དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་འབུམ་རམ་པ་བློ་བཟང་སེང་གེ་མཆོག་ནས་སུད་སིར་གནས་སྡོད་བོད་རིགས་མི་མང་ལ་བཀའ་སློབ་བསྩལ།

ཕྱི་ལོ་ ༢༠༡༩ ཟླ་ ༡༡  ཚེས་ ༡༦ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་འབུམ་རམ་པ་བློ་བཟང་སེང་གེ་མཆོག་གྲོང་ཁྱེར་ཇི་ནི་ཝའི་ནང་དུ་ ༢༠༡༩ ལོའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཇི་ནི་ཝའི་གླེང་སྟེགས་ཞེས་པའི་ཉིན་གྲངས་གཉིས་རིང་གི་ཚོགས་འདུ་གྲུབ་རྗེས། གོང་ཚེས་རེས་གཟའ་སྤེན་པའི་ཉིན་སུད་སི་ཛུ་རིག་ Rümlang ས་གནས་སུ། སུད་སི་བོད་རིགས་མི་མང་སྟོང་ཕྲག་བརྒལ་བར་བཀའ་སློབ་གནང་ཡོད་འདུག

སྲིད་སྐྱོང་མཆོག་གིས་བོད་རིགས་མི་མང་ལ་འཚམས་འདྲི་དང་སྦྲགས་མི་མང་ལ་བཀའ་སློབ་བསྩལ་བའི་སྙིང་པོར། ད་ལྟ་ང་རང་གིས་༧གོང་ས་མཆོག་དང་ཐག་ཉེ་བོའི་ཐོག་ནས་ཞབས་ཞུ་བསྒྲུབ་ཡ་དང་། ༧གོང་ས་མཆོག་གི་ཐུགས་འགན་ཕྲ་མོ་ཙམ་ལ་ཞབས་ཞུ་བསྒྲུབ་ཐུབ་པ་ནི་བསོད་ནམས་ཆེན་པོ་ཡིན་དགོངས་ཀྱི་ཡོད་སྐོར་དང་། ལོ་རྗེས་མ་༢༠༢༠ ལོ་ནི་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོ་རུ་སྲུང་བརྩི་གནང་རྒྱུ་ཡིན་པ་དང་། ༧གོང་ས་མཆོག་གི་ཐུགས་འཁན་ཆེན་པོ་བཞིའི་དགོངས་པ་དང་མཐུན་པའི་ཐོག་བོད་མི་གཞོན་སྐྱེས་ཚོར་བོད་པའི་ཤེས་ཡོན་སློབ་སྦྱོང་གནང་རྒྱུ་གལ་ཆེན་ཡིན་སྐོར། གཞན་ད་ལྟའི་བཀའ་ཤག་གི་ལས་གཞི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་དང་། དེ་འབྲེལ་གྱི་གནད་དོན་ཐད་ཡུ་རོབ་ནང་གནས་སྡོད་བོད་རིགས་གཞོན་སྐྱེས་ཚོས་དོ་སྣང་དགོས་པ་མ་ཟད། སྤྱིར་བོད་དོན་ལས་འགུལ་གང་ལ་ཡང་ཆ་ཤས་ལེན་དགོས་པའི་འབོད་སྐུལ་གནང་སོང་།

སུད་སི་དང་ལིག་ཏེན་སེཊཡན་བོད་རིགས་མི་མང་ཚོགས་པའི་ཚོགས་གཙོ་མཚམས་མདའ་ནོར་བུ་ལགས་དང་། ཚོགས་གཞོན་ཕྱོགས་ཤམ་པ་ཕུན་ཚོགས་ལགས། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས། རི་ཀོན་ཆོས་འཁོར་དགོན་གྱི་མཁན་པོ་ཐུབ་བསྟན་ལེགས་སྨོན་ལགས་དང་བླ་སྤྲུལ་ཁག །ཡུ་རོབ་བོད་ཀྱི་སྤྱི་འཐུས་ཟམ་མདོ་བྱམས་པ་ལགས་དང་སྤྱི་ཟུར་རྣམ་པ། བོད་རིགས་ཚོགས་པ་ཁག་གི་དབུ་འཁྲིད་ལས་ཟུར་རྣམ་པ། དེ་བཞིན་སུད་སི་བོད་རིགས་མི་མང་སྟོང་ཕྲག་བརྒལ་བ་ཚོགས་འཛོམས་གནང་བའི་ཐོག་མི་མང་ཟློས་གར་གྱིས་བཀྲ་ཤིས་རྔ་རོལ་དང་བཅས་པས་སྲིད་སྐྱོང་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས།

