དཔའ་བོ་བཀྲ་ཤིས་རྣམ་རྒྱལ་དྲན་རྟེན་ཆེད་རྐང་པོལ་འགྲན་སྡུར་ཐེངས་གཉིས་པ།

གྷ་རའོ་སྦུན་དྷེན་ (Graubünden) རྐང་རྩེད་པོ་ལོ་རུ་ཁག་ནས་ད་ལོ་སླར་ཡང་དཔའ་བོ་བཀྲ་ཤིས་རྣམ་རྒྱལ་དྲན་རྟེན་ཆེད་རྐང་པོལ་འགྲན་སྡུར་ཐེངས་གཉིས་པ་དེ་ས་གནས་ཁུར་ (Chur) དུ་ ༢༠༡༩ ཟླ་ ༨ ཚེས་ ༣༡ ཉིན་གྲྭ་སྒྲིག་ཞུས་ཡོད་པ་དང་འགྲན་སྡུར་ནང་དངོས་སུ་མཉམ་ཞུགས་གནང་མཁན་རུ་ཁག་དྲུག་བྱུང་ཡོད་པ་རྣམས་ནི།༡མཐུན་འབྲེལ་རུ་ཁག༢རྩམ་པ་བཟའ་མཁན་རུ་ཁག༣བོད་ཆིག་སྒྲིལ་རུ་ཁག ༤ལྷག་དཀར་རུ་ཁག༥དབུ་མའི་ལམ་རུ་ཁག ༦ཧི་མ་ལ་ཡ་རུ་ཁག་བཅས་ཡིན།

རྩེད་འགྲན་པ་རྣམས་ནས་ཡ་རབས་བཟང་སྤྱོད་དང་ཕན་ཚུན་མཐུན་འབྲེལ་ཁོ་ན་ཡིད་ལ་བཅངས་པའི་ཐོག་རྩེད་མོར་དགའ་སྐྱིད་ངང་རོལ་བ་མ་ཟད་མཐའ་མའི་རྒྱལ་ཁ་དེ་རྩམ་པ་བཟའ་མཁན་རུ་ཁག་ལ་ཐོབ་ཅིང་གཟེངས་བསྟོད་ཀྱི་ཕོར་པ་དང་དེ་བཞིན་བྱ་དགའ་གསོལ་རས་རྣམས་ལེགས་པར་བསྩལ་ཡོད།

དཔའ་བོ་བཀྲ་ཤིས་རྣམ་རྒྱལ་མཆོག་ནི་ ༢༠༡༧ ཟླ་ ༩ ཚེས་ ༧ ཉིན་སུད་སི་རྒྱལ་ས་ལུ་རྫེན་ (Luzern) གཡས་གཡོན་གྱི་མེ་འཁོར་ལྕགས་ལམ་སྟེང་རང་གི་གཅེས་པའི་ལུས་སྲོག་མཆོད་པ་ཕུལ་ཅིང་སུད་སི་རྒྱལ་ཁབ་ཀྱི་གཞུང་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་བཅས་ལ་སྤྱིར་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱབ་སྐྱོར་གནང་དགོས་པ་དང་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་སྐོར། ཡང་སྒོས་སུད་སི་རྒྱལ་ཁབ་ཏུ་གནས་པའི་བོད་མི་སྐྱབས་བཅོལ་བ་རྣམས་ལ་དངོས་ཡོད་སྐྱབས་བཅོལ་ཡིན་པའི་ངོས་འཛིན་གནང་བའི་ཐོག་སྐྱབས་བཅོལ་གྱི་ལག་འཁྱེར་སོགས་གནང་དགོས་སྐོར་བཅས་འཁོད་པའི་ཞལ་ཆེམས་ཀྱང་བཞག་གནང་ཡོད།

ད་རེའི་རྐང་པོལ་འགྲན་སྡུར་གོ་སྒྲིག་ཚོགས་ཆུང་ནས་དྲན་རྟེན་གྱི་རྩེད་འགྲན་འདི་ལྟ་བུ་ལོ་ལྟར་ཚུགས་ཐུབ་པའི་རེ་བ་དང་དེ་བཞིན་མ་འོངས་པར་རུ་ཁག་གཞན་གང་མང་མང་མཉམ་ཞུགས་གནང་དགོས་པའི་རེ་འདུན་ཡང་བཏོན་གནང་སོང་།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 8 སྡོམས་རོགས།