༸གོང་ས་མཆོག་གིས་དེང་དུས་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་ཀྱི་བསླབ་བྱ་དང་འབྲེལ་བའི་སློབ་ཚན་ཆེད་འཛུགས་དགོས་པའི་བཀའ་སློབ་སྩལ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡༤ རེས་གཟའ་སྤེན་པའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་མངའ་སྡེ་ནིའུ་ཇར་སིའི་ཉིན་མཐའ་མའི་མཛད་འཆར་གྱི་སྔ་དྲོ་ཐོག་མར་ཤེས་ཡོན་ལམ་ལུགས་ནང་ཞི་བདེའི་བསླབ་བྱ། (Peace in education) ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུར་བཀའ་སློབ་སྩལ་དོན། མི་ཚང་མས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་འདོད་ཀྱི་ཡོད། བདེ་སྐྱིད་སྒྲུབ་པའི་ཐབས་ལམ་དང་ལངས་ཕྱོགས་དེ་དངོས་ཡོད་གནས་ཚུལ་དང་མཐུན་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། གདོད་མའི་སྐབས་ཡུ་རོབ་ནང་ཡེ་ཤུའི་དགོན་པ་དང་ཁྱིམ་ཚང་སོ་སོའི་གཤིས་རྒྱུད་དང་འབྲེལ་བའི་བྱམས་བརྩེ་དང་བསམ་པ་བཟང་པོ་བྱེད་རྒྱུའི་ཤེས་ཡོན་སློབ་གསོ་སྤྲོད་ཀྱི་ཡོད། རིམ་པས་ཡེ་ཤུའི་ལྷ་ཁང་ལས་ལོགས་སུ་ཤེས་ཡོན་སྤྲོད་རྒྱུའི་བསྟི་གནས་གསར་འཛུགས་བྱུང་ཡོད། འོན་ཀྱང་འདས་པའི་ལོ་ ༢༠༠ ཙམ་གྱི་ནང་ཚན་རིག་དང་འཕྲུལ་ཆད་ཡར་རྒྱས་ཕྱིན་པར་བརྟེན་ནད་བཅོས་ཐབས་དང་ནད་སྔོན་འགོག་ཐུབ་པ་མ་ཟད།
སྐྱེས་བུའི་འདོད་དོན་སྒྲུབ་རྒྱུར་དངོས་སུ་ཕན་ཐོགས་ཧ་ཅང་བྱུང་བ་ར་སྤྲོད་ཐོགས་མི་རྣམས་ཚན་རིག་དང་འཕྲུལ་ཆས་ལ་རྟེན་པའི་དངོས་པོ་ཡར་རྒྱས་ཀྱི་རིག་གསར་དེར་ཡིད་ཆེས་ཤུགས་ཆེ་རུ་ཕྱིན་ཡོད། ད་ཆ་དངོས་པོ་ཡར་རྒྱས་ཁོ་ནས་སེམས་ནང་བདེ་སྐྱིད་སྐྲུན་ཐུབ་ཀྱི་མེད་པ་མི་ཚོས་དངོས་སུ་ཉམས་མྱོང་ཐོག་ར་སྤྲོད་ཡོང་བཞིན་ཡོད་པ་མ་ཟད། དེང་དུས་ཚན་རིག་པ་ཚོས་ནང་བསམ་བློའི་རྣམ་གཞག་དེ་དག་ལ་གཞི་ནས་དོ་ནང་གསར་པ་ཞིག་སྤྲོད་འགོ་བཙུགས་ཡོད། ད་ཡོད་རིག་གསར་དང་འབྲེལ་བའི་ཤེས་ཡོན་ལམ་ལུགས་ནང་རྣམ་དཔྱོད་ཀྱི་ཤེས་རབ་རྐྱང་པ་གོང་མཐོར་གཏོང་རྒྱུ་མ་གཏོགས་ནང་གི་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་བསླབ་བྱ་དེ་དག་སྣང་མེད་དུ་གཏོང་བཞིན་ཡོད།
དེར་བརྟེན་ངོས་ཀྱིས་སློབ་གྲྭའི་སློབ་ཚན་ནང་བཟང་སྤྱོད་ཀྱི་བསླབ་བྱ་དང་འབྲེལ་བའི་སློབ་ཚན་ཇི་ལྟར་འཇོག་དགོས་མིན་ཐོག་ཉམས་ཞིབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག སྔོན་འགྲོའི་སློབ་གྲྭ་ནས་ཕྲུ་གུ་ཚོར་དཀའ་ངལ་རྣམས་དྲག་པོའི་ལམ་སེལ་ཐབས་བྱེད་རྒྱུ་དེ་ནོར་འཁྲུལ་དང་། དཀའ་ངལ་ཡོང་རྒྱུ་དེ་དངོས་ཡོད་གནས་སྟངས་ཤིག་ཡིན་པ་དང་། དཀའ་ངལ་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་དགོས་རྒྱུ་གལ་ཆེ་ཡིན་པའི་སློབ་གསོའི་ཐོག་སྐུལ་ལྕག་བྱེད་རྒྱུ་ཧ་ཅང་གལ་ཆེ་ཆགས་ཡོད། འགའ་རེས་བྱམས་པ་དང་བཟོད་བསྲན་ཆོས་ཀྱི་སྐད་ཆ་ཞིག་རེད་བསམ་པ་དེ་ནོར་བ་རེད། ཆོས་ལུགས་ཚང་མའི་ནང་སྐད་ཆ་དེ་ཤོད་ཀྱི་ཡོད་ཀྱང་བྱམས་པ་དང་བརྩེ་བ། བཟོད་བསྲན་སོགས་ང་ཚོའི་ལུས་ཁམས་གྲུབ་དུས་ནས་དགོས་མཁོ་ཞིག་ཆགས་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཟང་སྤྱོད་ཀྱི་བསླབ་བྱ་དང་འབྲེལ་བའི་འཇིག་རྟེན་ཀུན་ལ་གཅིག་མཚུངས་སུ་ཁྱབ་པའི་སློབ་ཚན་ཞིག་གཏན་ལ་ཕབ་ཐུབ་པ་བྱུང་ན་བསམས་དྲན་གྱི་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ།།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།