བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༦༣ འཁོར་བའི་དུས་དྲན་སྲུང་བརྩི་གནང་།

དེ་ཡང་ཕྱི་ལོ་༢༠༢༣ ཟླ་ ༩ ཚེས་ ༢ རེས་གཟའ་སྤེན་པའི་ཉིན་རྒྱབ་སུད་སི་རི་ཀོན་གྲོང་སྡེ་སློབ་གྲྭའི་ཚོགས་ཁང་ནང་་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༦༣ འཁོར་བའི་དུས་དྲན་སྲུང་བརྩི་གནང་ཞིང་། ཐོག་མར་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་དང་། རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨོན་ལགས་དང་དགེ་འདུན་པ་ཪྣམ་པ། བོད་ཀྱི་དོན་ཁང་ནས་སྐུ་ཚབ་ཏུ་ཕེབས་པ་བསྟན་འཛིན་ཆོས་བཟང་ལགས། སྤྱི་ཟུར་ཪྣམ་པ།  ཡུ་རོབ་གཞོན་ནུའི་མཐུན་ཚོགས་དང་། སུད་སི་བོད་ཀྱི་བུད་མེད་ཚོགས་པ། སུད་བོད་མཐུན་གྲོགས་ཚོགས་པ་སོགས་ཀྱི་ལས་སྣེ་རྣམས་ནས་རང་ཅག་ཁ་བ་རི་པའི་སྐྱེ་འགྲོ་ཡོངས་ཀྱི་བླ་ན་མེད་པའི་དབུ་འཁྲིད། འཇིག་རྟེན་ཞི་བདེ་དེད་དཔོན་ཆེན་པོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་ཚོགས་ཁང་བཞུགས་ཁྲིར་སྤོས་སྣེ་སྤྱན་འདྲེན་ཞུས་ཪྗེས་ཪྟེན་གསུམ་འདེགས་འབུལ་ཞུས། ཚོགས་ཞུགས་ཡོངས་ནས་ཞལ་འདོན་རྒྱུན་ཆགས་གསུམ་པ་དང་༧རྒྱལ་བའི་ཞབས་བརྟན། བདེན་ཚིག་སྨོན་ལམ་བཅས་འུར་འདོན་ཐོག་འབྲས་སིལ་གསོལ་ཇ་འདེགས་འབུལ་གནང་།

མི་མང་ཟློས་གར་ནས་རོལ་དབྱངས་སྙན་འཇེབས་ལྡན་པའི་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་མང་གཙོའི་གསར་གཞས་ཀྱི་གླུ། བཀྲ་ཤིས་ཞོལ་པ་བཅས་གཟིགས་འབུལ་གནང་། བོད་མི་རིགས་ཀྱི་ཆེད་དུ་ཞིང་གཤེགས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་གུས་བཏུད་སྐར་མ་གཅིག་གནང་།

བོད་རིགས་མི་མང་གི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་ནས་དུས་སྟོན་གྱི་འཚམས་འདྲི་གསུང་བཤད་ནང་། ༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་མང་གཙོའི་ཀ་བ་གསུམ་ལྡན་གྱི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། མི་མང་ཪྣམས་ནས་རང་དབང་མང་གཙོའི་ལམ་ལུགས་ཁེ་དབང་ལོངས་སུ་སྤྱོད་བཞིན་ཚགས་ཚུད་གང་ལེགས་ཡོད་ཅིང་། དེ་ལྟར་ཡང་མང་གཙོའི་ལམ་ལུགས་སྲ་བརྟན་གོང་མཐོར་གཏོང་ཕྱིར་ལམ་ལུགས་འདིའི་ནང་མི་རེ་ངོ་རེར་འགན་འཁྲི་ཞིག་ཀྱང་ཡོད་པ་དེ་ཡང་ངེས་པར་དུ་བསམ་ཤེས་གནང་དགོས། ཞེས་དང་།
ད་རེས་བོད་རིགས་མི་མང་སྐབས་༡༨ དུས་ཡུན་ལོ་འདི་མཐའ་མ་འཁེལ་བར་བརྟེན་འཐུས་མི་ཚང་མར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་མི་མང་རྣམ་པ་ལྷན་རྒྱས་ལ་ང་ཚོར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་། ཡང་སྒོས་དྲ་རྒྱའི་ཐོག་ཉེ་སྔོན་༧གོང་ས་མཆོག་ལ་མཚན་སྨད་ཞུ་བའི་བྱ་སྤྱོད་ལ་ཛུ་རིག་ནང་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་གནང་བ་དེའི་ཐོག་མི་མང་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་སྟེ་མི་གྲངས་༢༥༠༠ ལྷག་ཙམ་ཕེབས་ཡོད། གྲངས་འབོར་དེ་ནི་ད་བར་གཞི་རྒྱ་ཆེ་བའི་ང་ཚོའི་མི་མང་གི་ལས་འགུལ་ཞིག་ཏུ་གྱུར་ཡོད་ཅེས་དང་།

