེས་མཐར་ཆོག་མཆན་ཐོབ།
ས་གནས་རྒྱུན་ལས་ནས་ཀྱང་ཏོག་དབྱིབས་ནད་ཡམས་འགོག་ཐབས་ཆེད་ཚོགས་ཁང་གི་རྒྱལ་སྒོར་གཉན་དུག་སེལ་བྱེད་ཀྱི་ཁུ་བ་བཞག་ཏེ་མི་མང་རྣམས་ཚོགས་ཁང་ནང་དུ་མ་ཕེབས་སྔོན་ལ་ཕྱག་གཉིས་བཀྲུ་རུ་བཅུག་པ་དང་དེ་དང་འབྲེལ་བའི་ལམ་སྟོན་ཀྱང་གནང་། ཕྱག་ཟུང་བཀྲུས་ཟིན་རྗེས་གྲོ་སོ་ཕྱེ་མ་དང་ཆང་ཕུད་སོགས་ལ་རེག་སྟེ་ཕན་ཚུན་འཚམས་འདྲི་ཞུ་རེས་གནང་། མཛད་སྒོ་དངོས་གཞི་འགོ་མ་ཚུགས་སྔོན་ལ་རྒྱུན་ལྡན་ལྟར་ཚོགས་ཁང་གི་ཕྱི་རོལ་དུ་མི་མང་རྒན་བྱིས་བར་གསུམ་འཛོམས་ཏེ་ཡུལ་ལྷ་གཞི་བདག་རྣམས་ལ་འཕྲིན་བཅོལ་དང་གསང་གསོལ། རྟེན་འབྲེལ་མཚོན་ཕྱིར་ཐམས་ཅད་མཁྱེན་པ་སོགས་སྐོར་བྲོ་ཁག་གཉིས། རིམ་བཞིན་༧གོང་ས་མཆོག་གི་སྐུ་སྤར་མཐོང་གྲོལ་རིན་པོ་ཆེ་ཚོགས་ཁང་གི་དབུས་སུ་གདན་འདྲེན། ས་གནས་བོད་སློབ་ཀྱི་སློབ་ཕྲུག་རྣམས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་རྔ་རོལ་དང་བཅས་བསྒྲུབས་རྗེས་རི་ཀོན་དགོན་གྱི་ཨཅྱརྱ་པདྨ་དབང་རྒྱལ་མཆོག་གི་དབུས་མི་མང་རྣམས་ནས་༧གོང་ས་མཆོག་དང་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་བརྟན་ཕྱིར་གསོལ་འདེབས་སྨོན་ལམ་དང་དེ་བཞིན་ད་ལྟ་དངོས་སུ་འཛམ་གླིང་ཡུལ་གྲུར་ཏོག་དབྱིབས་ནད་ཡམས་དེ་བཟློག་ཕྱིར་རྗེ་བཙུན་སྒྲོལ་མར་གསོལ་འདེབས་ཀྱང་མཛད།
དམིགས་བསལ་གདན་ཞུ་བྱས་པའི་ནོར་གླིང་རོལ་དབྱངས་ཀྱི་ཚོགས་མི་དོན་འགྲུབ་སྐལ་བཟང་ལགས་དང་ཚེ་རིང་དབང་འདུས་རྣམ་གཉིས་ནས་སྒྲ་སྙན་གླུ་དབྱངས་ཀྱིས་མི་མང་རྣམས་ལུས་སེམས་ལ་བདེ་སྐྱིད་བསྐྲུན། བོད་སློབ་ཀྱི་སློབ་ཕྲུག་རྣམས་ནས་ཀྱང་གླུ་དང་བྲོའི་མཆོད་པའང་ཕུལ། མི་མང་ནས་ཤིན་ཏུ་དགའ་འོས་པ་ཞིག་ནི་ཀ་ལ་པིང་ཀ་ཞབས་བྲོའི་རུ་ཁག་དེ་ཡིན་ཅིང་རུ་ཁག་ནས་ཀྱང་གླུ་དབྱངས་གཞོན་པ་ང་ཚོ་ཞེས་པ་དེ་འཁྲབ་སྟོན་གནང་སྐབས་མི་མང་གི་ཁྲོད་ནས་དགའ་སྤྲོའི་ཐལ་མོ་རྡེབ་མཁན་གྲངས་ཀྱིས་མི་ལངས།
དེ་བཞིན་རྩེད་རིགས་འདྲ་མིན་གོ་སྒྲིག་ཞུས་ཡོད་པ་ལྟར་མི་མང་ནས་ཀྱང་གང་ལ་གང་འཚམས་མཉམ་ཞུགས་གནང་།
ལོ་གསར་གྱི་གོ་སྐབས་དང་བསྟུན་ཏེ་བོད་སློབ་ཀྱི་སློབ་ཕྲུག་ཡོངས་ལ་ལེགས་སྐྱེས་ཆུང་ངུ་རེ་གསོལ་སྩལ་གནང་། དེ་བཞིན་ ༢༠༡༩ ལོའི་བོད་སློབ་ཀྱི་ལོ་འཁོར་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་རྩེ་ཕུད་རྣམས་ལ་དམིགས་བསལ་བྱ་དགའ་དང་དེ་བཞིན་༢༠༡༩ ལོའི་ནང་བོད་སློབ་ཀྱི་འཛིན་གྲྭར་ཉིན་ལྟར་ཕེབས་མཁན་སློབ་ཕྲུག་རྣམས་ལའང་དམིགས་བསལ་བྱ་དགའ་སོགས་གསོལ་སྩལ་གནང་། ཨར་གྷའོ་ཚོགས་ཆུང་གིས་གོ་སྒྲིག་འོག་དུས་སྟོན་སོགས་ཀྱི་སྐབས་རྒྱུན་དུ་ནས་མཉམ་གཞས་དང་འཁྲབ་གཞས་སོགས་ལ་དོ་སྣང་སྦྱངས་བརྩོན་གནང་མཁན་རྣམས་ལ་དམིགས་བསལ་ལེགས་སྐྱེས་དང་། མཇལ་དར་གཅིག ཕྱག་འཁྱེར་སོགས་འབུལ་གནང་མཛད་ཡོད་པ་དང་དེ་བཞིན་ཨར་གྷའོ་ཚོགས་ཆུང་དང་བོད་སློབ་དང་འབྲེལ་བའི་ལས་དོན་གང་ཅིར་རོགས་སྐྱོར་གནང་མཁན་མི་གྲངས་བཅུ་ཞིག་འདེམས་སྒྲུག་གིས་ཁོང་རྣམས་ལའང་དམིགས་བསལ་ལེགས་སྐྱེས་དང་། མཇལ་དར་གཅིག ཕྱག་འཁྱེར་སོགས་འབུལ་གནང་མཛད།
མཐར་ནོར་གླིང་རོལ་དབྱངས་ཀྱི་ཚོགས་མི་གཉིས་ནས་སྣེ་འཁྲིད་དེ་མཚན་དཀྱིལ་བར་མི་མང་རྣམས་ནས་མཐུན་སྒྲིལ་གྱི་སྐོར་བྲོའམ་སྒོར་གཞས་སོགས་མཉམ་དུ་འཁྲབ་ཅིང་དགའ་བདེའི་དཔལ་ལ་རོལ།
ཨར་གྷའོ་ས་གནས་ཚོགས་ཆུང་ནས་སྤྲིངས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།