ཐེངས་གསུམ་པའི་སུད་སི་མདོ་སྨད་མི་མང་གསེར་གྱི་གཟེངས་རྟགས་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ལ་འབུལ་གཏན་ཁེལ།

སྤྱི་ལོ་༢༠༡༨ ཟླ་༨ ཚེས་༢༦ ཉིན་སུད་སི་སྐབས་བཅུ་བའི་ས་གནས་མདོ་སྨད་རྒྱུན་ལས་ཀྱིས་གོ་སྒྲིག་དང་། སུད་སི་གྲོང་ཁྱེར་ཛུ་རིག་ནང་སུད་སིའི་ནང་གནས་བཞུགས་མདོ་སྨད་མི་མང་ཚོགས་འདུའི་ཐོག་སུད་སི་མདོ་སྨད་མི་མང་གི་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་ཐེངས་གསུམ་པ་དེ་བདེ་སྲུང་བཀའ་བློན་ཟུར་པ་ལྡི་ལི་དོན་གཅོད་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ལ་འབུལ་རྒྱུར་མང་མོས་ཐག་གཅོད་གནང་ཡོད་འདུག

 

དེ་ཡང་སུད་སིའི་ས་གནས་མདོ་སྨད་རྒྱུན་ལས་ཚོས་ངོས་ནས་ད་ལོའི་སྤྱིའི་ཟླ་༥་བར་སུད་སི་ས་གནས་མདོ་སྨད་ཚོགས་ཆེན་ཐོག་ཟླ་ཤས་རྗེས་ནས་སུད་སིའི་མདོ་སྨད་མི་མང་གསེར་གྱི་གཟེངས་རྟགས་འབུལ་ཡུལ་གྱི་འོས་མི་སུ་འོས་མི་མང་གི་འོས་འདོན་གནང་དགོས་པ་དང་། མང་གཙོའི་འགྲོ་ལུགས་ལྟར་མང་མོས་འོས་ཤོག་གི་ཐོག་ནས་ཐག་གཅོད་གནང་རྒྱུ་ཡིན་པའི་གསལ་བསྒྲགས་སྔོན་སོང་ལྟར། གོང་ཚེས་ཉིན་ས་གནས་མདོ་སྨད་མི་མང་ཚོགས་འདུའི་ཐོག་མི་མང་ལ་འོས་ཤོག་འཕེན་བཅུག་སྟེ། མཐའ་མའི་ཐག་གཅོད་བཀའ་ཟུར་དང་ད་ལྟའི་ལྡི་ལི་དོན་གཅོད་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ལ་འབུལ་རྒྱུ་གཏན་ཁེལ་གནང་ཡོད་འདུག

