བོད་ཀྱི་རིག་གཞུང་འཁྲབ་སྟོན་གྱི་ཉིན་མོ།
༢༠༢༣ ཟླ། ༡ ཚེས། ༡༤ རེས་གཟའ་སྤེན་པའི་ཉིན་སུད་སི་དང་ལིག་ཏེན་སིཊཡན་ས་གནས་བོད་སློབ་ཁག་གི་སློབ་ཕྲུག་ནང་ཁུལ་བོད་ཀྱི་རིག་གཞུང་འཁྲབ་སྟོན་གྱི་འགྲན་སྡུར་ཆེན་མོ་དེ་ས་གནས་ལྦིན་ཏྲར་ཐུར་ (Winterthur) གི་ཚོགས་ཁང་ཆེན་མོ་ཞིག་གི་ནང་ཞོགས་པ་ཕྱག་ཚོད་ ༩ པ་ནས་དགོང་མོ་ཕྱག་ཚོད་ ༨ པའི་བར་ལེགས་པར་བསྒྲུབས་ཡོད།
ད་རེའི་འགྲན་སྡུར་ཆེན་མོའི་ནང་བོད་སློབ་ཁག་ ༢༡ ཡོད་པ་ནང་ནས་དངོས་སུ་མཉམ་ཞུགས་གནང་མཁན་བོད་སློབ་ཁག་་༡༨ བྱུང་ཡོད་པ་དེ་དག་ལས་སློབ་ཕྲུག་གྲངས་ ༣༦༥ ཙམ་ཐོ་འགོད་ཀྱིས་མཉམ་ཞུགས་གནང་ཡོད།
མཛད་རིམ་དངོས་གཞིའི་ནང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དབྱངས་སུ་གྱེར་རྗེས་བོད་སློབ་ཁག་རེ་རེ་ནས་འཁྲབ་གཞས་གཉིས་རེ་དང་། མཉམ་གཞས་གཉིས་རེ། གཏམ་བརྗོད་གཅིག་བཅས་ཡོད་པར་སོང་ཁྱོན་བསྡོམས་ལེའུ་ ༥༩ ཏག་ཏག་འཁྲབ་སྟོན་གནང་ཐུབ་ཡོད།
འགྲན་ཞུགས་གནང་བའི་སྐབས་ལེགས་ཉེས་ཀྱི་བརྒྱ་ཆ་གནང་མཁན་དམིགས་བསལ་མདོ་དབུས་ཁམས་གསུམ་ནས་ཡིན་པའི་དཔྱོད་ལྡན་གྱི་གཟུ་དཔང་གསུམ་ཡང་གདན་ཞུས་གནང་ཡོད་པ་མ་ཟད་ཁོང་ཅག་གསུམ་པོས་ཐུགས་ཐག་བཅད་པའི་ཁྱོན་བསྡོམས་ཀྱི་བརྒྱ་ཆ་ལ་གཞི་བཞག་ནས་གོང་འཁོད་འཁྲབ་སྟོན་གྱི་ཚན་པ་ཁག་ལྔ་པོར་རྩེད་ཕུད་ཨང་རིམ་དང་པོ་ནས་གསུམ་པ་བར་གཏན་འབེབས་ཀྱིས་བྱ་དགའ་གསོལ་སྩལ་གནང་ཡོད། ཐེངས་འདིར་བོད་སློབ་ཀྱི་སློབ་ཕྲུག་རྣམས་རང་མི་རིགས་ཀྱི་རིག་གཞུང་བཟང་པོ་དེ་དག་ལ་སྦྱངས་བརྩོན་དོ་སྣང་ལེགས་པར་གནང་བཞིན་ཡོད་པ་དང་འགྲན་སྡུར་ཁྲོད་ཨང་རིམ་རྩེ་ཕུད་སོན་མཁན་གསུམ་རེར་གཟེངས་བསྟོད་ཀྱི་བྱ་དགའ་ཙམ་མ་ཟད་དངུལ་སྒོར་ཡང་ཕུལ་ཡོད། དཔེར་ན་བརྗོད་གཞི་ཁག་ལྔ་པོ་སོ་སོར་ཨང་རིམ་དང་པོ་སོན་མཁན་ལ་སུད་སྒོར་ ༤༠༠ དང་། ཨང་རིམ་གཉིས་པ་སོན་མཁན་ལ་སུད་སྒོར་ ༣༠༠ དང་། ཨང་རིམ་གསུམ་པ་སོན་མཁན་ལ་སུད་སྒོར་ ༢༥༠ བཅས་ཡིན།
སྐུ་མགྲོན་གྱི་གཙོ་བོར་རང་གཞུང་སྐུ་ཚབ་དོན་གཅོད་ཁང་གི་རྩིས་དྲུང་བསྟན་འཛིན་ཆོས་བཟང་ལགས་དང་། རི་ཀོན་དགོན་པའི་མཁན་རིན་པོ་ཆེ་མཆོག བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་ཚོགས་གཞོན་གཙོས་པའི་འཐུས་མི་ཁག་ཅིག དེ་བཞིན་དམིགས་བསལ་སྦྱིན་བདག་རོགས་སྐྱོར་གནང་མཁན་ཚེ་རིང་ཐེབས་རྩ་ (Tsering Foundation) དང་སུད་བོད་མཛའ་འབྲེལ་ཚོགས་པའི་ (GSTF) རྒྱུན་ལས་ཁག་ཅིག་བཅས་གདན་ཞུས་ཀྱིས་ཆེད་ཕེབས་གནང་ཡོད།
ད་རེའི་རིག་གཞུང་འཁྲབ་སྟོན་གྱི་ཉིན་མོར་བོད་སློབ་ཁག་དང་འབྲེལ་བའི་ཁྱིམ་བདག་ཕ་མ་དང་དགེ་རྒན་ཙམ་མ་ཟད་ཕྱོགས་མཐའ་ཁག་ནས་མི་མང་རྒན་གཞོན་མང་དག་ཅིག་གཟིགས་མོར་ཕེབས་ཡོད་འདུག མཐར་དཔྱོད་ལྡན་གཟུ་དཔང་གསུམ་ནས་ཕྱོགས་བསྡོམས་གནང་ཟིན་པའི་ཨང་རིམ་རྩེ་ཕུད་སོན་མཁན་གྱི་མཚན་གཞུང་སྒྲོགས་སྦྱང་དང་བྱ་དགའ་དང་ལེགས་གསོལ་གྱི་དངུལ་སྒོར་བཅས་སྡིངས་ཆའི་སྟེང་ནས་འབུལ་ལམ་ཞུས་རྗེས་མི་མང་ཡོངས་ནས་བཀྲ་ཤིས་པའི་བོད་ཀྱི་སྐོར་བྲོ་ལ་རོལ་ནས་ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོ་དེ་རེ་ཞིག་མཇུག་སྒྲིལད། །
བོད་སློབ་སྤྱི་ཁྱབ་འགན་འཛིན་ཚེ་དབང་མུན་སེལ་ནས།
དཔར་ལེན་པ། བཀྲ་ཤིས་རྣམ་རྒྱལ།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།