དཔའ་བོ་དཔའ་མོ་རྗེས་དྲན་ཐེངས་ལྔ་བ།
༢༠༡༧ཟླ་༡༡ ཚེས་༤ ཉིན་སུད་སི་གྲོང་ཁྱེར་ཛུ་རིག་ནང་ནམ་ཁོ་རྫ་རྡོ་ལགས་ཀྱིས་གོ་སྒྲིག་འོག རྒྱལ་གཅེས་དཔའ་བོ་དཔའ་མོ་རྗེས་དྲན་ཐེངས་ལྔ་བའི་མཛད་རིམ་རྒྱས་པ་ཞིག་འཚོག་གནང་ཡོད་འདུག
གོང་ཚེས་ཉིན་སུད་སི་གནས་སྡོད་ནམ་ཁོ་རྫ་རྡོ་ལགས་ཀྱིས་གོ་སྒྲིག་འོག ད་ལྟའི་བར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དུས་རབས་དང་ལོ་རྒྱུས་ཀྱིས་བརྗེད་མི་སྲིད་པའི་རྗེས་དྲན་མཛད་སྒོ་ཞིག་བསྡུས་ཡོད་འདུག་ཅིང་། མཛད་སྒོའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཟུར་བ་དང་ད་ལྟའི་ལྡི་ལིའི་དོན་གཅོད་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ཆེད་དུ་གདན་ཞུ་ཞུས་ཏེ། ཁོང་གིས་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་ཟབ་རྒྱས་གནང་ཡོད་འདུག་པ་མ་ཟད། ཉེ་རབས་བོད་ཀྱི་བཙན་བྱོལ་ལོ་རྒྱུས་ཁྲོད་བོད་དོན་འཐབ་རྩོད་སྤྱི་དང་། ལྷག་དོན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་ཕྱི་ནང་གསང་གསུམ་ཐོག་མཛད་རྗེས་བཀའ་དྲིན་སྐྱོང་གནང་མཁན་བདེ་སྲུང་བཀའ་ཟུར་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ལ་བཀའ་དྲིན་རྗེས་དྲན་ཆེད་ཕྱག་རྟགས་ཤིག་ཀྱང་ཕུལ་ཡོད་འདུག
དེ་བཞིན་མཛད་སྒོའི་ཐོག་སུད་སིའི་རི་ཁོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་། སུད་སིའི་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག ཡུ་རོབ་སྤྱི་ཟུར་བཀྲེས་མཐོང་དབང་པོ་མཆོག སུད་སི་དང་ལིག་ཏེན་སི་ཊཡན་བོད་རིགས་མི་མང་གི་ཚོགས་གཙོ་བསྟན་འཛིན་སྙིང་པོ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་གཞོན་སོགས་མི་མང་མང་པོ་མཉམ་ཞུགས་གནང་ཡོད་འདུག
རྒྱལ་གཅེས་དཔའ་བོ་དཔའ་མོའི་མཛད་རིམ་འདི་བཞིན་ཡུ་རོབ་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་ཀྱི་གནད་དོན་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་རླབས་ཆེན་བློས་གཏོང་གི་བརྒྱུད་རིམ་ངོ་སྤྲོད་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཁ་ཆེམས་སོགས་དྲིལ་བསྒྲགས་ཆེད། ཨ་རིར་གནས་བཞུགས་སྒྱུ་རྩལ་པ་དང་གཞས་པ་གྲགས་ཅན་རྟ་མགྲིན་ལགས་དང་། སུད་སི་གནས་བཞུགས་གཞས་པ་གཞས་པ་ཁག་ཅིག་གདན་འདྲེན་ཞུས་ཏེ། གཞས་སྣ་དང་སྒྱུ་རྩལ་གྱི་ལམ་ནས་དཔའ་བོ་དཔའ་མོ་རྗེས་དྲན་དང་། དེ་བཞིན་སྙན་ངག་གྱེར་འདོན། དཔའ་བོ་དཔའ་མོ་རྗེས་དྲན་དང་འབྲེལ་བའི་གཏམ་བཤད་སོགས་གནང་ཡོད་འདུག་པ་མ་ཟད། ཐེངས་འདིའི་རྗེས་དྲན་མཛད་སྒོའི་ཐོག་ས་ཁུལ་མང་པོ་ནས་རྗེས་དྲན་རྩོམ་ཡིག་བསྐུར་གནང་ཡོད་འདུག
ནམ་ཁོ་རྫ་རྡོ་ལགས་ཀྱིས་ཐེངས་འདིའི་མཛད་སྒོ་འདི་འདྲ་ཞིག་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་ཐད་ནས་བརྗོད་དོན། མཛད་སྒོ་འདིའི་དམིགས་ཡུལ་གཙོ་བོ་ནི། བོད་རྒྱ་ལག་དུ་ཚུད་པ་ནས་ད་ལྟའི་བར་བོད་ཀྱི་ཆོས་དང་རིག་གནས། ཆབ་སྲིད་དང་ཁོར་ཡུག་སོགས་སྲུང་སྐྱོབ་ཀྱི་ཆེད་དུ་ཚེ་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་སྤྱི་དང་། དེ་བཞིན་རྒྱ་ནག་དམར་པོའི་གདུག་རྩུབ་འོག་མནར་གཅོད་སྡུག་བསྔལ་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་ཡོངས་ལ་རྗེས་དྲན་དང་། རྗེས་དྲན་འདི་ལ་བརྟེན་ནས་བོད་ཀྱི་གཞོན་སྐྱེས་མི་རབས་གསར་བ་རྣམས་ཀྱིས་ཁོང་ཚོའི་རླབས་ཆེན་བློས་གཏོང་གི་བརྒྱུད་རིམ་དང་། ཁོང་ཚོའི་ཁ་ཆེམས་སོགས་ཅི་ཡིན་ངོ་ཤེས་ཐབས་དང་། ཁོང་ཚོའི་རླབས་ཆེན་གྱི་བློས་གཏོང་འདི་དུས་རབས་དང་ལོ་རྒྱུས་ཀྱིས་བརྗེད་ཐབས་མེད་པའི་ལོ་རྒྱུས་ཀྱི་དྲན་ཤིང་དུ་ཉར་ཐབས་ཡོང་རྒྱུ་དེ་ཡིན། ཅེས་སོགས་གསུང་བྱུང་།
དཔའ་བོ་དཔའ་མོ་རྗེས་དྲ་གྱི་མཛད་སྒོ་འདི་ནི་ནམ་ཁོ་རྫ་རྡོ་ལགས་ཀྱིས་༢༠༡༤ ལོ་ནས་དབུ་འཛུགས་གནང་ཞིང་། ལོ་ལྟར་དཔའ་བོ་དཔའ་མོ་རྗེས་དྲན་ཐེངས་རེར་འཚོག་བཞིན་ཡོད་པ་དང་། བགྲོ་གླེང་དང་། རི་མོ། སྙན་ངག གཞས་སྣ་སོགས་སྒྱུ་རྩལ་འདྲ་མིན་གྱི་ལམ་ནས་རྗེས་དྲན་མཛད་སྒོ་གོ་སྒྲིག་ཞུ་བཞིན་པ་ཡིན་འདུག
གསར་འགོད་པ། ཙ་ཡུས་ཕུན་ཚོགས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།