དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཞུ་གཏུག་ཚོགས་ཆུང་སུད་སིར་ཕེབས་འབྱོར།

དེ་ཡང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་དབུ་འཁྲིད་པའི་ཚོགས་མི་བཞི་ལས་གྲུབ་པའི་བོད་དོན་ཞུ་གཏུག་སྐུ་ཚབ་ཚོགས་ཆུང་ཞིག་ཡུ་རོབ་ཡུལ་གྲུ་ཁག་ཏུ་ཆེད་བཅར་གྱིས་བོད་ཀྱི་ཛ་དྲག་གནས་བབ་ལས་སྐྱོབ་ཐབས་སོགས་དང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་བོད་རྒྱ་ཞི་མོལ་ཡོང་ཐབས་བཅས་འགྲེལ་བརྗོད་ཞུ་གཏུག་གནང་རྒྱུ་ཡིན་འདུག  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཞུ་གཏུག་ཚོགས་ཆུང་དེས་  ༢༠༡༤ ཕྱི་ཟླ་ ༦ ཚེས་ ༨  རེས་གཟའ་ཉི་མ་ཞོགས་པ་ཕྱག་ཚོད་ ༡༠  ནས་སུད་སི་དང་།  ལིཀ་ཏེན་སིཊཡན་ས་གནས་འཐུས་ཚོགས་དང་མཇལ་འཛོམས་ཀྱིས་ཚོུད་གཉིས་ཙམ་རིང་ས་གནས་འགོ་འཛིན་དང་འབྲེལ་བའི་གནས་ཚུལ་ཐད་བཞུགས་མོལ་ཚོགས་འདུ་གནང་། ཉིན་གུང་ཞལ་ལག་མཉམ་བཞེས་གནང་རྗེས་ཉིན་རྒྱབ་ཚོུད་  ༡༤  ནས་མི་མང་ལ་བཀའ་སློབ་དང་དྲི་བ་དྲི་ལན་སོགས་བགྲོ་གླེང་ཚོགས་འདུ་བཅས་ལས་རིམ་གོ་སྒྲིག་གནང་ཡོད་པར་ཡུ་རོབ་སྤྱི་ཟུར་རྣམ་པ་དང་།  ས་གནས་མི་མང་གསུམ་བརྒྱ་བརྒལ་བ་འདུ་འཛོམས་བྱུང་ཡོད།   ལོ་ལྟར་དུས་ཚོད་འདི་སྐབས་སུད་སི་ནང་གནས་འཁོད་བོད་མི་རྣམས་ཚོགས་སྐྱིད་ལུང་ཚན་འདྲ་མིན་ཁག་སོ་སོ་མཉམ་འཛོམས་ཀྱི་དབྱར་སྐྱིད་དང་།  སོ་སོའི་དམིགས་ཡུལ་གཞིར་བཟུང་ལོ་འཁོར་ཚོགས་ཆེན་འཚོགས་པ་སོགས་ཀྱི་དུས་ཚིགས་ཤིག་ཡིན།  དེས་དབང་གིས་བོད་རིགས་མང་པོ་ཞིག་རི་རླུང་མང་པོར་ཁ་གྱེས་ནས་བསྡད་ཡོད་པ།  གནམ་གཤིས་དྲོ་སྐྱིད་ལྡན་པ་དེ་དག་བློས་བཏང་གིས་ཚོགས་འདུར་མི་མང་པོ་ཕེབས་འཛོམས་གནང་བ་ནི་བསྔགས་བརྗོད་ཞུ་འོས་པ་ཞིག་ཡིན། 

