བོད་ཀྱི་མཛངས་མའི་དབུ་རྒྱན་སུད་སི་ནས་ཡིན་པ་བུ་མོ་བསྟན་འཛིན་དབྱངས་སྐྱིད་ལ་ཐོབ་པ།

ཟླ་འདིའི་ཚེས་༣ ནས་བཟུང་ད་ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར་གྱི་འགོ་བཙུགས་ཤིང་། རིམ་བཞིན་རྐྱལ་གོས་གྱོན་ནས་གཟུགས་བྱད་འགྲན་སྡུར་དང་། སྒྱུ་རྩལ་འཁྲབ་སྟོན། གཏམ་བཤད་འགྲན་སྡུར། ཚེས་༥ དགོང་མོ་བོད་གཞུང་ཟློས་གར་ཐང་སྟེང་དུ་དྲི་བ་དྲིས་ལན་དང་། གོམ་འགྲོས་འགྲན་སྡུར་བཅས་བྱས་པ་བརྒྱུད། ཕྱི་ལོ་༢༠༡༡ ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་སུད་སི་ནས་ཡོང་བའི་བུ་མོ་བསྟན་འཛིན་དབྱངས་སྐྱིད་ལ་ཐོབ་སོང་།ཟླ་འདིའི་ཚེས་༥ དགོང་མོ་ཟློས་གར་ཐང་སྟེང་དུ་མི་ཚོགས་ཤིན་ཏུ་འཚང་ཁ་ཆེ་ཞིང་། ལྟད་མོ་བ་རྣམས་ཕྱི་དྲོའི་ཆུ་ཚོད་ལྔ་པ་ཙམ་ནས་ཐང་སྟེང་དུ་འུར་འུར་ངང་འཛོམས་པ་དང་། ཆུ་ཚོད་༨ པ་མ་ཟིན་ཙམ་ལ་གཞི་ནས་འགྲན་སྡུར་གྱི་ལེ་ཚན་ཁག་འགོ་འཛུགས་བྱས་སོང་། འགྲན་སྡུར་ཐོག་འགྲན་ཞུགས་པ་རྣམས་ཀྱིས་རེ་རེ་བཞིན་གོམ་བགྲོད་འགྲན་སྡུར་དང་། དེ་ནས་བོད་ཀྱི་སྲོལ་རྒྱུན་གྱོན་ཆས་གྱོན་ནས་རང་རང་གི་སྒེག་ཉམས་འགྲན་སྡུར་བྱས། དེ་ནས་དྲི་བ་དྲིས་ལན་གྱི་འགྲན་བསྡུར་བཅས་བྱས་མཐར། གོ་སྒྲིག་པ་བློ་བཟང་དབང་རྒྱལ་གྱིས་ཐོག་མར་ཨང་གསུམ་པ་ཐོབ་མཁན་བྷེང་ལོར་ནས་ཡོང་བའི་བུ་མོ་སྒྲོལ་མ་ཚེ་རིང་ཡིན་པར་ཁྱབ་བསྒྲགས་དང་། ཧིན་སྒོར་༢༥༠༠༠ གི་འཛིན་བྱང་སྤྲད་སོང་། དེ་ནས་ཨང་གཉིས་པ་ཐོབ་མཁན་ཨོ་སི་ཁྲུ་ལི་ནས་ཡིན་པའི་བུ་མོ་དངོས་གྲུབ་སྒྲོལ་མ་ཡིན་པར་ཁྱབ་བསྒྲགས་དང་བྱ་དགའ་ཧིན་སྒོར་༥༠༠༠༠ འཛིན་བྱང་སྤྲད་སོང་། དེ་ནས་༢༠༡༡ ལོའི་བོད་ཀྱི་མཛངས་མའི་རྒྱལ་ཁ་ཐོབ་མཁན་སུད་སི་ནས་ཡོང་བའི་རང་ལོ་༡༧ ཅན་གྱི་བུ་མོ་བསྟན་འཛིན་དབྱངས་སྐྱིད་ཡིན་པར་ཁྱབ་བསྒྲགས་དང་འབྲེལ་ལོ་སྔོན་མའི་མཛངས་མ་བསྟན་འཛིན་ནོར་འཛོམས་ཀྱིས་མཛངས་མའི་དབུ་རྒྱན་གཡོགས་ནས། བྱ་དགའ་ཧིན་སྒོར་༡༠༠༠༠༠ གི་འཛིན་བྱང་སྤྲད་པར་མི་མང་གིས་དགའ་བསུའི་ཐལ་མོ་ཤུགས་ཆེན་བརྡབས་སོང།
