དམིགས་བསལ་མཆོད་འབུལ་རྒྱས་གཤོམ་ཞུས་པ།
ད་རིང་རེས་གཟའ་ཉི་མ་སྟེ་ཕྱི་ཟླ་ ༩ ཚེས་ ༧ ཞོགས་པ་ཚོུད་ ༩་་༣༠ ཐོག་རི་ཀོན་ཆོས་འཁོར་དགོན་དུ་སུད་སི་དང་། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་འཐུས་ཚོགས་ནས་གོ་སྒྲིག་ཞུས་ཏེ་དགོན་པའི་མཁན་རིན་པོ་ཆེས་དབུས་དགེ་འདུན་རྣམས་དང་། ཡུ་རོབ་སྤྱི་ཟུར་རྣམ་པ། མི་མང་གི་ཚོགས་གཞོན་དབུས་མི་མང་བརྒྱ་དང་ལྔ་བཅུ་སྐོར་ནས་རྟེན་དྲུང་དུ་མཆོད་སྤྲིན་རྒྱས་གཤོམ་དང་། གསོལ་ཚོགས་བཅས་གཟབ་རྒྱས་གོ་སྒྲིག་གིས་མཆོད་འབུལ་རྒྱ་ཆེ་ཞིག་ཞུས་ཡོད། ཐོག་མར་བོད་དྲུང་ནས་ད་རིང་འདི་གར་མཁན་རིན་པོ་ཆེ་མཆོག་གིས་དབུས་སྐྱབས་གནས་དགེ་འདུན་རྣམ་པ། སྤྱི་ཟུར་རྣམ་པ། མི་མང་ཚོགས་གཞོན་བསམ་པ་ལགས་དང་འཐུས་མི་རྣམ་པ། གཞན་ཡང་བསྔོ་སྨོན་མཆོད་འབུལ་དུ་ཆིབས་འགྱུར་གནང་བའི་མི་མང་རྣམ་པ་ལྷན་རྒྱས་ལ་གུས་བཏུད་འཚམས་འདྲི་ཞུ་རྒྱུ་ཡིན། ད་རིང་ང་ཚོ་འདི་གར་འདུ་འཛོམས་གནང་དགོས་པའི་གནས་སྟངས་རོབ་ཙམ་༸སྙན་སེང་ཞུ་དགོས་པའི་བཀོད་མངགས་གནང་བ་བཞིན་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན།
ཕྱི་ཟླ་༨ ཚེས ༡༡ སྡེ་དགེ་འདན་མ་རུ་སྡེ་དཔོན་དབང་གྲགས་ལགས་རྒྱ་གཞུང་གིས་མ་ཉེས་ཁ་གཡོག་འོག་འཇུ་བཟུང་བྱས་ཤིང་། ཚེས་ ༡༢ ཉིན་མི་མང་གིས་སྡེ་དཔོན་དབང་གྲགས་གློད་དགོས་པའི་ཞི་འབོད་བྱས་པར་རྒྱ་གཞུང་དྲག་ཆས་དམག་མིས་མི་མང་ལ་མེ་མདའ་གང་བྱུང་བརྒྱབ་སྟེ་ཉུང་མཐར་ཉེས་མེད་མི་མང་བཅུ་གྲངས་ལྷག་རྨས་སྐྱོན་ཚབ་ཆེན་བཟོས་ཡོད་པ་དང་། རྨས་སྐྱོན་བཟོས་པའི་མི་མང་དེ་དག་ཁྲོད་སྡེ་དཔོན་དབང་གྲགས་ཀྱི་ཨ་ཞང་ཚེ་དབང་མགོན་པོ། ལོ་ ༦༠ ཙམ། སྤུན་མཆེད་ཡེ་ཤེས་ལོ་༤༢། མག་པ་སྦྱིན་པ་མཐར་ཕྱིན་ལོ་༡༨ ཡིན་པ་བཅས་ཁོང་གསུམ་ལ་དུས་ཐོག་སྨན་བཅོས་བྱེད་མ་བཅུག་པའི་སྟེང་། རྡུང་རྡེག་མནར་གཅོད་བཏང་སྟེང་བསད་ཡོད་འདུག་ལ། ཕྱི་ཚེས་ ༡༨ ཉིན་ཁོང་ཚོའི་སྐུ་ཕུང་ཁྱིམ་དུ་བསྐྱལ་འདུག་པའི་གནས་ཚུལ་ཁུངས་ལྡན་པར་དང་བཅས་པ་འབྱོར་ཡོད་འདུག འདི་ནི་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ནང་ཉེས་མེད་བོད་མི་དམར་གསོད་བྱས་དང་བྱེད་བཞིན་ཡོད་པའི་དཔེ་མཚོན་ཙམ་ཡིན།