དེ་སྔ་ ༡༩༦༠ སྐབས་རྒྱ་གར་ནང་༧གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་བསྩལ་གནང་ཇི་ལྟར་བོད་མི་རྣམས་རྒྱ་གར་ཡུལ་ལུང་གི་སྐད་རིགས་སམ་དབྱིན་སྐད་ལ་སོགས་སྦྱངས་པ་གང་ཡང་མེད་ནའང་།  སྤྱི་སེམས་དང་སོ་སོའི་ལུང་པར་འཛིན་པའི་སེམས་ཤུགས་ལ་བརྟེན་འཐབ་རྩོད་ཤར་བསྐྱོད་གནང་སྟེ་ད་ལྟའི་གནས་སྟངས་དེ་བཞིན་བསྒྲུབས་ཡོད་ཅིང་།  འདི་ག་སུད་སིར་ཡང་དེ་སྔ་སྐུ་བགྲེས་པ་རྣམས་ཀྱི་སེམས་ཤུགས་དང་ནུས་པ་གཅིག་སྤུངས་ཀྱིས་ང་ཚོའི་བོད་རིགས་མི་མང་གི་སྒྲིག་འཛུགས་འདི་བསྐྲུན་ཡོད། སླེབས་ལ་ཉེ་བའི་སྐབས་ ༡༩ པའི་འཐུས་མི་འོས་འདེམས་སྐབས་དེང་དུས་ཀྱི་ཤེས་ཡོན་དང་ལྡན་པ་ལོ་གཞོན་ཪྣམས་ནས་དང་ཐོག་༧གོང་ས་མཆོག་གི་བཀའ་དྲིན་དང་། སུད་སི་གཞུང་གི་བཀའ་དྲིན། རང་ཉིད་ཕ་མ་རྣམས་ཀྱི་བཀའ་དྲིན་སྙིང་བཅངས་ཀྱིས་འཐུས་མིའི་འོས་མིར་ངེས་པར་དུ་མཉམ་ཞུགས་གནང་དགོས་ཞེས་དང་།

བོད་པའི་བདེན་མཐའ་གསལ་བའི་འཐབ་རྩོད་འདི་ཡང་བོད་མི་རང་ཉིད་ཀྱིས་འཐབ་རྩོད་མ་བྱས་ན་རྒྱ་དམར་གུང་བྲན་གྱིས་ང་ཚོར་སྒུག་སྡོད་མི་བྱེད་ཅིང་། དེ་ལས་ལྡོག་སྟེ་རྒྱ་ནག་གཞུང་གི་དྲག་རྩུབ་ཀྱི་དབང་ཐང་ཉིན་རེ་བཞིན་ཇེ་ཆེར་འགྲོ་ངེས་ཞེས་དང་། ང་ཚོའི་བོད་རིགས་མི་མང་གི་སྒྲིག་འཛུགས་ནང་བོད་མི་ན་གཞོན་རྒན་གསུམ་གྱི་ནུས་པ་གཅིག་ཏུ་བསྒྲིལ་དགོས་ཏེ། ས་གནས་ཚོགས་ཆུང་ཁག་ནང་ཚོགས་འདུ་འཚོག་སྐབས་ཚོགས་མི་གང་མང་མཉམ་ཞུགས་གནང་དགོས་ཞེས་སོགས་གསུངས།
སྐུ་ངོ་དོན་གཅོད་ཀྱི་སྐུ་ཚབ་ཏུ་ཕེབས་བཅར་བསྟན་འཛིན་ཆོས་བཟང་ལགས་ནས་མང་གཙོ་དུས་དྲན་གྱི་བཀའ་ཤག་གི་གསུང་འཕྲིན་ལྗགས་ཀློག་གནང་བ་དང་། གསུང་འཕྲིན་དེ་ཉིད་མི་མང་ནས་དོ་སྣང་གནང་སྟེ་ངེས་པར་བཀླག་དགོས་སྐོར་གསུངས།

རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་ནས་གསུངས་དོན། བཙན་བྱོལ་བོད་མིར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་མང་གཙོའི་ལམ་ལུགས་དེ་བཞིན་གསོལ་བསྩལ་གནང་བ་ལ་བརྟེན་མཚམས་རེར་བོད་མི་རྣམས་ནས་མང་གཙོའི་ངོ་བོའམ་རིན་ཐང་ཇི་ཡིན་གསལ་པོར་རྟོགས་ཡོད་མེད་ཀྱི་ཐེ་ཚོམ་འདུག་ཅེས་དང་། མི་མང་ནས་སོ་སོ་རང་ཉིད་ཀྱི་མི་རིགས་དང་རྒྱལ་ཁབ་ལ་ཤ་ཞེན་དང་གཅིག་ཕན་གཅིག་གྲོགས། ཡ་རབས་བཟང་སྤྱོད་དེ་དག་བསླབ་དགོས་པ་ལས་རང་བཞིན་གྱི་གོང་འཕེལ་འགྲོ་མི་སྲིད་པས། ཐུགས་འགན་བཞེས་མཁན་མཛད་གཙོ་རྣམ་པས་དེ་སྐོར་གྲོས་བསྡུར་དང་ཕྱི་ནང་གི་མཁས་དབང་གདན་ཞུས་ཀྱིས་བཀའ་སློབ་ལམ་སྟོན་གང་དགའ་ཇི་ལེགས་གནང་བའི་འབོད་བསྐུལ་ཞུ་ཞེས་དང་། རི་ཀོན་ཆོས་འཁོར་དགོན་ནང་མི་མང་ཚོགས་པ་ཁག་དང་།  ཆོས་རྒྱུད་ཁག་སོགས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཞབས་རིམ་བསྒྲུབ་རྒྱུས་མཚོན་བོད་ཀྱི་བདེན་མཐའ་གང་མྱུར་གསལ་བར་སྤྱི་པའི་བསོད་ནམས་ཀྱི་ཚོགས་གསོག་དགོས་པའི་ཞབས་རིམ་བསྒྲུབ་པ་ཇེ་མང་དུ་འགྲོ་བཞིན་པ་དེ་དག་ནི་ལེགས་པའི་རྟགས་མཚན་ཞིག་ཡིན་ཞེས་སོགས་གསུངས།
མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨོན་མཆོག་༢༠༡༡ ཟླ་ ༣ པར་རི་ཀོན་ཆོས་འཁོར་དགོན་གྱི་མཁན་པོ་ཁྲི་ཐོག་ལྔ་པར་བསྐོ་གཞག་བསྩལ་གནང་གིས་ད་བར་ལོ་ངོ་བཅུ་གཉིས་རིང་གི་མཛད་འགན་བཞེས་ཐོག་ད་ཆ་རྒྱ་གར་དུ་ཕྱིར་ཕེབས་གནང་རྒྱུར་གཏན་འཁེལ་ལ་སོང་། མཛད་སྒོའི་ཐོག་བོད་རིགས་མི་མང་ཚོགས་གཙོ་ནས་མཁན་རིན་པོ་ཆེ་མཆོག་ལ་ཐུགས་རྗེ་ལེགས་འབུལ་མཇལ་དར་ཕྱག་རྟགས་འབུལ་བ་གནང་།

ཚོགས་གཞོན་བསྟན་འཛིན་དབང་འདུས་ལགས་ཀྱིས་སུད་སི་དང་། ལིག་ཏེན་སི་ཊཡན་བོད་རིགས་མི་མང་གི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་གནང་བ་དང་། མུ་མཐུད་ཟློས་གར་སྤྱི་ཁྱབ་འགན་འཛིན་དང་། དངས་བླངས་དཔྱ་ཁྲལ་འགན་འཛིན། བོད་སློབ་སྤྱི་ཁྱབ་འགན་འཛིན། རྩིས་པ། ཕྱི་འབྲེལ་བ། ཡུ་རོབ་གཞོན་ནུ་མཐུན་ཚོགས། སུད་སི་བོད་ཀྱི་བུད་མེད་ཚོགས་པ་བཅས་ནས་རིམ་པས་ཁུངས་སོ་སོའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་གནང་། དེ་རྗེས་དབུས་གཙང་ཆོལ་ཁ་དང་། མི་མང་ཟློས་གར། མདོ་སྨད་ཆོལ་ཁ་བཅས་ནས་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་གནང་།
དགོང་དྲོའི་གསོལ་ཚིགས་རྗེས་དྲི་བ་་དྲི་ལན་གྱི་ལས་རིམ་ནང་མི་མང་ནས་སོ་སོའི་བསམ་ཚུལ་དང་དྲི་བ་ཕུལ་བར་མཛད་གཙོ་རྣམ་པས་ལན་འདེབས་གསལ་བར་གནང་། དེ་རྗེས་མི་མང་རྣམས་སྒོར་གཞས་འཁྲབ་རོལ་བ་བཅས་མཛད་རིམ་རྒྱལ་ཁའི་ངང་མཇུག་བསྒྲིལ་པ་བཅས།།

གསར་འགོད་པ་རྡེའུ་མཁར་བློ་བསྟན།
དཔར་པ་བཀྲ་ཤིས་རྣམ་རྒྱལ།

བརྙན་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 1 སྡོམས་རོགས།