བཙན་བྱོལ་བོད་མིའི་མང་གཙོའི་དུས་དྲན་ཐེངས་ ༥༦ པ་སྲུང་བརྩི་གཟབ་རྒྱས་ཞུས་པ།

༄༅། བོད་རྒྱལ་ལོ་  ༢༡༤༣ རབ་གནས་མེ་སྤྲེལ་ཆུ་སྟོད་ཟླ་བའི་ཚེས་ ༢༥  དང། ཕྱི་ལོ་ ༢༠༡༦  ཟླ་  ༨  ཚེས་  ༢༧  རེས་གཟའ་སྤེན་པའི་ཉིན་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་  ༥༦  འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་པ།

དེ་ཡང་ས་གནས་ཝེ་དནསེ་ཝིལ་གྷེལར་ནིཤཱ་རིག་གཞུང་ཚོགས་ཁང་དུ་ཕྱེད་ཡོལ་ཕྱག་ཚོད་ ༡།༡༥ ཐོག་མཛད་སྒོ་དབུ་འཛུགས་ཀྱིས་སྐུ་མགྲོན་རྣམ་པའི་དབུས་བོད་རིགས་སྤུན་ཟླ་མི་མང་ ༣༠༠ སྐོར་ནས་ཁ་པ་རི་པའི་སྐྱེ་འགྲོ་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་།  འཇིག་རྟེན་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་གདུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་ཚོགས་ཁང་བཞུགས་ཁྲིར་གདན་འདྲེན་ཞུས།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འགེགས་མཚན་མ་མཐའ་དག་མྱུར་དུ་ཞི་ནས་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང།  ཐུགས་ཀྱི་བཞེད་པ་མཐའ་དག་འབད་མེད་ལྷུན་གྱིས་གྲུབ་པ་བཅས་མགྲོན་གཙོ་རྣམ་པ་དང།   མི་མང་ཚོགས་གཙོ་མཆོག་བཅས་ནས་དཀར་གཙང་མཇལ་དར་སྒྲོན་འབུལ་ཞུས།མི་མང་ཟློས་གར་འགོ་ཁྲིད་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་མཚམས།  བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་བོད་མི་དཔའ་བོ་དཔའ་མོ་གྲངས་   ༡༤༣  སྐུ་ལུས་བཞུགས་འབུལ་གནང་མཁན་རྣམས་ལ་རྗེས་དྲན་གྱིས་གུས་འདུད་མྱ་ངན་ངག་བཅད་སྐར་མ་གཅིག་ཞུས།   དེ་ནས་མཁན་བླ་དགེ་འདུན་རྣམ་པའི་དབུས་མང་ཚོགས་ནས་༸རྒྱལ་བའི་ཞབས་བརྟན་དང་བདེན་ཚིག་སྨོན་ལམ་གསུང་འདོན་ངང་གསོལ་ཇ་འབྲས་སིལ་འདེགས་འབུལ་དང་སྦྲགས་མི་མང་ཟློས་གར་ནས་བཀྲ་ཤིས་ཞོལ་པ་གཟིགས་འབུལ་ཞུས།   དེ་རྗེས་མི་མང་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ནས་དུས་ཆེན་དང་འབྲེལ་བའི་འཚམས་འདྲིའི་གསུང་བཤད་གནང་དོན།   བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་མི་ལོ་  ༥༦  ཧྲིལ་པོ་འདས་ཟིན་པ་རེད།   ཕྱོགས་གཅིག་ནས་རང་ཡུལ་བཞག་ནས་མི་ཡུལ་དུ་འགྱར་ཡོད་ཀྱང་ད་དུང་བོད་དོན་བདེན་མཐའ་གསལ་མེད་པ་ནི་བློ་ཕམ་གྱི་གནས་ཚུལ་རེད།   ཡང་ཕྱོགས་གཞན་ནས་བསམ་བློ་བཏང་ན་མི་ཡུལ་དུ་མི་ལོ་  ༥༦  སོང་པའི་རྗེས་ལའང་རང་རེའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་།བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཡང་དག་པའི་མང་གཙོའི་ལམ་ལུགས་སུ་སྐྱོད་བཞིན་པ་དེ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཁོ་ན་ལ་བརྟེན་བྱུང་པ་དེ་དག་སྨོས་མི་དགོས་སོགས་གསུངས།

དེ་བཞིན་སྐུ་ཚབ་དོན་གཅོད་སྐོུ་དངོས་གྲུབ་རྡོ་རྗེ་ལགས་དང། རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དགེ་བཤེས་ཐུབ་བསྟན་ལེགས་སྨོན་ལགས།   ཡུ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་བཅས་ནས་གཅིག་མཇུག་གཉིས་མཐུད་ཀྱི་དུས་དྲན་གྱི་རྒྱབ་ལྗོངས་འབྱུང་སྟངས་སྐོར་དང།   ད་ལྟའི་མང་གཙོའི་གནས་བབ་དང་སྒྲིག་འཛུགས་བཅས་དང་འབྲེལ་བའི་གསུང་བཤད་གནང་།