རྒྱ་གཞུང་གིས་ལོ་ཕྱུག་ས་ཁུལ་དྲན་འཁོང་གྲོང་ཚོའི་ཡུལ་མི་ཚོར་ཚོགས་འདུ་བསྡུས་ཏེ། སྡེ་དཔོན་དབང་གྲགས་ལགས་ཀྱིས་སྤྱི་རྒྱུ་ལྐོག་ཟ་བྱས་རྐྱེན་འཛིན་བཟུང་བྱས་པ་ལས། སྡེ་བའི་རྟ་རྒྱུགས་དང་བསང་གསོལ་སོགས་ཀྱི་གནས་ཚུལ་དང་འབྲེལ་བ་མེད་ལུགས་བརྗོད་ཡོད་པ་མ་ཟད། ཡུལ་མི་ཚོས་ཀྱང་གཞན་ལ་དེ་ལྟར་འགྲེལ་བརྗོད་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་ཀྱང་། ཚོགས་འདུའི་ཐོག་བོད་མི་ཁག་ཅིག་མ་གཏོགས་འདུ་འཛོམས་བྱས་མེད་སྟབས། ཡང་བསྐྱར་ཚོགས་འདུ་བསྡུ་རྒྱུ་ཡིན་པས་མི་མང་པོ་ངེས་པར་དུ་མཉམ་ཞུགས་དགོས་པའི་བཙན་བཀའ་བཏང་ཡོད་འདུག་དངོས་ཡོད་གནས་སྟངས་སྡེ་དཔོན་དབང་གྲགས་ལགས་ནི་བོད་མི་རིགས་དང་རིག་གཞུང་བཅས་པར་ཐུགས་འཁུར་ཆེ་བཞེས་གནང་མི་དཔའ་བོ་ཞིག་ཡིན་འདུག་ལས་རྒྱ་གཞུང་གིས་ཧམ་བཤད་ལྟར་རྩ་བ་ནས་མིན་པའི་དངོས་ཡོད་གནས་ཚུལ་མང་དག་འདུག
རྒྱ་གཞུང་གིས་འདན་མ་ཤུག་པ་སྡེ་བའི་ནང་དམག་མི་མང་པོ་འགྲེམས་འཇོག་གིས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། སྡེ་བའི་སྐྱ་སེར་སྐྱེས་པ་ཚང་མ་འཛིན་བཟུང་བྱས་ཏེ་བཙོན་ཁང་དུ་རྡུང་རྡེག་བཏང་ནས་ཉུང་མཐར་བོད་མི་ ༥ འདས་གྲོངས་སུ་གྱུར་ཡོད་པ་ལྟར། རྡུང་རྡེག་མནར་གཅོད་འོག་འདས་གྲོངས་སུ་ཕྱིན་པའི་སྦྱིན་པ་མཐར་ཕྱིན་ལགས་ཀྱི་ཆུང་མས་ཁྱོ་ག་གྲོངས་བའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། རང་གི་སྐེ་ལ་ཐག་པ་བརྒྱབ་ནས་རང་ཤི་བརྒྱབ་ཡོད་པ་དང་། ཁོ་མོའི་མངལ་དུ་ཟླ་ངོ་ ༧ ཙམ་ལོན་པའི་ཕྲུ་གུ་ཞིག་ཀྱང་ཡོད་འདུག གནས་ཚུལ་ཐོན་པར་གཞིགས་ན། རྒྱ་ནག་ཉེན་རྟོག་པས་མི་མང་ནང་གང་བྱུང་མེ་མདའ་རྒྱག་སྐབས་མི་མང་གི་ནང་དུ་ཡོད་པའི་ཉེན་རྟོག་པ་ཞིག་གི་སྐེ་ལ་མེ་མདའ་ཕོག་ནས་འདས་གྲོངས་སུ་གྱུར་ཡོད་ཀྱང་། དེའི་ཐད་རྒྱ་གཞུང་གིས་ས་གནས་སུའང་གསང་རྒྱ་དམ་པོ་བྱེད་བཞིན་ཡོད་འདུག