དེ་ཡང་མཛད་སྒོའི་ཐོག་མར་ཚོགས་ཞུགས་པ་ཡོངས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་གནང་དང་བོད་བསྟན་སྲིད་དོན་སྐུ་གཤེགས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་གུས་འདུད་ངག་བཅད་གནང་།

སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་མཚམས་མདའ་ནོར་བུ་ལགས་ནས་དཔལ་ལྡན་སྲིད་སྐྱོང་སྐུ་ངོ་བློ་བཟང་སེང་གེ་མཆོག་འདི་ག་སུད་སིར་མཛད་འཕྲིན་རྒྱས་པ་དེ་ལྟ་བུ་བསྐྱངས་པ་དང་སྐུ་ངལ་དངོས་མཐོང་བྱུང་བར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་ཞུས། སུད་སིར་བོད་མིའི་གནས་སྟངས་དང་བོད་རིགས་མི་མང་ཚོགས་པའི་ངོ་སྤྲོད་སྙིང་བསྡུས་གནང་སྟེ་མི་མང་ཚོགས་པའི་ལས་དོན་འགྲུབ་རྒྱུར་དཀའ་སྡུག་ཇི་བཞིན་འཕྲད་མིན་སྐོར་འགྲེལ་བརྗོད་གནང་བར། སུད་སིར་བོད་རིགས་མི་འབོར་ཆེན་པོ་དེ་ལྟ་བུ་ཡོད་ནའང་། དོན་དངོས་ཐོག་བོད་ཡིག་སློབ་གྲ་ཁག་དང་། ཟློས་གར། གསར་འཕྲིན་དྲྭ་རྒྱ་སོགས་ལ་ལས་འཁུར་གནང་མཁན་མེད་པའམ། ཇེ་ཉུང་དུ་འགྲོ་བཞིན་པའི་གནས་སྟངས་སྐོར་གསུངས་ཏེ་བོད་ཀྱི་རྩ་དོན་ཆེད་གནས་བཞུགས་བོད་མི་རྒན་གཞོན་བར་གསུམ་དང་ཕོ་མོ་དབྱེར་མེད་ནས་འཕྱར་གྲུ་མཉམ་འདེགས་གནང་དགོས་པའི་འབོད་བསྐུལ་ཀྱང་གནང་།

སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་མཆོག་ནས་འཚམས་འདྲིའི་གསུང་བཤད་དང་སྤྲགས།  དཔལ་ལྡན་སྲིད་སྐྱོང་མཆོག་གི་ད་རེས་སུད་སིར་ཕེབས་བཞུགས་ལ་སུད་སི་གཞུང་ནས་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་གི་དབུ་འཁྲིད་དང་མཚུངས་པའི་སྐུའི་སྲུབ་སྐྱོབ་ལ་སོགས་པའི་སྣེ་ལེན་གྲ་སྒྲིག་གནང་བ་ལ་ཐུགས་རྗེ་ཆེ་ཞུས་པ་དང་། དེ་མཚུངས་རང་རིགས་བོད་མིའི་ཚོགས་པ་ཁག་དང་མི་མང་ནས་ཀྱང་ཕེབས་བསུ་གྲ་སྒྲིག་ཟབ་རྒྱས་འདི་ལྟ་བུ་ཞུས་པ་ལ་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞེས་དང་། ཁོང་ཉིད་ཀྱི་མྱོང་ཚོར་གསུངས་དོན་ད་རེས་ང་ཚོ་བོད་ཀྱི་སྲིད་སྐྱོང་ཞིག་ལ་འོས་ཤིང་འཚམས་པའི་ཕེབས་བསུ་ཞུས་པའི་ཚོར་སྣང་ཤུགས་ཆེ་བྱུང་ཞེས་གསུངས།
དཔལ་ལྡན་སྲིད་སྐྱོང་མཆོག་ནས་སུད་སིར་འཁོད་པའི་བོད་རིགས་མི་མང་ལ་འཚམས་འདྲི་དང་སྦྲགས་མི་མང་ལ་བཀའ་སློབ་བསྩལ་བའི་ཐོག་མར། སུད་སིར་གནས་པའི་བོད་རིགས་མི་མང་རྣམས་ནས་རང་ཉིད་བུ་ཕྲུག་རྣམས་གཟའ་མཇུག་བོད་ཡིག་སློབ་གྲ་ཁག་ཏུ་གཏོང་བ་ལ་དགའ་བསུའི་བསྔགས་བརྗོད་ཡོད་གསུངས་པ་དང་། དེ་ནི་མི་རིགས་ཀྱི་ངོ་བོ་མ་བརླག་པ་དང་རང་ཉིད་ཀྱི་རྩ་ཆེའི་ཆོས་དང་རིག་གཞུང་སྐད་ཡིག་རྣམས་མི་ཉམས་བརྒྱུད་འཛིན་དགོས་པ་དང་། ཡ་རབས་སྤྱོད་བཟང་དང་། བོད་སྤྱི་པར་ཕན་ཐོགས་ཡིན་པ་མ་ཟད། རང་ཉིད་སྒེར་ལའང་ཕན་ཐོགས་ཡོད་ཅེས་གསུངས། ཕ་མས་སོ་སོ་འཆི་ཁར་སོ་སོའི་བུ་ཕྲུག་ལ་བསྔོ་བ་སྨོན་ལམ་ཇི་ལྟར་བྱེད་དགོས་ཚུལ་འགྲེལ་བརྗོད་གནང་དགོས་བྱུང་ན་ཕྱིས་དྲགས་ཚུལ་ཞེས་གསུངས།

མུ་མཐུད་དཔལ་ལྡན་སྲིད་སྐྱོང་མཆོག་ནས། མ་འོངས་པར་སྐུ་ཚབ་དོན་གཅོད་དང་བོད་རིགས་ཚོགས་པ། མི་མང་བཅས་དབར་བསམ་ཚུལ་བརྗེ་རེས་ཀྱི་ཚོགས་འདུ་སོགས་ལས་འཆར་གང་མང་སྤེལ་ན་ལེགས་ཚུལ་དང་། ཤེས་རིག་ལས་ཁུངས་ནས་ཡུ་རོབ་ཁག་ཏུ་གནས་པའི་བོད་ཡིག་སློབ་དགེ་རྣམས་ལ་སློབ་འཁྲིད་སྦྱོང་བརྡར་གནང་རྒྱུའི་འཆར་གཞི་ཡོད་སྐོར་སོགས་གསུངས།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་གཞི་ལྔ་དང་ལྔ་བཅུའི་དམིགས་ཡུལ་དང་ལས་འགུལ་སྐོར་བཀའ་གནང་བར། ཡུ་རོབ་རྒྱལ་ཁབ་ཁག་ནང་གནས་པའི་བོད་རིགས་རྣམས་ནས་ཀྱང་བོད་ཀྱི་བསམ་ཚུལ་བསྡུ་རུབ་ཡོང་ཆེད་སྔ་ས་ནས་གསལ་བསྒྲགས་གནང་ཡོད་ནའང་། རྡ་རམ་ས་ལར་ཚོགས་ཞུགས་གནང་མཁན་ཉུང་བའི་གནས་ཚུལ་ལ་བརྟེན་བོད་རིགས་གཞོན་སྐྱེས་རྣམས་ནས་ལོ་ཕྱིས་མར་འཚོག་རྒྱུའི་ཚོགས་འདུ་དང་དེ་འབྲེལ་གྱི་གནད་དོན་ཐད་དོ་སྣང་མང་ཙམ་གནང་དགོས་པ་མ་ཟད། སྤྱིར་བོད་དོན་ལས་འགུལ་གང་ལ་ཡང་ཆ་ཤས་ལེན་དགོས་པའི་འབོད་སྐུལ་གནང་།

