བལ་ཡུལ་དུ་ཟས་བཅད་ངོ་རྒོལ་དང་ཉེན་རྟོག་པའི་དམ་དྲག

བལ་ཡུལ་དུ་ཀ་ཐཱ་མན་ཀྲུ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་མི་ཞེ་གསུམ་ཙམ་ནས་མཆོད་འཇོར་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ཚོགས་ཁང་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།

ཕྱི་ཚེས་ ༡༨ ཉིན་ལས་འགུལ་སྤེལ་སར་ས་གནས་གཞོན་ནུའི་ཚོགས་གཙོ་ཚེ་དབང་སྒྲོལ་མས་བརྗོད་དོན། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བཀོད་ཁྱབ་ལྟར་ས་གནས་གཞོན་ནུ་ཁག་གཅིག་མཚུངས། ང་ཚོས་འདིར་ས་གནས་ཀྱི་གནས་སྟངས་ལ་བསྟུན་ནས་ཆུ་ཚོད་ཉེར་བཞིའི་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་གོ་སྒྲིག་བྱེད་དགོས་པ་གཙོ་བོ་ཉེ་བའི་ཆར་ཨ་མདོ་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་རྒྱལ་གཅེས་དཔའ་པོ་ཕུན་ཚོགས་ཀྱིས་བོད་སྤྱི་བའི་ཆེད་རང་སྲོག་མེ་ལ་བསྒྲོན་ནས་ཚེ་སྲོག་ཕུལ་བ་དང་། ད་དུང་དེང་སང་མུ་མཐུད་རྒྱ་ནག་ཉེན་རྟོག་པ་དང་དམག་དཔུང་གིས་དགོན་པ་གཙོས་ས་གནས་དེ་བསྐོར་ནས། དམ་དྲག་གིས་བཙོན་ཁང་ལྟ་བུར་གནས་ཡོད་པས་ཛ་དྲག་གནས་སྟངས་ཁག་རྒྱལ་སྤྱིའི་སྤྱི་ཚོགས་དང་མི་མང་ལ་ཤེས་རྟོགས་ངོ་སྤྲོད་སླད་དང་། བོད་མིའི་སྐྱིད་སྡུག་མཉམ་མྱོང་ཆེད་ཡིན། རྒྱ་ནག་གཞུང་ལ་ས་གནས་གྱི་དྲག་གནོན་གྱི་སྲིད་ཇུས་མཚམས་འཇོག་དང་། དམག་མི་ཕྱིར་འཐེན་བྱས་ནས་དགེ་འདུན་པ་དང་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་བ་འབོད་སྐུལ་བྱེད་གྱིན་ཡོད་ཅེས་བརྗོད་སོང་།

སྐབས་དེར་ལས་འགུལ་བ་བློ་བཟང་མཁས་གྲུབ་ཀྱིས། བོད་ནང་གཞིས་ལུས་བོད་མི་ཚོས་རྒྱ་ནག་གི་མེ་མདའི་སོ་ཁ་ན་རང་སྲོག་བློས་གཏོང་བྱེད་བཞིན་པར་སེམས་འགུ་ཐེབས་བཞིན། ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ལ་མཉམ་ཞུགས་བྱས་པ་ཡིན་སྐོར་བརྗོད་སོང་། ལས་འགུལ་བ་ཨ་མ་གཡུ་ལོས། ཛ་དྲག་གི་གནས་སྟངས་སྐབས་བོད་མི་ཚང་མས་མཉམ་རུབ་ཀྱི་ནུས་པ་འདོན་རྒྱུ་གལ་ཆེ་ཡང་། ད་ཐེངས་ཟས་བཅད་ལ་ཞུགས་མཁན་ས་གནས་མི་འབོར་ལ་གཞིགས་པས་ཉུང་བ་དང་། ད་དུང་གཞོན་སྐྱེས་མང་པོ་མེད་པར་བློ་ཕམ་ཡོད་སྐོར་བརྗོད་སོང་། དེ་ལྟར་ལས་འགུལ་འགོ་བཙུགས་མ་ཐག་ཉེན་རྟོག་པས་བཀག་འགོག་བྱེད་ཐབས་བྱས་པ་དང་། ཉིན་རྒྱབ་གློ་བུར་དུ་སྒྲིག་ཆས་མེད་པའི་ཉེན་རྟོག་པ་མི་ཉུང་བས་ལས་འགུལ་སྤེལ་སར་ཡོད་པའི་རྒྱལ་དར་དང་འཕྲེད་དར་ཚང་མ་ཕྱིར་བསྡུ་བྱེད་དུ་བཅུག་ཐོག ད་དུང་བུད་མེད་ལས་འགུལ་བ་བསོད་ནམས་སོགས་ཁག་གཅིག་གི་གྱོན་ཆས་ཐོག་བོད་སྐྱོབ་ཟེར་བ་སོགས་ཀྱི་འབོད་ཚིག་ཡོད་པར་བསྙད་ནས་བཙན་ཤེད་གྱིས་ཕུད་བཅུག་ཏེ་དམར་ཧྲེང་དུ་བཏང་ཡོད་པ་རེད། གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན་ཟས་བཅད་ལས་འགུལ་དེ་སྔོན་ལྟར་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་རོགས་རམ་བརྒྱུད་ས་གནས་འབྲེལ་ཡོད་ཚན་པར་ཆོག་མཆན་ཞུ་ཐབས་བྱས་ཡོད་པ་དང། ལས་འགུལ་སྐབས་ཉེན་རྟོག་པས་བར་མེད་དུ་སྐོར་སྲུང་བྱས་ཡོད་འདུག།
བལ་ཡུལ་གསར་འགོད་པས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 7 སྡོམས་རོགས།