བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་ལོ་༥༨ འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི།
༢༠༡༨ ཟླ ༩་ཚེས་༨ རེས་གཟའ་སྤེན་པའི་ཉིན་སུད་སི་དང་ལིག་ཏེན་སིཊ་ཡན་བོད་རིགས་མི་མང་གི་གོ་སྒྲིག་འོག ས་གནས་རི་ཁོན་སློབ་གྲྭའི་ཚོགས་ཁང་དུ་བཙན་བྱོལ་བོད་མི་དམངས་གཙོ་དབུ་བརྙེས་ཏེ་ལོ་ངོ་༥༨ འཁོར་བའི་དུས་དྲན་སྲུང་བརྩི་གནང་ཡོད་འདུག
གོང་ཚེས་ཉིན་སུད་སི་རི་ཁོན་ཆོས་དགོན་གྱི་ཉེ་འདབས་རི་ཁོན་སློབ་གྲྭའི་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་༥༨ འཁོར་བའི་དུས་དྲན་སྲུང་བརྩི་གནང་ཡོད་པ་དང་། དུས་དྲན་ཐོག་རི་ཁོན་མཁན་རིན་པོ་ཆེ་མཆོག་གིས་གཙོས་པའི་མཁན་བླ་དགེ་འདུན་པ་རྣམ་པ་དང་། སུད་སི་མི་མང་ཚོགས་གཙོ་སྦྲེལ་བོ། དེ་བཞིན་སུད་སི་དོན་གཅོད་ཟུང་དྲུང་ཟླ་བ་ཚུལ་ཁྲིམས། ས་གནས་ཁག་གི་འཐུས་མི་རྣམས་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སུད་བོད་མཛའ་འབྲེལ་ཚོགས་པ་དང་། སུད་སི་ས་གནས་བུད་མེད་ཚོགས་པ། ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་བཅས་ཀྱི་ཚོགས་གཙོ་དང་སྐུ་ཚབ་རྣམས་ཀྱིས་གཙོས་མི་མང་ཧ་ཅང་ཕོན་ཆེན་འཛོམས་ཏེ་དུས་དྲན་སྲུང་བརྩི་གནང་ཡོད་འདུག
དུས་དྲན་གྱི་ཐོག་མར་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་བཞུགས་ཁྲིར་གསོལ་རྗེས། ༧གོང་ས་མཆོག་གི་སྐུ་བགེགས་ཀྱི་མཚན་མ་ཙམ་ཡང་མེད་པར་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། བཞེད་དོན་ལྷུན་གྱིས་གྲུབ་ཆེད་སྐུ་མགྲོན་གཙོ་བོ་རྣམས་དང་། མི་མང་ཚོགས་གཙོ་མཆོག་བས་རྟེན་གསུམ་འདེགས་འབུལ། སུད་སི་མི་མང་ཟློས་གར་གྱི་རྔ་རོལ་དང་སྦྲག་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ། རྒྱལ་གཅེས་དཔའ་བོ་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་ངག་བཅད། དེ་བཞིན་མཁན་རིན་པོ་ཆེ་མཆོག་གིས་གཙོས་པའི་དགེ་འདུན་པ་རྣམས་ཀྱིས་བདེན་ཚིགས་སྨོན་ལམ་བཅས་ཆོས་ཕྱོགས་ཀྱི་མཛད་རིམ་གྲུབ་རྗེས། སུད་སི་ཟློས་གར་གྱིས་བཀྲ་ཤིས་ཞོལ་བ་གཟིགས་འབུལ་དང་། མི་མང་ཚོགས་གཙོ་མཚམས་མདའ་ནོར་བུ་ལགས་ནས་དུས་དྲན་གྱི་གསུང་བཤད་་དང་། དོན་དྲུང་ཟླ་བ་ཚུལ་ཁྲིམས་ལགས་ཀྱིས་བཀའ་ཤག་གི་གསུང་འཕྲིན་ལྗགས་ཀློག་གནང་བ་དང་། རི་ཁོན་མཁན་རིན་པོ་ཆེ་མཆོག་གིས་གསུང་བཤད། ཡུ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་ལགས་ཀྱིས་སྤྱི་འཐུས་ཀྱི་གསུང་འཕྲིན་ལྗགས་ཀློག་བཅས་གནང་ཡོད་འདུག
གཞན་སུད་སི་དང་ལེག་ཏེན་སུ་ཊཡན་བོད་རིགས་མི་མང་གི་ལོ་འཁོར་ལས་བསྡོམས་ཚོགས་གཞོན་ཕྱོགས་ཤམ་པ་ཕུན་ཚོགས་ལགས་ཀྱིས་གནང་ཡོད་པ་དང་། དེ་བཞིན་བོད་སློབ་འགན་འཛིན་དང་། ཟློས་གར། གསར་འཕྲིན་འགན་འཛིན་བཅས་ཀྱིས་སྡེ་ཚན་སོ་སོའི་ལས་བསྡོམས་གསལ་བསྒྲགས་གནང་ཡོད་འདུག
གསར་འགོད་པ། ཙ་ཡུས་ཕུན་ཚོགས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།