དྲུག་བཞིའི་དུས་དྲན་ལ་གདུང་སེམས་མཉམ་བསྐྱེད།

ཕྱི་ལོ ༢༠༡༣ ལོའི་ཟླ་༦ ཚེས ༤ ཉིན་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་དྲུག་བཞིའི་དུས་དྲན་ལ་གདུང་སེམས་མཉམ་བསྐྱེད་ཆེད། སུད་སི་ནང་གི་གྲོང་ཁྱེར་ཆེ་ཁག་བཞིའི་ནང་དྲུག་བཞིའི་དོན་རྐྱེན་དང་འབྲེལ་བའི་ཡིག་ཆ་ཁག་དང་།  བོད་གནས་འགྲེལ་བརྗོད་ཀྱི་ཡིག་ཆ་ཁག་འགྲེམས་སྤེལ་གྱི་ལས་འགུལ་ཞིག་སྤེལ་ཡོད་འདུག 

དེ་རིང་ནི་རྒྱ་ནག་པེ་ཅིང་དུ་སློབ་ཕྲུག་སྟོང་ཕྲག་མང་པོ་དམར་གསོད་བྱས་ཏེ་མི་ལོ ༢༤འཁོར་བའི་དུས་དྲན་ཉིན་མོ་ཡིན་པ་དང་། ཉིན་འདིར་རྒྱ་རིགས་གཙོས་པའི་མི་མང་རྣམས་ཀྱིས་འཛམ་གླིང་ས་ཁུལ་གང་སར་དུས་དྲན་སྲུང་བརྩི་དང་། རྒྱ་གཞུང་ལ་ངོ་རྒོལ་བྱེད་ཀྱིན་པའི་ཉིན་མོ་འདིར། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་སུད་སིའི་རྒྱལ་ས་སྦརན་དང་། ཇི་ནེ་ཝི། ལོའུ་ཙན་བཅས་གྲོང་ཁྱེར་བཞིའི་ནང་མི་ཚོགས་འདུས་སྡོད་མང་ས་དང་ཡུལ་སྐོར་བ་མང་སར་དྲུག་བཞིའི་དོན་རྐྱེན་གྱི་བྱུང་རིམ་དང་གནས་སྟངས་སོགས་འགྲེལ་བརྗོད་དང་། བོད་ནང་སྐུ་ལུས་མེར་སྲེག་གནང་མཁན་གྲངས་༡༡༨ བྱུང་བ་དང་། དེ་དག་བྱུང་དགོས་པའི་རྒྱབ་ལྗོངས་འགྲེལ་བརྗོད། རྒྱ་གཞུང་གིས་དམངས་གཙོ་དོན་གཉེར་བ་དང་། ཁྲིམས་རྩོད་པ། རྩོམ་པ་པོ། ཤེས་ཡོན་པ་མང་པོ་བཙོན་འཇུག  རྒྱ་གཞུང་གིས་རྒྱ་རིགས་མི་མང་ས་ཡ་མང་པོར་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་དང་། དེ་བཞིན་གྲངས་ཉུང་མི་རིགས་ཀྱི་རིགས་གཞུང་དང་ཡུལ་སྲོལ་གོམས་གཤིས་རྡོག་རོལ།  འཁོར་ཡུག་གཏོར་བརླག་བཅས་གཏོང་བཞིན་པའི་སྐོར་གྱི་འགྲེལ་བརྗོད་ཡིག་ཆ་སུད་སི་མི་མང་རྣམས་དང་རྒྱ་རིགས་ཡུལ་སྐོར་བ་སོགས་མི་མང་སྟོང་ཕྲག་གསུམ་དང་ལྔ་བརྒྱ་ལྷག་ལ་རྒྱ་ཡིག་དང་། འཇར་མན། ཧྥི་རན་སི། དབྱིན་ཡིག་བཅས་ཀྱི་ནང་བསྒྱུར་ཏེ་འགྲེམས་སྤེལ་གནང་ཡོད་ཅིང་། སུད་སི་ཇི་ནི་ཝིར་བརྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་འཛམ་གླིང་ཚོང་འབྲེལ་སྐུ་ཚབ་ལས་ཁུངས་སོགས་སུ་འགྲེལ་བརྗོད་ཡིག་ཆ་སོགས་ཕུལ་ཡོད་འདུག ལས་འགུལ་འདིར་མཉམ་ཞུགས་གནང་མཁན་བོད་ཀྱི་མི་རབས་གསར་མཐུན་ཚོགས་ཀྱི་ཚོགས་མི་ལྷན་རྒྱས་ཀྱིས་གཙོས། ཡུ་རོབ་གཞོན་ནུ་ལྷན་ཚོགས་ཀྱི་འཐུས་མི་བཅས་མཉམ་ཞུགས་གནང་ཡོད་འདུག 

བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ངོས་ནས་དྲུག་བཞིའི་དུས་དྲན་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་འདི་སྤེལ་དགོས་པའི་རྒྱུ་མཚན་དང་རྒྱབ་ལྗོངས་སྐོར་འགྲེལ་བརྗོད་གནང་དོན།  རྒྱ་ནག་པེ་ཅིང་གི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དམར་གསོད་ཆེན་མོ་དང་། ཡང་ན་དྲུག་བཞིའི་དོན་རྐྱེན་ཞེས་པ་ཕྱི་ལོ༡༩༨༩  ལོའི་ཟླ ༦ ཚེས་༤ ཉིན་རྒྱ་ནག་པེ་ཅིང་གི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱ་རིགས་སློབ་མ་ཁྲི་ཕྲག་ཅིག་གིས་རྒྱ་གཞུང་གི་སྒེར་གཅོད་སྲིད་བྱུས་བསྒྱུར་བཅོས་དང་། དམངས་གཙོ། རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཆེད་ངོ་རྒོལ་སྐད་འབོད་དང་། ཟས་བཅད་ངོ་རྒོལ་སོགས་འཚེ་མེད་ཞི་བའི་ལས་འགུལ་ཉིན་ཤས་རིང་སྤེལ་བར་རྒྱ་གཞུང་གིས་དྲག་དམག་དྲངས་ཏེ་བསྡེབས་གཅིག་ལ་སློབ་ཕྲུག་སྟོང་ཕྲག་གཉིས་ལྷག་དམར་གསོད་གཏོང་བའི་ཉི་མོ་ཡིན་ལ།  ཉིན་མོ་འདིའི་ལས་འགུལ་ལ་འབྲེལ་ཡོད་སློབ་ཕྲུག་དང་དགེ་རྒན། ཤེས་ཡོན་པ། ལས་བཟོ་སྟོང་ཕྲག་མང་པོ་བཙོན་འཇུག་མནར་གཅོད་བཏང་དང་གཏོང་བཞིན་པ་དང་། རྒྱ་རིགས་ས་ཡ་མང་པོའི་རང་དབང་གི་གོ་སྐབས་ཡོངས་སུ་འཕྲོགས་ཏེ་འཛམ་གླིང་ཡུལ་གྲུ་གང་སར་སྐྱབས་བཅོལ་དུ་ཕྱིན་ཡོད་པ། ད་ལྟའང་རྒྱ་ནག་ནང་གནས་ཚུལ་དེ་འབྲེལ་གྱིས་དམངས་གཙོ་དང་རང་དབང་གི་ཆེད་དུ་ཤེས་ཡོན་པ་དང་། རྩོམ་པ་པོ། རྒྱུ་རྩལ་བ། ཁྲིམས་རྩོད་པ་སོགས་ལ་དྲག་གནོན་དང་བཙོན་འཇུག་ཁྲིམས་ཐག་གཅོད་བཞིན་ཡོད་ པ་མ་ཟད། རྒྱ་རིགས་མི་སེར་ས་ཡ་མང་པོས་དམར་གཞུང་གི་དྲག་པོའི་གདུག་རྩུབ་གྱི་སྲིད་བྱུས་འོག་དཀའ་ངལ་མྱོང་བཞིན་པ་ཡིན་སྟབས།  ང་ཚོས་བོད་པ་ཚོས་བདེན་པའི་འཐབ་རྩོད་བྱེད་ཀྱིན་ཡོད་པ་དང་ཚེ་མེད་ཞི་བའི་ལྟ་གྲུབ་ལ་ཡིད་ཆེས་བློ་འགེལ་བྱེད་མཁན་ཞིག་དང་།  ལྷག་པར་དུ་ང་ཚོས་འཛམ་གླིང་མི་མང་སྤྱི་དང་རྒྱ་རིགས་མི་མང་ལ་རེ་སྐུལ་ཞུས་ཏེ་བོད་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་རབས་དང་རིམ་པ་སྤེལ་བཞིན་པའི་དུས་སྐབས་འདིར། ང་ཚོས་ཀྱང་ངེས་པར་དུ་མི་རིགས་གཞན་དང་ལུང་པ་གཞན་གྱི་ནང་འཚེ་མེད་ཞི་བ་དང་། རང་དབང་། དམངས་གཙོ་བཅས་ཀྱི་ཆེད་དུ་ད་ལྟའི་བོད་པའི་དཀའ་སྡུག་དང་གཅིག་མཚུངས་ལྟར་གདུག་རྩུབ་དྲག་གནོན་གྱི་སྲིད་བྱུས་འོག་མནར་གཅོད་མྱོང་བཞིན་པར་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ནི་ང་ཚོའི་འཐབ་རྩོད་འདི་བདེན་པའི་འཐབ་རྩོད་ཅིག་ཡིན་པའི་དཔང་རྟགས་ངོ་མ་ཞིག་ཏུ་འགྱུར་རྒྱུ་དང་། བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་རྒྱ་བསྐྱེད་གཏོང་སྟངས་གལ་ཆེན་ཞིག་ཡིན་སྟབས། དེ་རིང་རྒྱ་རིགས་ས་ཡ་མང་པོས་དྲུག་བཞིའི་དུས་དྲན་ཐེངས་༢༤  སྲུང་བརྩི་བྱེད་ཀྱིན་པའི་སྐབས་འདི་དང་བསྟུན་ནས། དྲུག་བཞིའི་དོན་རྐྱེན་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་འདི་སྤེལ་དགོས་བྱུང་བ་ཡིན།  ཞེས་སོགས་གསུངས་སོང་། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 9 སྡོམས་རོགས།