འཐུས་མི་རྡོ་ཆུང་མགོན་པོ་ལགས་ནས་མཛད་རིམ་དབུ་འཛུགས་ཐོག་མི་མང་ཟློས་གར་ཚོགས་མིས་སྣེ་འཁྲིད་དེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་རྔ་གླིང་རོལ་དབྱངས་བཅས་བཏང་།  བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་རང་སྲོག་བློས་བཏང་གནང་མི་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གུས་བཏུད་ངག་བཅད་སྐར་མ་གཅིག་ཞུས།  བོད་རིགས་མི་མང་ས་གནས་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་ནས་གུས་བསུ་དང་འབྲེལ་སུད་སི་བོད་མིའི་གནས་སྟངས་ངོ་སྤྲོད་སྙིང་བསྡུས་ཞུས།  སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་ལགས་ནས་སྐུ་ཚབ་ཚོགས་ཆུང་ཕེབས་དོན་དང་ཡུལ་གྲུ་ཁག་ཏུ་ལས་དོན་གྲུབ་འབྲས་ཇི་བྱུང་སོགས་འགྲེལ་བཤད་གནང་།  དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་བོད་དོན་ཞུ་གཏུག་གི་ལས་རིམ་སྐོར།  དོལ་རྒྱལ་རྗེས་འབྲངས་པའི་བྱ་སྤྱོད་སྤེལ་ཕྱོགས་ལ་།   བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནས་གྲོས་ཆོད་ལམ་སྟོན་རིམ་བྱུང་སྐོར།   མང་ཚོགས་ནས་རང་དོན་རང་གཅེས་ཀྱི་ཐབས་ལམ་དགོས་པ།  དཔེར་ན་རྒྱ་ནག་ཏུ་གནས་བསྡོད་བོད་རིགས་འོད་ཟེར་ལགས་ཀྱི་རྩོམ་ཡིག་ལུང་འདྲེན་གྱིས་༸གོང་ས་མཆོག་གི་མཛད་པ་འཕྲིན་ལས་རྒྱས་ཤིང་བོད་དོན་ལ་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་འཐོར་འགྲོ་བཞིན་ཡོད་པ་བཅས་གཞན་གྱིས་བེད་སྤྱོད་ལོག་པར་མི་འགྲོ་བའི་ཆེད་ཕྱི་བཞུགས་བོད་རིགས་རྣམ་ནས་གོ་སྐབས་དམ་འཛིན་དགོས་གལ་སོགས་རྩོམ་སྒྲིག་སྤེལ་ཡོད་པའི་སྐོར་བཀའ་སློབ་གཟབ་རྒྱས་གནང་།

གཞུང་འབྲེལ་འཐུས་ཚོགས་ནས་བཀའ་འདྲི་དོན་ཚན་གཉིས་འདུག་པ་ནི། དོལ་རྒྱལ་རྗེས་འབྲངས་པའི་༸གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུགས་བྱེད་པ་བཅས་སྐུའི་སྲུང་བྱར་མཛད་ཕྱོགས་ཇི་ཡོད།  སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱི་༸གོང་ས་མཆོག་གི་བཀའ་སློབ་ཁག་ལ་ལོག་འགྲེལ་གནང་བ་དེས་ཐུགས་ཕམ་དགོངས་འཁྲུགས་བྱུང་ཡོད་པ་བཅས་ཀྱི་སྐོར་མང་ཚོགས་ལ་གསལ་བཤད་དགོས་པ་བཅས།  དེར་དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་བྱུང་རིམ་གསལ་བཤད་གཟབ་ནན་གནང་ནས་དེས་འཐུས་པ་ཡོང་བའི་མང་ཚོགས་ལ་ལམ་སྟོན་བཀའ་སློབ་གནང་སོང་།   དེ་སྐོར་སྤྱི་འཐུས་དོ་བདག་ནས་གསལ་བཤད་དགོས་འདུན་འདོན་མཁན་སོགས་མང་ཚོགས་ནང་འདོད་བློ་མ་ཁེངས་པའི་གནས་ཚུལ་ཡང་བྱུང་སོང་།   ལས་རིམ་ཚོགས་ཆུང་ནས་མི་གྲངས་བཅུ་ཙམ་ལ་དྲི་བ་ཞུ་རྒྱུའི་གོ་སྐབས་གནང་ཡོད་རུང་།  བརྗོད་གཞི་གསུམ་ཁོ་ནར་མ་གཏོགས་དྲི་བ་ཞུས་མ་ཆོག་པའི་གཏན་འབེབས་དང་བཏང་འཛིན་ནན་པོ་གནང་ཡོད་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སྒོ་སྤེ་ཡོན་ཏན།

 

 

༈  དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ལ།  མི་མང་གསར་འཕྲིན་དྲ་རྒྱ་ཚོགས་ཆུང་ནས་བཅར་འདྲི་ཞུས་པ།

 

༈  ཡུ་རོབ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་སུ།    མི་མང་གསར་འཕྲིན་དྲ་རྒྱ་ཚོགས་ཆུང་ནས་བཅར་འདྲི་ཞུས་པ།

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 6 སྡོམས་རོགས།