བཀའ་གདམས་གསར་མའི་སྟི་གནས་སུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ།

༢༠༡༦་ ལོའི་ཟླ་ ༡ ཚེས་ ༣༡ རེས་གཟའ་ཉི་མའི་ཕྱིར་དྲོར་དབྱིན་ཇིའི་བྷརིསཊོན་གལོསེསཊེར་ལམ་དུ་གནས་པའི་ཨམི་ཏཱབྷ་བཀའ་གདམས་གསར་མའི་སྟི་གནས་ཞེས་པའི་ཕྱི་ལོགས་སུ་བཀའ་གདམས་གསར་མའི་དེ་སྔའི་ཚོགས་མི་ཁག་ཅིག་དང་བོད་མི་ཁག་ཅིག་བཅས་ཁྱོན་མི་གྲངས་༢༥་ཙམ་གྱིས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ། 

ལས་འགུལ་དེ་ནི་བཀའ་གདམས་གསར་མ་ཞེས་པའི་ཚོགས་མི་དག་གིས་འཛམ་གླིང་ཁྱོན་ཡོངས་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དམའ་འབེབས་ཀྱི་ལས་འགུལ་སྣ་ཚོགས་སྤེལ་བཞིན་པར་ངོ་རྒོལ་བྱེད་ཆེད་དུ་རེད།བཀའ་གདམས་གསར་མ་ཞེས་པའི་ཚོགས་པ་འདིས་༧གོང་ས་མཆོག་གི་མཚན་སྙན་གཅོག་ཐབས་དང་དམའ་འབེབས་བྱེད་ཆེད་དུ་ཡིན་པར་ཡོངས་གྲགས་སུ་སྒྲོག་བཞིན་ཡོད། འདས་པའི་ལོ་གཉིས་ཙམ་ནས་བཀའ་གདམས་གསར་མ་ཞེས་པའི་ཚོགས་མི་དག་གིས་རྒྱལ་སྤྱིའི་ཤུགས་ལྡན་འདུས་ཚོགས་(International Shugden Conmunity) ཞེས་པའི་མིང་གི་འོག་ནས་༧གོང་ས་མཆོག་གི་གསུང་ཆོས་དང་གསུང་བཤད་གང་དུ་ཡོད་སར་བར་ཆད་གཏོང་ཕྱིར་ཚད་ལས་བརྒལ་བའི་འུར་སྒྲ་སྒྲོག་པ་དང་། ཁོང་ཁྲོ་སློང་བའི་སྐད་འབོད། ཡིད་སེམས་དཀྲུགས་པའི་འདོན་དབྱངས་གྱེར་བ་སོགས་བྱས་ཡོད། ཁོ་ཚོས་རྒྱང་སྒྲོག་ཆེན་པོ་བེད་སྤྱད་ནས་རྔ་རྡུང་བ། གླང་ར་འབུད་པ། དམའ་འབེབས་ཀྱི་ཚིག་བཅད་དེ་འདྲ་སྐྱོར་ནས་ད་ལྟའི་དུས་ཀྱི་འཛམ་གླིང་ན་སྐུ་འཚོ་ཞིང་བཞུགས་པའི་ནང་བའི་བླ་མ་ཆེས་སྙན་པར་གྲགས་པ་༧གང་ཉིད་ཀྱི་རྗེས་འཇུག་པ་དག་གིས་གང་ཉིད་ཀྱི་དྲུང་ནས་ཞི་བའི་ལམ་ནས་གསུང་ཆོས་དང་བཀའ་སློབ་ཞུ་སྐབས་རྣ་བར་གཅོད་དང་སེམས་ལ་ན་ཚ་སྤྲད་ཡོད།