མུ་མཐུད་གསུངས་དོན། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གང་ཉིད་ནི། ཐུགས་བརྩེ་བ་ཆེན་པོས་བོད་ཕྱི་ནང་དུ་གནས་པའི་བོད་མི་ཡོད་དོ་ཅོག་གི་མགོན་སྐྱབསལ་སོང་། དུས་རྟག་བོད་མིའི་བདེ་སྡུག་ཐུགས་ལ་བཅངས་ཏེ་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་ལ་ང་ཚོ་བོད་མི་རིགས་ཀྱི་བསོད་ནམས་ཡིན་པ་དང་། ཕྱི་མི་རིགས་ཁག་ནས་སྐྱེས་བུ་དམ་པ་དེ་ལྟ་བུ་འཛམ་གླིང་ནང་སྔར་རྒྱ་གར་བ་སྐྱེས་ཆེན་དམ་པ་གྷན་དྷི་ཇི་ལ་སོགས་པ་ལྟ་བུ་ལོ་བརྒྱ་ཕྲག་གཅིག་ནང་རེ་ཙམ་ལས་མི་བྱོན་པའི་སྐྱེས་ཆེན་དམ་པ་ཞིག་ཡིན་པར་ངོས་འཛིན་ཞུ་མུས་ལ། དེ་ལྟར་ད་རེས་དབུས་བོད་མིའི་སྒྲིག་འཛུགས་ནས་ལོ་ཕྱིས་མ་༢༠༢༠ ལོ་ནི་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོ་རུ་སྲུང་བརྩི་ཞུ་རྒྱུ་ཡིན་པ་དང་།  ༧གོང་ས་མཆོག་གི་ཐུགས་འགན་ཆེན་པོ་བཞིའི་དགོངས་པ་དང་མཐུན་པའི་ཐོག་བོད་མི་གཞོན་སྐྱེས་ཚོར་བོད་པའི་ཤེས་ཡོན་སློབ་སྦྱོང་གནང་རྒྱུ་གལ་ཆེན་ཡིན་སྐོར། ལྷག་དོན་བོད་མིའི་སྒྲིག་འཛུགས་འདི་བཞིན་རྒྱལ་སྤྱིའི་ངོས་འཛིན་ཡོད་པའི་སྒྲིག་འཛུག་ཅིག་གམ། རྒྱལ་སྤྱིའི་རོགས་ཚོགས་ཁག་གིས་རོགས་དངུལ་ཐད་ཀར་ལེན་ཆོག་པའི་ཚོགས་པ་ཞིག་ལ་ངོས་འཛིན་ཡོང་ཆེད། ཨ་རིའི་གྲོས་ཚོགས་གོང་འོག་བརྒྱུད་ནས་ཐབས་ཤེས་གནང་གི་ཡོད་སྐོར་དང་། འཛམ་གླིང་གི་ས་གནས་གང་སར་ཡོད་པའི་བོད་མི་ཚོ་དང་། དམིགས་བསལ་སུད་སི་ནང་གི་བོད་རིགས་ཚོས་སུད་སི་གྲོས་ཚོགས་ནང་བོད་དོན་ཐད་གྲོས་ཆོད་འཇོག་ཐབས་ཡོང་རྒྱུར་འབད་བརྩོན་གནང་དགོས་ཞེས་གསུངས།