ལོ་འཁོར་ལས་བསྡོམས་༸སྙན་སྒྲོན་ཞུས་པ། 

བོད་རིགས་མི་མང་གི་ཚོགས་གཞོན་བླ་རྙིང་པདྨ་ཚེ་རིང་ལགས་ནས་མི་མང་གི་ལས་བསྡོམས་ཡིག་ཐོག་སྙན་སྒྲོན་གསལ་བཤད་གནང་པ་དང་ཆབས་ཅིག་མི་མང་གི་རྩིས་ཁྲ།   ཟློས་གར་དང།  བོད་སློབ། གསར་འཕྲིན་དྲ་རྒྱ།དྭང་བླངས་དཔྱ་ཁྲལ་བཅས་ཁྱབ་ཁུངས་སོ་སོའི་འགན་འཛིན་རྣམ་པས་ལས་བསྡོམས་སྒྲོགས་བྱང་གནང། དེ་རྗེས་རིམ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས།   སུད་སི་བོད་ཀྱི་བུད་མེད་ཚོགས་པ།  སུད་བོད་མཐུན་གྲོགས་ཚོགས་པ་བཅས་ཀྱི་ལས་སྣེ་བའི་སྐུ་ཚབ་རྣམ་པས་ཁུངས་སོ་སོའི་ལས་བསྡོམས་སྙན་སྒྲོན་གནང།

ཉིན་རྒྱབ་ཕྱག་ཚོད་  ༡༥།༥༠  ཐོག་སྤྱི་སྨན་དགོངས་འཆར་དང།   དྲི་བ་དྲི་ལན་གྱི་ལས་རིམ་འགོ་འཛུགས་ཞུས།ད་ལན་བཀའ་འདྲི་ཞུ་ཡུལ་ནི། རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དགེ་བཤེས་ཐུབ་བསྟན་ལེགས་སྨོན་ལགས།ཡུ་རོབ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་བསམ་མདོ་བྱམས་པ་ལགས། སྐུ་ཚབ་དོན་གཅོད་སྐོུ་དངོས་གྲུབ་རྡོ་རྗེ་ལགས།མི་མང་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས། མི་མང་ཚོགས་གཞོན་བླ་རྙིང་པདྨ་ཚེ་རིང་ལགས།མི་མང་རྩིས་པ་ཟླ་བ་ནོར་བུ་ལགས། མི་མང་དངུལ་གཉེར་ཀརྨ་འཕྲིན་ལས་ལགས། ཁར་རྟགས་པ་བཀྲིས་བསོད་ནམས་ལགས།མི་མང་ཟློས་གར་སྤྱི་ཁྱབ་འགན་འཛིན་ངོར་ཁང་གསར་བཀྲ་ཤིས་ལགས། བོད་སློབ་སྤྱི་ཁྱབ་འགན་འཛིན་འཆི་མེད་རྡོ་རྗེ་ལགས།  དཔྱ་ཁྲལ་དང་གསར་འཕྲིན་དྲ་རྒྱ་འབྲེལ་མཐུད་པ་གདུགས་རྩ་ཚང་བསྟན་འཛིན་འོད་ཟེར་ལགས་བཅས་ཡིན་འདུགམང་ཚོགས་ནང་ནས་སྤྱི་སྨན་དགོངས་འཆར་དང་དྲི་བ་ཞུ་མཁན་ཁྱོན་མི་གྲངས་   ༡༠ བྱུང།   ༼ད་རེས་མང་ཚོགས་ནས་དྲི་བ་ཞུ་མཁན་གྱི་མཚན་དང་དོན་གནད་སྐོར། མཛད་གཙོ་རྣམ་པས་ལན་འདེབས་གསལ་བཤད་གནང་བ་བཅས་འདིར་འགོད་རྒྱུར་ཡིག་རྫོབ་ཆེ་བས་འབྲི་འགོད་ཞུས་མེད།༽ དེ་རྗེས་ཆོལ་ཁ་གསུམ་ནས་གཞས་སྣ་རེ་གཟིགས་འབུལ་ཞུས།

ཕྱག་ཚོད་ ༥།༤༠ ཐོག་དགོང་དྲོའི་གསོལ་ཚིགས་བར་སེང་གྲུབ་བསྟུན་མི་མང་ཟློས་གར་ནས་རྐང་བྲོ་གླུ་གཞས་ལེའུ་ཁག་  ༥ཙམ་གཟིགས་འབུལ་ཞུས་མཚམས་མི་མང་ཡོངས་༼ བྷེང་གྷོ་སྐུ་རྩེད་གནང།༽  གནང་།དགོང་དྲོ་ཕྱག་ཚོད་  ༩།༠༠ ཙམ་ལ་མཛད་རིམ་བཀྲ་ཤིས་ལེ་འགྲིག་ངང་མཇུག་བསྒྲིལ་ཞུས་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ། གསར་འགོད་པ།  བསམ་པ་དོན་གྲུབ།

འདྲ་པར་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 3 སྡོམས་རོགས།