དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་སིད་སིའི་བོད་མིར་བཀའ་སློབ་གནང་།

སྤྱི་ལོ་༢༠༡༩ ལོའི་ཟླ་༣ ཚེས་༡༤ ཉིན་རང་གཞུང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ནང་སྲིད་བཀའ་བློན་སྐུ་ངོ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས། སུད་སི་ས་གནས་ཛུ་རིག་ནང་སུད་བོད་མི་རྣམས་ལ་བོད་མིའི་འཐབ་རྩོད་སྐོར་ལ་བཀའ་སློབ་གནང་ཡོད་འདུག

དཔལ་ལྡན་ནང་སྲིད་བཀའ་བློབ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་སུད་ནང་གཞུང་འབྲེལ་ཆིབས་སྒྱུར་སྐྱོང་གནང་ཡོད་པ་དང་། སྤྱི་ཚེས་༡༠ ཉིན་ཡུ་རོབ་བྷེལ་ཇམ་སྦུར་སལ་གྲོང་ཁྱེར་ནས་སྤེལ་བའི་ཡུ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་ཡུ་རོབ་ཁུལ་གྱི་བོད་རིགས་ཚོགས་པ་ཁག་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་མཉམ་རུབ་ཐོག་སྤེལ་བའི་ལས་འགུལ་ཆེན་པོ་ཐེངས་བཞི་བ་དང་། བོད་མིའི་ཞི་བའི་སྒེར་ལངས་ཆེན་མོ་གསུམ་བཅུའི་དུས་དྲན་ཐེངས་༦༠་སྤེལ་བའི་ལས་འགུལ་ནང་སྐུ་མགྲོན་གཙོ་བོར་ཕེབས་གྲུབ་རྗེས། སླར་ཡང་སུད་སི་ནང་ཕེབས་ཏེ་གོང་ཚེས་ཉིན་སུད་སི་དང་ལེག་ཏེན་སི་ཊ་ཡན་བོད་རིགས་མི་མང་གི་གོ་སྒྲིག་འོག་ས་གནས་ཛུ་རིག་ཏུ་སུད་སི་ནང་གནས་སྡོད་མི་རྣམས་ལ་བཀའ་སློབ་གནང་ཡོད་འདུག

དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་བཀའ་སློབ་གནང་དོན། ད་ལྟའི་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང་སྐོར་དེ་གལ་ཆེན་པོ་བརྩི་བཞིན་པ་ཚང་མས་མཁྱེན་གསལ་དང་། དེ་གལ་ཆེན་པོ་བརྩི་དགོས་པའི་རྒྱུ་མཚན་ཡང་། རྒྱ་ནག་གིས་ད་ལྟའི་བརྒྱུད་གཅིག་ལམ་གཅིག་གི་འཆར་སྣང་། རྒྱ་ནག་གིས་ད་ལྟའི་ཨ་ཧྥི་ཀའི་ནང་ཤུགས་རྐྱེན་སླེབས་སྟངས་སོགས་ལ་བལྟས་ཡོང་ན་རྒྱ་ནག་གིས་འཛམ་གླིང་ནང་དབང་ཤུགས་ཆེན་པོ་སླེབས་ཀྱི་ཡོད་པ་མངོན་སུམ་དང་། དེ་མིན་རྒྱལ་སྤྱིའི་གནས་སྟངས་འགྱུར་བ་འགྲོ་བཞིན་པ་བཅས་ལ་དམིགས་ནས་བོད་ཀྱི་འཐབ་རྩོད་ཀྱི་ཁ་ཕྱོགས་དང་། ལམ་ཁ་ཞིག་འཚོལ་དགོས་ཀྱི་ཡོད་པ་གསལ་བོ་ཤེས་པའི་ཐོག་ནས་མ་འོངས་པའི་ལོ་༥༠ ནང་བོད་ཀྱི་འཐབ་རྩོད་ཀྱི་ཁ་ཕྱོགས་ག་འདྲ་ཞིག་ལ་འགྲོ་དགོས་ཀྱི་ཡོད་པར་གྲ་སྒྲིག་བྱ་དགོས་ཀྱི་ཡོད་པ་རེད། དེ་འདྲ་ཡིན་ཙང་ང་ཚོས་ལས་ཀ་ག་རེ་ཞིག་བྱེད་བཞིན་པ་ཡིན་ནའང་བཀའ་ཤག་ལྷན་རྒྱས་ཀྱིས་གྲོས་བསྡུར་ཐོག་བང་བསྒྲིགས་ནས་འགྲོ་བཞིན་ཡོད། ཅེས་དང་། བོད་མི་ཚང་མས་རྡོག་རྩ་གཅིག་སྒྲིལ་ཐོག་ནས་ཕྱག་ལས་གནང་དགོས་པ་དེ་ཤིན་ཏུལ་གལ་ཆེན་པོ་དང་། ཕྱི་རྒྱལ་ལུང་བར་གནས་པའི་བོད་པ་ཚོར་དངུལ་ཏོག་ཙམ་ཡོད་ན་འཕྲོ་བརླག་ལ་མི་མི་གཏོང་བར་བོད་པས་བོད་པར་རོགས་སྐྱོར་གནང་རྒྱུའི་བསམ་བློ་དགོས་རྒྱུ་དེ་གལ་ཆེན་པོ་ཡིན་སྐོར་སོགས་ལ་བཀའ་སློབ་གནང་ཡོད་འདུག

གསར་འགོད་པ། ཙ་ཡུས་ཕུན་ཚོགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 9 སྡོམས་རོགས།