གནས་ཚུལ་འདིའི་ཐད་ད་སུད་སི་ས་གནས་མདོ་སྨད་རྒྱུན་ལས་ཀྱི་ཚོགས་གཞོན་སྟག་ཚང་དཀོན་མཆོག་ལགས་སུ་བཅར་འདྲི་བརྒྱུད་རྒྱུས་ལོན་བྱས་དོན། ད་རེས་ཀྱི་གཟེང་རྟགས་འབུལ་རྒྱུའི་ཐད་མི་མང་ལ་གསལ་བཤད་སྔ་ས་ནས་རྒྱུན་ལས་ངོས་ནས་ཞུས་ཡོད་རེད། གསལ་བཤད་ག་རེ་ཞུས་པ་རེད་ཞུས་པ་ཡིན་ན། རྩ་བའི་གཟེངས་རྟགས་འདིའི་ཐོག་མིའི་དམིགས་ཡུལ་བཞིན། བོད་ཀྱི་བསྟན་སྲིད་མི་རིགས་ཀྱི་གནས་བབ་ཉག་ཕྲ་ཞིང་གཉན་ཕྲེང་ཅན་གྱི་དུས་ཚོད་ནང་། སྤྱིར་བསྟན་སྲིད་མི་རིགས་སྤྱི་དང་། ཡང་སྒོས་གོང་ས་མཆོག་གི་དགོངས་གཞིའི་ཐོག་ཤར་སྐྱོད་གནང་མཁན་དང་དབུས་བོད་མིའི་སྒྲིག་འཛུགས། བོད་ཀྱི་ཆབ་སྲིད་འཐབ་རྩོད་ཐད་མཛད་རྗེས་རླབས་ཆེན་སྐྱོང་མཁན་ཞིག་ལ་འབུལ་ཐབས་དགོས་རྒྱུ། དེ་ཡང་ཆོལ་ཁ་དང་། ལུང་ཚན། གྲུབ་མཐའ་སོགས་ཀྱི་ཕྱོགས་ཞེན་དབང་དུ་མ་སོང་བའི་ཐོག་ནས་འོས་མི་འདོན་དགོས་པའི་ལམ་སྟོན་ཞུས་དོན་ལྟར། ད་རེས་མི་མང་གིས་བདེ་སྲུང་བཀའ་བློན་ཟུར་པ་ལྡི་ལི་དོན་གཅོད་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་གིས་མི་ལོ་༤༠ ལྷག་གི་རིང་བོད་ཀྱི་བདེ་རྩ་སྤྱི་དང་། ལྷག་དོན་༧གོང་ས་མཆོག་གི་སྐུའི་སྲུང་སྐྱོབ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་གི་ལས་དོན་ཆེ་ཕྲ་ཆུང་གསུམ། དམིགས་བསལ་བོད་ནང་གི་ཆབ་སྲིད་ཀྱི་གནས་བབ་ཁག་དང་། བོད་ཀྱི་ཆབ་སྲིད་བཙོན་པའི་བདེ་སྡུག་ལ་འགན་ལེན་གནང་སྟངས་སོགས་མཛད་རྗེས་རླབས་ཆེན་སྐྱོང་སྟངས། བོད་ཕྱི་ནང་གཉིས་ནས་མི་མང་གི་ཡིད་ཆེས་བློ་འཕེར་ཡོད་སའི་གཞུང་ཞབས་པ་རྒན་གྲས་ཤིག་ཡིན་པ་བཅས་ལ་དམིགས་ཏེ། མི་མང་ཚོགས་འདུའི་ཐོག་སྔོན་འགྲོ་དང་དངོས་གཞིའི་འོས་ཤོག་གི་བརྒྱུད་རིམ་གཉིས་ཀྱི་ཐོག་ཚད་མཐོའི་མང་མོས་འོས་ཤོག་ཐོབ་སྟེ། ཐེངས་གསུམ་པའི་སུད་སི་མདོ་སྨད་མི་མང་གི་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་དེ་སྐུ་ངོ་མཆོག་ལ་འབུལ་རྒྱུའི་ཐག་གཅོད་བྱུང་སོང་ལ། ཐག་གཅོད་བྱུང་མ་ཐག་སྐུ་ངོ་མཆོག་ལ་ཁ་པར་བརྒྱུད་སྙན་གསེང་ཞུས་ཡོད། མི་མང་གི་ཐག་གཅོད་ལྟར་ན་ལོ་རྗེས་མར་གཟེངས་རྟགས་མཛད་སྒོའི་ཐོག་སྐུ་ངོ་མཆོག་དངོས་སུ་གདན་འདྲེན་ཞུས་ཏེ། གཟེངས་རྟགས་འདི་མི་མང་གིས་ཐད་གར་འབུལ་ཐབས་གནང་རྒྱུ་བྱས་ཡོད་པ་རེད། ཅེས་སོགས་གསུངས་སོང་།

སུད་སིའི་མདོ་སྨད་མི་མང་གི་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་འདི་ནི་སྤྱི་ལོ་༢༠༡༢ ལོ་ནས་སུད་སིའི་མདོ་སྨད་རྒྱུན་ལས་སྐབས་བརྒྱད་པའི་ཚོགས་གཙོ་འཇམ་དཔལ་བཀྲ་ཤིས་ལགས་ཀྱིས་གཙོས་པའི་རྒྱུན་ལས་རྣམས་དང་། ཡུ་རོབ་ནང་གནས་བཞུགས་མདོ་སྨད་པའི་ཤེས་ཡོན་པ་དང་། རྒན་རབས་པ་ཁག་ཅིག་གིས་གྲོས་བསྡུར་རིམ་བྱུང་ཐོག བོད་པའི་ཉེ་རབས་དཀའ་སྡུག་གཉན་འཕྲང་གི་ལོ་རྒྱུས་ཁྲོད་མཛད་རྗེས་རླབས་ཆེན་སྐྱོང་མཁན་བོད་ཀྱི་སྲིད་ཞུ་བ་ཞིག་ལ་བཀའ་དྲིན་རྗེས་དྲན་མཚོན་ཕྱིར་གསེར་གྱི་གཟེངས་རྟགས་ཞིག་ལོ་གསུམ་རེའི་མཚམས་སུ་འབུལ་གཏན་ཁེལ་བ་ལྟར།སྤྱི་ལོ་༢༠༡༣ ལོར་སུད་སི་མདོ་སྨད་མི་མང་གི་གསེར་གྱི་གཟེངས་རྟགས་དེ་བཀའ་བློན་ཁྲི་ཟུར་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་ཕུལ་ཡོད་པ་དང་། ཐེངས་གཉིས་པ་དེ་སྤྱི་ལོ་༢༠༡༦ ལོར་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཕུལ་ཡོད་འདུག

སུད་སི་ས་གནས་མདོ་སྨད་རྒྱུན་ལས་ཁང་ནི་ཕྱི་ལོ་༡༩༨༦ཟླ་༥ཚེས་༢༣ཉིན་དབུ་བརྙེས་ཤིང་།༡༩༩༣ལོའི་ཟླ་༤ཚེས་༢༩ཉིན་སུད་སི་གཞུང་གི་ཁྲིམས་ལྟར་དེབ་སྐྱེལ་ཞུས་ཡོད་པ་ཞིག་ཡིན་འདུག

           གསར་འགོད་པ། ཙ་ཡུས་ཕུན་ཚོགས། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 3 སྡོམས་རོགས།