བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་འགུལ་སྤེལ་བ


ཕྱི་ལོ་༢༠༡༣ ཟླ་༣ ཚེས་༦ ཉིན་འདི་ལོའི་གསུམ་བཅུའི་དུས་དྲན་དང་སྟབས་བསྟུན་སུད་སིའི་ལུ་རྫན་ Luzern གྲོང་ཁྱེར་དང་། སུད་སི་གྲོས་ཚོགས་ལ་བོད་ཀྱི་ཛ་དྲག་གི་གནས་སྟངས་དང་ བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་འབོད་སྐུལ་ལས་འགུལ་ཞིག་སྤེལ་ཡོད་འདུག ཕྱི་ལོ་ ༡༩༩༥ ནས་ཡོ་རོབ་ཁུལ་གྱི་གྲོང་སྡེ་ལས་ཁུངས་མང་པོ་ཞིག་གི་མདུན་དུ་བོད་ཀྱི་བདེན་པ་ལ་རྒྱབ་སྐྱོར་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འགོ་ཚུགས་ཤིང་། དེ་དང་སྟབས་བསྟུན་འདི་ལོའི་གསུམ་བཅུའི་དུས་དྲན་སྲུང་བརྩིའི་ཆེད་ཕྱི་ ཟླ་༣ ཚེས་༦ ཉིན། སུད་སི་གནས་སྡོད་ལྷུན་འགྲུབ་ཚང་ཀརྨ་བཀྲིས་ཚེ་རིང་དང་སྟག་ཚང་དཀོན་ཅོག་ནང་མི་གཉིས་ཀྱིས་སུད་སིའི་གྲོང་ཁྱེར་ལུ་རྫན་གྱི་གྲོང་སྡེ་ལས་ཁུངས་བརྒྱད་ཅུ་གྱ་བདུན་དང་ལུ་རྫན་གྲོང་ཁྱེར་སྲིད་གཞུང་། དེ་བཞིན་སུད་སིའི་གྲོས་ཚོགས་ལ་ད་ལྟའི་བོད་ཀྱི་ཛ་དྲག་གི་གནས་སྟངས་དང་། ས་གནས་གྲོང་སྡེ་ལས་ཁུངས་ཁག་གི་མདུན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་འབོད་སྐུལ་ལས་འགུལ་ཞིག་སྤེལ་ཡོད་འདུག སྐབས་དེར་བོད་ཀྱི་རྒྱལ་དར་དང་བོད་མེ་ལ་བསྲེགས་དོན་ཅི་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་གཙོས་བཙན་བྱོལ་བོད་མིའི་དྲ་ཚིགས་ཁག་ཅིག་གི་ཁ་བྱང་། དེ་བཞིན་སྙན་ཞུ་དང་རྒྱལ་ཚོགས་ལ་ཕུལ་བའི་དོན་ཚན་དྲུག་ཅན་གྱི་གསལ་འགོད་བསྒྲགས་གཏམ་སོགས་ཕུལ་ཏེ། ཆེས་ཡ་ང་ཞིང་ཡིད་སྐྱོ་བའི་གཞིས་ལུས་རྒྱ་ཆེའི་མི་མང་གི་སྡུག་བསྔལ་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཞིག་སྤེལ་བ་དང་། ཉིན་དེར་རྒྱལ་ཚོགས་མདུན་དུའང་ཁོང་ཁྱིམ་ཚང་གཉིས་ཀྱིས་ཞུ་གཏུག་གི་ལས་འགུལ་ཐེངས་དྲུག་པ་སྤེལ་ཡོད་པ་དང་། སྐབས་དེར་སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་བོད་དོན་ཞུ་གཏུག་གི་ཆེད་རྒྱལ་ཚོགས་སུ་ཕེབས་པ་དང་བསྟུན་ཁོང་ནང་མི་གཉིས་ཀྱིས་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་སྙན་གསེང་དང་འབྲེལ་བོད་ཀྱི་རྒྱལ་དར་ཕུལ་ཏེ་མཇལ་ཁ་ཞུས་ཡོད་འདུག
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།