དགུ་ཐུག་བརྒྱུད་ནས་རིག་གཞུང་ངོ་སྤྲོད།

སྤྱིར་སྟངས་བོད་མི་ཕལ་མོ་ཆེ་སོ་སོའི་ཁྱིམ་ཚང་དུ་ནང་མི་མཉམ་འཛོམས་ཀྱིས་དགུ་ཐུག་བསྐོལ་ནས་འཐུང་སྲོལ་ཡོད་ན་ཡང་། ༢༠༢༠ ཟླ་ ༢ ཚེས་ ༢༢ དང་བོད་ཟླ་ ༡༢ ཚེས་ ༢༩ ཉིན་ཨར་གྷའོ་ས་གནས་སུ་དགུ་ཐུག་ལྷན་འཛོམས་ཞེས་ཕྱོགས་མཐའི་མི་མང་ལ་མགྲོན་འབོད་གནང་བ་ལྟར་ཁྱིམ་ཚང་གཅིག་ལྟ་བུ་བོད་མི་རྒན་བྱིས་བར་གསུམ་ཁྱོན་མི་གྲངས་ ༡༢༥ ཙམ་མཉམ་ཞུགས་གནང་། མཛད་རིམ་ནང་འཁོད་པ་ལྟར་ཐོག་མར་ལུས་སེམས་ཀྱི་ངལ་དུབ་སངས་ཕྱིར་དེང་དུས་ཀྱི་སྐུ་རྩེད་ཕྱག་ཞབས་ཞ་ལར་རེག་རྒྱུ་སོགས་ལ་རོལ་བ་དང་། དེའི་རྗེས་བོད་སློབ་འགན་འཛིན་ནས་དགུ་ཐུག་གི་ལོ་རྒྱུས་རྒྱབ་ལྗོངས་རྣམས་ཞིབ་ཕྲའི་ངང་གསལ་བཤད་གནང་རྗེས་བོད་ལ་དགུ་ཐུག་གཏོང་སྲོལ་ཇི་ལྟར་ཡོད་མེད་སྐོར་བགྲོ་གླེང་ཡང་གནང་། དེ་བཞིན་རྒྱ་གར་དང་བོད་ནང་ལ་དགུ་ཐུག་གཏོང་སྲོལ་གྱི་འདྲ་དཔར་ཁག་ཅིག་དང་དགུ་ཐུག་གི་སྐོར་དགོད་བྲོའི་བརྙན་ཐུང་ཡང་རས་གཞི་ཆེན་པོའི་སྟེང་གཟིགས་འབུལ་ཡང་ཞུས། བོད་ཀྱི་སྲོལ་རྒྱུན་ལྟར་དགུ་ཐུག་གི་བག་ཚ་བཟོ་སྐབས་རྒྱུན་གཏན་དང་མི་འདྲ་བར་དེའི་ནང་དུ་མི་སོ་སོའི་བསམ་སྤྱོད་བཟང་ངན་མཚོན་བྱེད་ཀྱི་གྲོ་ཞིབ་ལས་ཉི་ཟླ་དང༌ཟེ་མ་ར་མགོ་སོགས་བཏུམས་པའི་གཟུགས་དབྱིབས་བག་ཚ་གཞན་དག་ལས་ཆེ་ཙམ་བྱས་པའི་ཕྱི་དབྱིབས་གཅིག་མཚུངས་ཀྱི་ནང་དུ་མཚོན་རྫས་སྣ་ཚོགས་བཅུག་སྲོལ་ཡོད་ན་ཡང་འདི་ག་ནུབ་ཕྱོགས་རྒྱལ་ཁབ་ཏུ་རྫས་ཐམས་ཅད་འཐོབ་དཀའ་བ་སོགས་ཀྱི་དགོས་པ་རྒྱུ་མཚན་ལ་བརྟེན་མཚོན་རྫས་རྣམས་ཀྱི་མིང་དང་ཨང་གྲངས་བྲིས་ནས་བག་ཚའི་ནང་བཏུམས་ནས་མི་རེར་བག་རིལ་རེ་རེ་རང་ཉིད་ནས་ལེན་དུ་བཅུག བག་རིལ་ནང་ཡོད་པའི་རྫས་ཀྱི་མིང་སོ་སོའི་མཚོན་དོན་བཟང་ངན་གྱི་འགྲེལ་བཤད་ཟུར་དུ་གྱང་སྟེང་དུ་སྦྱར་ཡོད་པ་མ་ཟད་དགུ་ཐུག་མཆོད་ཚར་བའི་རྗེས་མཚོན་དོན་རྣམས་འགྲེལ་བཤད་རིམ་བཞིན་བརྒྱབས། ལོ་གསར་པའི་ནང་ཁྱིམ་ཚང་དུ་རྐྱེན་ངན་བར་ཆད་སོགས་བཀྲ་མི་ཤིས་པ་མི་འབྱུང་བའི་ཆེད་གཟན་ལ་མི་གཟུགས་ཀྱི་གླུད་ཕོ་མོ་གཉིས་བཟོས་ཏེ་དེའི་མཐའ་སྐོར་དུ་མི་མང་རྒན་གཞོན་ཚང་མས་སྤྱི་གཙུག་ནས་རྐང་པའི་བར་དྲིལ་ཕྱིས་བྱས་པའི་ལྤགས་ཟན་རྣམས་ཀྱང་སྐྱུར་རྗེས་གླུད་དེ་དག་ཉེ་འཁོར་གྱི་རྒྱུགས་ཆུའི་ནང་བརྫངས།
མཐར་བཀྲ་ཤིས་པ་དང་རྟེན་འབྲེལ་གྱི་ཆེད་མི་མང་རྣམས་ནས་མཐུན་སྒྲིལ་གྱི་སྐོར་བྲོ་དང་བཞད་གད་ཀྱི་སྒྲས་གང་བཞིན་དགའ་རྩེད་ཀྱི་དཔལ་ལ་རོལ་ལོ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 1 སྡོམས་རོགས།