དོལ་ཚོགས་ཀྱི་བྱ་སྤྱོད་དང་སྐུའི་སྲུང་སྐྱོབ།
དེ་རིང་རེས་གཟའ་སྤེན་པའི་ཉིན་གྱི་ཆུ་ཚོད་དང་པོའི་ཐོག་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག སུད་སི་ས་གནས་ཨོར་ལེ་ཁོན་དུ་དོལ་ཚོགས་ཀྱི་བྱ་སྤྱོད་དང་སྐུའི་སྲུང་སྐྱོབ་སྐོར་ཞེས་བརྗོད་གཞིའི་ཐོག་སུད་སི་ནང་བོད་ཀྱི་ཚོགས་སྡེ་ཁག་གི་མཛད་གཙོ་རྣམ་པ་གདན་འདྲེན་ཞུས་ཏེ་བགྲོ་གླེང་ཞིག་གོ་སྒྲིག་གནང་སོང་།
༧གོང་ས་མཆོག་འཆར་ལོའི་ཟླ་གཉིས་པའི་ནང་སུད་སིར་ཆིབས་སྒྱུར་བཀའ་དྲིན་སྐྱོང་འཆར་གྱི་གནས་ཚུལ་དང་སྟབས་བསྟུན། དེ་རིང་ཕྱི་ཚེས་༦ ཉིན་རི་ཁོན་མཁན་རིན་པོ་ཆེ་མཆོག་དང་། ཡུ་རོབ་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས། སུད་སི་ད་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་གངས་གཞོན་ཚང་བློ་བཟང་ལགས། སུད་སི་ནང་བཅའ་བཞུགས་ཡུ་རོབ་སྤྱི་ཟུར་གསང་གླིང་ཚེ་རིང་རྡོ་རྗེ་ལགས་ཀྱི་གཙོས་པའི་སྤྱི་ཟུར་རྣམ་པ། དེ་བཞིན་སུད་སི་ས་གནས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་སྐུ་ཚབ། གཞན་སུད་སི་ནང་གི་ས་གནས་ཆོལ་ཀ་གསུམ་གྱི་ཚོགས་གཙོ་རྣམ་པ། འཛམ་གླིང་བོད་མིའི་བདེན་དོན་དང་བླངས་ལས་འགུལ་ཁང་གི་སྐུ་ཚབ་དང་མི་མང་ལྔ་བཅུ་ཙམ་འདུ་འཛོམས་ཐོག་གོང་འཁོད་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་འདུག་ལ། མི་མང་རྣམས་ཀྱིས་དོལ་ཚོགས་ཀྱི་ད་ལྟའི་བྱ་སྤྱོད་ཀྱིས་བོད་པའི་འཐབ་རྩོད་དང་ཆིག་སྒྲིལ། དེ་བཞིན་༧གོང་ས་མཆོག་གི་སྐུ་ཕྱྭ་བཅས་ལ་ཉེན་ཁ་བཟོ་བཞིན་པའི་ཐད་ངོས་འཛིན་གདོང་ལེན་ཇི་ལྟར་དགོས་མིན་ཐད་དགོངས་ཚུལ་སྣ་ཚོགས་བརྗོད་འདུག་ཅིང་། དོལ་ཚོགས་ཀྱིས་བྱ་སྤྱོད་འདིས་བོད་མི་རིགས་ཀྱི་རྩ་དོན་ལ་རྡོག་རོལ་གཏོང་གིན་འདུག་པ་མ་ཟད། ཁོ་བ་ཚོས་ཆོས་ལུགས་དད་པ་རང་དབང་ལ་ཁ་གཡར་ནས་རྒྱ་གཞུང་གི་བྱེད་བབ་ལས་སྡུག་པའི་བོད་པའི་ཆོས་དང་རིག་གཞུང་། ཆོལ་གསུམ་མཐུན་སྒྲིལ། བོད་མིའི་རྩ་དོན་བཅས་ལ་གནོད་པ་སྐྱེལ་བཞིན་པ་ཟད། བོད་ཕྱི་ནང་གཉིས་ཀྱི་མི་མང་གི་སེམས་ལ་རྨ་ཁ་ཚད་མེད་བཟོ་བཞིན་ཡོད་སྟབས། དོལ་ཚོགས་ཀྱིས་༧གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུགས་ཀྱི་ལས་འགུལ་གང་མགྱོགས་མཚམས་འཇོག་དགོས་སྐོར་མི་མང་ཚོས་བསམ་ཚུལ་གཅིག་མཐུན་གྱིས་བརྗོད་སོང་ལ། འཆར་ལོའི་ནང་༧གོང་ས་མཆོག་སུད་སིར་ཆིབས་སྒྱུར་སྐབས་དོལ་ཚོགས་ཀྱིས་ངོ་རྒོལ་ལས་འགུལ་རྩོམ་འཆར་ལ་ང་ཚོས་གདོང་ལེན་ཇི་ལྟར་དགོས་མིན་དང་། སུད་སི་མི་མང་སྒེར་སོ་སོའི་སྟེང་ནས་འགན་ལེན་ཇི་ལྟར་གནང་ཕྱོགས་བཅས་ཀྱི་ཐད། སྐུ་མགྲོན་དང་མི་མང་རྣམས་ཀྱིས་བསམ་ཚུལ་ལྷུག་བརྗོད་གནང་སོང་།
མཇུག་ཏུ་བཙན་བྱོལ་ནང་བཞུགས་པའི་བོད་པ་ཚོས་ནམ་རྒྱུན་སྐད་འབོད་ཙམ་དང་། ཁྲོམ་སྐོར་ལས་འགུལ་ཙམ་ཁོ་ན་མ་ཡིན་པར་ལག་ལེན་ལ་འཁྱོལ་ཐུབ་ཅིང་དོན་ཕན་ལྡན་པའི་ལས་འགུལ་གཞན་ཇི་ཞིག་སྤེལ་དགོས་མིན་ཐད་སྐུ་མགྲོན་དང་མི་མང་ཚོས་བསམ་ཚུལ་སྣ་ཚོགས་བརྗོད་སོང་བ་བཅས་ཀྱི་གནས་ཚུལ་ཙ་ཡུལ་ཕུན་ཚོགས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།