རིང་མིན་འཚོག་ལ་ཉེ་བའི་ཧེ་ལི་ཕེཀ་སི་རྒྱལ་སྤྱིའི་སྲུང་སྐྱོབ་སྡེ་ཚན་ཚོགས་འདུའི་ནང་། རྒྱལ་ཁབ་འདྲ་མིན་དགུ་བཅུ་སྐོར་ནས་ཚོགས་ཞུགས་གནང་གི་ཡོད་པར་དེ་སྔ་དང་མི་འདྲ་བར་རྒྱ་ནག་དམར་པོའི་གཞུང་ལ་རང་རྒྱལ་གཞན་ཕམ་དང་། ཐ་ན་སོ་སོའི་འབངས་མི་སེར་ལའང་དེང་དུས་ཀྱི་འཕྲུལ་ཆས་ཀྱི་བཀོལ་སྤྱོད་ཀྱིས་གསང་ཞིབ་མྱུལ་ལྟ་བྱེད་པས་དམ་དྲག་ཚད་མེད་ཀྱི་སྲིད་བྱུས་མཁྲེག་འཛིན་པའི་རྒྱལ་ཁབ་གཡོ་བྱུས་ཅན་ཞིག་ཏུ་ངོས་འཛིན་ཚུལ་དང་། འཛམ་གླིང་ནང་རྒྱ་ནག་གི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད་པ་ལ་རྒྱལ་སྤྱིའི་ནང་སེམས་འཚབས་གསལ་པོར་མངོན་བཞིན་ཡོད་ཅེས་གསུངས།
ཆུ་ཚོད་གཅིག་ལྷག་རིང་གི་བཀའ་སློབ་གསུང་བཤད་གྲུབ་འཕྲལ། དྲི་བ་དྲི་ལན་གྱི་དུས་ཡུན་ཆུ་ཚོད་ཕྱེད་ཀ་ལྷག་གི་རིང་དཔལ་ལྡན་སྲིད་སྐྱོང་མཆོག་ནས་མི་མང་གི་བཀའ་འདྲི་མང་དག་ཅིག་ལ་ལན་འདེབས་བཀའ་དྲིན་གནང་།

དེ་ཉིན་སྔ་ཐོག་སྲིད་སྐྱོང་ལྷན་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་འོག་བཙུགས་པའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་འགན་འཛིན་གྲས་དབུ་དཀར་ཚང་སྐལ་རྡོར་ལགས་དང་། དཀོན་མཆོག་བརྩོན་འགྲུས་ལགས་གཉིས་ཀྱིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ངོ་སྤྲོད་དང་། ཚོགས་པའི་མ་འོངས་པའི་འཆར་འགོད། དེ་བཞིན་གངས་ལྗོངས་ཞབས་ཞུ་ཁང་གི་ལས་འཆར་ནང་རྒྱལ་སྤྱིའི་བོད་རིགས་མི་མང་དང་། ཚོགས་སྡེ་ཁག་གི་ཆ་ཤས་མ་རྩ་འཇོག་རྒྱུའི་འབོད་བསྐུལ་གནང་། ལས་གཞི་འདི་བརྒྱུད་མ་འོངས་པར་བོད་པ་རང་ཉིད་རང་ཁ་རང་གསོ་དང་། བོད་གྱི་རྩ་དོན་རྒྱུན་གནས་ཐུབ་ཐབས་བཅས་ཀྱི་ཐད་མི་མང་ལ་ངོ་སྤྲོད་གཏམ་བཤད་གནང་། སུད་སི་ས་གནས་ཁག་འགའ་རེར་གནས་དོན་དེ་ཐད་འགྲེལ་བརྗོད་དང་དཔལ་འབྱོར་མ་རྩ་འཇོག་རྒྱུའི་འབོད་བསྐུལ་དུས་ཚེས་གཏན་འབེབས་བྱུང་བ་ཇི་ཡིན་འདི་ག་སུད་སི་དང་ལིག་ཏེན་སེཊཡན་གྱི་དྲྭ་རྒྱ་འདིའི་གཞུང་འབྲེལ་ཁྱབ་བསྒྲགས་སྡེ་ཚན་ནང་གསལ་པོར་འཁོད་པར་གཟིགས་པར་ཞུ།

བོད་རིགས་མི་མང་གི་ཚོགས་གཞོན་ཕྱོགས་ཤམ་པ་ཕུན་ཚོགས་ལགས་ནས་མཐའ་མར་མཛད་སྒོ་མཇུག་བསྡོམས་ཀྱི་གསུང་བཤད་གནང་སྟེ། སྐུ་ངོ་སྲིད་སྐྱོང་མཆོག་ལ་མི་མང་འདུ་འཛོམས་འདི་ཐོག་བཀའ་སློབ་གསུང་བཤད་གནང་བར་ཐུགས་རྗེ་ཆེ་ཞུས་གནང་གི་མཛད་སྒོོ་ལེགས་ལྷོངས་ངང་གྲུབ་པ་བཅས་སོ།།
གསར་འགོད་པ་ཕུན་ཚོགས་དང་བློ་བཟང་བསྟན་འཛིན། དཔར་པ་བཀྲ་ཤིས་རྣམ་རྒྱལ་བཅས་ནས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 1 སྡོམས་རོགས།