ད་རིང་ཚོགས་འཁོར་རྒྱས་བཤོམ་དང་བཅས་མཆོད་འབུལ་རྒྱས་པ་ཞིག་གོ་སྒྲིག་ཞུ་ཐུབ་པ་དང་། མི་མང་གང་མང་ཕེབས་པ་བཞིན་ཚང་མས་མཁྱེན་ཆུབ་ལྟར་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཆེན་པོ་ཡོད་པ་དང་། གཞིས་ལུས་རྒྱ་ཆེའི་མི་མང་གི་ལྷག་བསམ་སྙིང་སྟོབས་འགྱུར་བ་མེད་པར་གནས་ཡོད་པ་མ་ཟད། ད་ཕན་མི་གྲངས་ ༡༣༠ བརྒལ་བའི་རང་ལུས་མེར་སྲེག་གིས་རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་དང་། བོད་ཀྱི་རང་དབང་འཐབ་རྩོད་གནང་དང་གནང་བཞིན་ཡོད་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་བཀྲིན་རྗེས་སུ་དྲན་པའི་ཐོག་ནས་ཞིང་གཤེགས་རྣམས་བླ་མེད་རྫོགས་བྱང་མྱུར་དུ་འཐོབ་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྗེས་སུ་འཛིན་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བ།གཞིས་བྱེས་མཉམ་འཛོམས་ཀྱི་བདེ་སྐྱིད་ཉི་མ་མྱུར་དུ་འཆར་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ཆེན་པོ་པོ་ཏཱ་ལའི་གསེར་ཁྲིར་མངའ་གསོལ་ཞུ་ཐུབ་པ་བཅས་ཀྱི་ཐུགས་སྨོན་དྲག་པོ་འཚམས་སྦྱོར་གནང་རོགས་ཞུ་རྒྱུ་ཡིན། ཞེས་དང་།
མི་མང་ཚོགས་གཙོ་མཆོག་ཨི་ཊ་ལིར་ཚོགས་འདུ་ཞིག་ཏུ་ཕེབས་ནས་ད་རིང་འདི་གར་ཕེབས་ཐུབ་མེད་པ་དང་། ཉིན་གུང་གསོལ་ཚིགས་སྟབས་བདེ་ཞིག་གོ་སྒྲིག་ཞུས་ཡོད་པར་སོང་དགྱེས་བཞེས་ཡོང་བ་སོགས་ཞུས། གསོལ་ཇའི་བར་གསེང་སྐབས་མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨོན་མཆོག་ནས། གུས་བསུ་དང་བཅས་ཚང་མའི་ཐུགས་སྨོན་གང་གཟབ་གནང་དགོས་པ་དང་། ལས་འབྲས་ལ་བསླུ་བ་མེད་པར་སོང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་བཅས་བོད་དོན་བདེན་མཐའ་མྱུར་དུ་གསལ་རྒྱུ། ད་རིང་མ་འགྲིག་ལྷུན་འགྲུབ་ཀྱིས་ང་རང་སྒེར་ནས་རྣལ་འབྱོར་མའི་བདག་སྐྱེད་ཞིག་གཏོང་སྐབས་ཀྱང་ཐུགས་སྨོན་ཤུགས་དྲག་གནང་ཡོད་པ་གསུངས། ས་འཐུས་རྡོ་ཆུང་མགོན་པོ་རྣམ་རྒྱལ་ལགས་ནས་ཉིན་དེའི་ཞལ་འདེབས་གནང་མིས་མཚན་ཐོ་གསལ་བསྒྲགས་དང་ཐུགས་རྗེ་ཆེ་ཞུས། ས་འཐུས་སྒོ་སྤེ་ཡོན་ཏན་དང་ས་འཐུས་གང་གཞོན་ཚང་ཀུན་བཟང་ལགས་ནས་དགེ་འདུན་རྣམ་པར་སྐུ་ཡོན་ཕུལ་བ་བཅས་མཇུག་བསྡོམས་ཞུས་པའི་གནས་ཚུལ་སྙིང་བསྡུས་སུ། སྒོ་སྤེ་ཡོན་ཏན།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།