གསར་འགོད་པས། མཛངས་མ་བསྟན་འཛིན་དབྱངས་སྐྱིད་ལ་རྒྱལ་ཁ་ཐོབ་པར་ཚོར་སྣང་ག་འདྲ་བྱུང་མིན་བཅར་འདྲི་བྱས་སྐབས་བརྗོད་དོན། ད་ལྟའི་འགྲན་སྡུར་ནང་གི་བུ་མོ་དྲུག་པོ་ཚང་མ་ཡག་པོ་ཡོད་པ་རེད། དེར་བརྟེན་ང་རང་ཐོབ་ཀྱི་རེད་བསམ་གྱི་མེད། འོན་ཀྱང་ད་ལྟ་དངོས་སུ་ཐོབ་པར་ཡིད་མི་ཆེས་པ་ལྟ་བུའི་ཚོར་སྣང་ཡོང་གི་འདུག་ཟེར། མ་འོངས་པར་བོད་དོན་ཐད་ལས་ཀ་ག་རེ་བྱེད་རྒྱུའི་འཆར་གཞི་ཡོད་མེད་སྐོར་དྲིས་པར། སྤྱིར་བཏང་ང་རང་འདིར་ཡོང་དགོས་དོན་ནི་བོད་པའི་བུ་མོ་ཚོར་བློ་སྟོབས་སྐྲུན་ཆེད་དུ་ཡིན། དེར་བརྟེན་མ་འོངས་པར་སོ་སོའི་བོད་ལུང་པའི་ཆེད་དུ་ལས་ཀ་བྱེད་རྒྱུའི་འཆར་གཞི་ཡོད་ཅེས་འགྲེལ་བརྗོད་བྱས་བྱུུང་།དེ་ནས་གོ་སྒྲིག་པ་བློ་བཟང་དབང་རྒྱལ་གྱིས་གསར་འགོད་པར་བརྗོད་དོན། མ་འོངས་པར་མུ་མཐུད་མཛངས་མའི་འགྲན་སྡུར་གྱི་ལས་རིམ་འདི་འགྲོ་རྒྱུ་ཡིན། ད་ལྟ་བར་དུ་ལས་ཀ་བྱས་པ་བརྒྱུད་དཀའ་ངལ་མང་པོ་འདུག་སྟེ། དཀའ་ངལ་ལ་གདོང་ལེན་བྱེད་རྒྱུ་གལ་ཆེན་པོ་རེད། དེ་བཞིན་ད་ལྟ་བར་ལས་རིམ་འདི་མཚམས་འཇོག་དགོས་ས་རེད་བསམ་པའི་སེམས་ཤུགས་ཆགས་མྱོང་མེད། ལས་འགུལ་འདི་སྤེལ་ནས་ལོ་བཅུ་མ་གཏོགས་འགྲོ་ཡི་ཡོད་མ་རེད། ངས་བསམ་ན་ཕྱིས་དྲགས་འདུག་བསམ་གྱི་འདུག ལས་འགུལ་འདི་བརྒྱུད་ནས་ང་ཚོ་བོད་པ་ལ་ཕན་ཐོགས་པ་མང་པོ་ཡོད་པ་རེད། དཔེར་ན། ནིའུ་ཛི་ལན་ཌིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རཱ་སལ་ནོར་མཱན་ལ་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིང་ཕེང་རྒྱལ་ཁབ་དེར་འབྱོར་སྐབས་བོད་ཀྱི་རྒྱལ་དར་འཕྱར་ནས་དང་བླང་གིས་བོད་ཀྱི་ཆེད་དུ་ལས་འགུལ་སྤེལ་བ་རེད། དེ་ལ་བོད་པ་ཚང་མའི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་གལ་ཆེར་མཐོང་ནས་བོད་རང་དབང་གི་བྱ་དགའ་དེ་ཕུལ་བ་ཡིན། དེ་བཞིན་མ་འོངས་པར་མཛངས་མའི་འགྲན་སྡུར་མུ་མཐུད་ཡར་རྒྱས་དང་ཚགས་ཚུད་དུ་གཏོང་རྒྱུའི་འཆར་གཞི་དང་དམིགས་ཡུལ་ལ་འགྱུར་བ་མེད་ཅེས་བརྗོད་བྱུང།ད་ལོའི་མཛངས་མའི་འགྲན་སྡུར་ཁྲོད་ཞུགས་མཁན་བུ་མོ་དྲུག་བྱུང་ཡོད་པ་རྣམས་ནི། སུད་སི་ནས་ཡོང་བའི་བསྟན་འཛིན་དབྱངས་སྐྱིད་དང་། ཨོ་སི་ཁྲུ་ལི་ཡ་ནས་ཡོང་བའི་དངོས་གྲུབ་སྒྲོལ་མ། ཨ་རི་ནས་ཡོང་བའི་བསྟན་འཛིན་མཁས་ཆོས། ལྡི་ལི་ནས་ཡོང་བའི་འཆི་མེད་ལྷ་འཛོམས། བྷེང་ལོར་ནས་ཡོང་བའི་སྒྲོལ་མ་ཚེ་རིང་། དྷ་ས་ནས་ཡིན་པའི་བསྟན་འཛིན་བཟང་མོ་བཅས་ཡིན་པ་རེད།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 5 སྡོམས་རོགས།