ལས་འགུལ་དེའི་སྐབས་སུ་གོ་སྒྲིག་པ་ཤེས་རབ་རྒྱལ་མཚན་ལགས་ཀྱིས་མང་ཚོགས་ལ་བཀའ་གདམས་གསར་མ་(NKT) ཞེས་པ་དང་འབྲེལ་བ་བྱེད་པའི་ཚེ་བརྟག་དཔྱད་ནན་ཏན་བྱེད་དགོས་པའི་རེ་སྐུལ་ཞུས། ལྕམ་ལིན་ཌ་སིར་དེ་ལོ་ Linda Ciardiello ཞེས་པས་དེ་སྔའི་ཚོགས་མི་དག་གིས་ཚོགས་པ་དེར་གནས་པའི་སྐབས་སུ་མྱང་བའི་དངོས་བྱུང་ལོ་རྒྱུས་ཏེ། ཚོགས་པའི་ནང་དུ་ཚོགས་མི་སྒེར་གྱི་བདེ་དོན་སྣང་མེད་གཏོང་གི་ཡོད་པ་དང་། དེའི་སྐབས་སུ་ཚོགས་མི་དེ་དག་ལ་སྤྲད་པའི་ཆོས་སེམས་ཀྱི་དཀའ་ངལ།སེམས་ཁམས་ཀྱི་དཀའ་ངལ། ལུས་པོ་དང་འདོད་གཡེམ་མྱང་བའི་དཀའ་ངལ། བཤུ་བཞོགས་ཀྱི་དཀའ་ངལ་སོགས་དཀའ་ངལ་སྣ་ཚོགས་མྱང་རབས་ཀྱི་དངོས་བྱུང་ལོ་རྒྱུས་རྣམས་བཀླགས། དེ་བཞིན་ཁོ་མོས་ཉེ་ཆེ་རུཊར་གསར་ཁང་གིས་སྤེལ་བའི་གནས་ཚུལ་ཏེ། བཀའ་གདམས་གསར་མ་ཞེས་པ་འདིས་རྒྱ་ནག་དམར་ཤོག་ཚོགས་པ་ནས་རོགས་རམ་བླངས་བའི་གནས་ཚུལ་ཡང་བསྒྲགས།བླ་མ་བློ་བཟང་གིས་བཀའ་གདམས་གསར་མའི་ནང་གི་དགེ་རྒན་དག་ལ་༧གོང་ས་ལ་མཆོག་གཞི་མེད་སྐྱོན་བརྗོད་བྱེད་འཚམས་འཇོག་པའི་འབོད་སྐུལ་ཞུས། ད་དུང་དེའི་སྐབས་སུ་བཀའ་གདམས་གསར་མའི་སྐོར་གྱི་གནས་ཚུལ་ལྟེབ་ཤོག་གྲངས་༡༠༠༠་ཙམ་ཉེ་སྐོར་གྱི་མང་ཚོགས་ལ་སྒོར་ཤེར་བྱས་ནས་བཀྲམས་པ་དང་ལམ་འགྲོ་བ་དག་ལ་ཡང་བཀྲམས། དེ་སྐབས་ལམ་འགྲོ་བ་དག་གིས་ཞོན་འཁོར་གྱི་དུང་བརྡ་བཏང་ནས་རྒྱབ་སྐྱོར་གྱི་རྣམ་པ་བསྟན་པ་མ་ཟད། ལས་འགུལ་བ་དག་ལ་སྐོམ་ཆུ་སོགས་ཕུལ་ནས་རྒྱབ་སྐྱོར་གྱི་རྣམ་འགྱུར་གང་ལེགས་བསྟན།ལས་འགུལ་དེའི་སྔ་ཉིན་བྷརིསི་ཊོལ་ཕོསིཊ་(Bristol Post) གསར་ཁང་གིས་ལས་འགུལ་དེ་འདྲ་སྤེལ་དགོས་པའི་རྒྱུ་མཚན་གྱི་སྐོར་ལ་རྩོམ་ཡིག་གལ་ཆེན་སྤེལ་བ་མ་ཟད། སྐུ་ཞབས་མཁྱེན་རབ་རྒྱལ་མཚན་གྱི་འདྲ་དཔར་དང་ལྷན་དུ་ཁོང་ལ་བཅར་འདྲི་བྱས་པ་དཔར་སྤེལ་བྱས་ཡོད་པ་མ་ཟད། གཟའ་ཉི་མའི་ལས་འགུལ་དངོས་ཀྱི་སྐབས་སུ་ལས་འགུལ་རྒྱང་སྲིང་བྱེད་ཆེད་དུ་གསར་འགོད་པ་དང་དཔར་འདེབས་པ་ཆེད་གཏོང་བྱས་ཡོད།མཚན་སྨྲོས་འདོད་མེད་པའི་ལས་འགུལ་ལ་ཞུགས་མཁན་ཞིག་གིས་བོད་མི་ཞིག་ལ་བཤད་དོནཿསྔོན་མ་བྷརིསཊོན་ཁུལ་དུ་ཨ་མི་ཏཱ་བྷ་བཀའ་གདམས་གསར་མའི་ཆོས་ཚོགས་ས་ཁུལ་འདིར་བཙུགས་པའི་རྐྱེན་གྱིས་ཁོ་རང་ས་གནས་གཞན་དུ་གནས་སྤོར་དུ་མ་འགྲོ་ཐབས་མེད་དུ་གྱུར་སོང་ཟེར། འགྲོ་དགོས་པའི་རྒྱུ་མཚན་ནི་དེའི་སྐབས་སུ་དུས་རྒྱུན་དང་མ་འདྲ་བའི་རྨི་ལམ་ངན་པ་གདོན་འདྲེས་ཟ་བར་ཡོང་བ་རྨིས་པ་མ་ཟད། སང་ཞོགས་ཡར་ལངས་བའི་སྐབས་སུ་ལུས་པོའི་ཐོག་ལ་བྲད་པའི་ཤུལ་ཡང་མཐོང་རྒྱུ་ཡོད་པ་དེ་འདྲ་བྱུང་སོང་ཟེར།

ལོ་རྒྱུས་འདིས་བླ་མ་བློ་བཟང་གིས་༧གོང་ས་མཆོག་གི་བཀའ་སློབ་ལ་གསན་རྒྱུ་གལ་ཆེན་ཡིན་པའི་རྒྱུ་མཚན་དུ་དྲངས་བའི་ཤུགས་ལྡན་ཚོགས་པས་རྩ་ཆེར་རྩི་བའི་སྲུང་མ་དེ་འཇིག་རྟེན་པའི་དྲེགས་པ་བོད་པའི་སྤྱི་ཚོགས་དཀྲུགས་ཤིང་བྱེད་མཁན་དང་ཆོས་ལུགས་ནང་ཁུལ་དམ་ཚིག་མི་གཙང་བ་བྱེད་མཁན་དང་། སྡང་ཟུག་དང་དབྱེན་སྦྱོར་གྱི་རང་བཞིན་ཅན་ཞིག་ཡིན་པར་གསུང་བ་དེའི་བདེན་དཔང་དུ་གྱུར་ཡོད།ལས་འགུལ་གྱི་མཇུག་ཏུ་ཨ་མི་ཏཱ་བྷ་བཀའ་གདམས་གསར་མའི་ཆོས་ཚོགས་ཀྱི་སྒོ་ནང་དུ་སྐལ་བཟང་ཆོས་ལྡན་(Nick Baylis) ཞེས་པའི་མིང་འཁོད་ཡི་གེ་ཞིག་ཕུལ། ཡི་གེའི་ནང་དུ་བཀའ་གདམས་གསར་མའི་ཚོགས་པར་༧གོང་ས་མཆོག་ལ་གཞི་མེད་སྙོན་འཛུགས་དང་བོད་མི་དག་གི་སེམས་ཁ་མི་དཀྲུགས་པའི་རེ་སྐུལ་འཁོད་པའི་ཡི་གེ་ཞིག་སྤྲད་ཡོད། ཡི་གེ་དེ་ཚོགས་པའི་ནང་དུ་གནས་སྡོད་བཙུན་མ་ཞིག་གིས་བླངས་སོང་།       གསར་མགོད་བཀྲ་ཤིས་རྣམ་རྒྱལ་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 1 སྡོམས་རོགས།