བོད་དོན་ཞི་བའི་གོམ་བགྲོད་ཉིན་གསུམ་པ།
ཕྱི་ཚེས་༦ ཉིན་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་གསུམ་པ་ཡིན། ཉིན་འདིར་གནམ་གཤིས་ཡག་པོ་མེད་ཅིང་ས་གནས་དེར་ཆར་ཞོད་ཅུང་ཆེ་ཙམ་འབབ་ཀྱིན་ཡོད།གོམ་བགྲོད་ཉིན་གསུམ་པ་དེ་སུད་སི་ས་གནས་Elgg ནས་ས་གནས་ Effretikonབར་སྤྱི་ལེ ༢༣ ལྷག་ལ་གོམ་བགྲོད་གནང་ཞིང་། གོམ་བགྲོད་ནང་སྐྱེས་པ་་༣༥ དང་བེུད་༡༥ བཅས་ཁྱོན་མི་གྲངས་༥༠ བྱུང་བའི་ཁྲོད་ཕྱི་རྒྱལ་མི་གཅིག ལས་བྱེད། ༦ བཅས་ཁྱོན་མཉམ་ཞུགས་མི་གྲངས་ ༥༦ བྱུང་འདུག
ཉིན་གསུམ་པའི་བོད་དོན་གོམ་བགྲོད་ཉིན་གྱི་ཕྱི་དྲོ་ས་གནས Effretikon ལ་སླེབས་སྐབས་Volketswil ས་གནས་ཚོགས་ཆུང་གི་མི་མང་རྣམས་ཀྱིས་སྣེ་ལེན་དང་། དགོང་མོའི་ཞལ་ལག་གྲ་རྒྱས། ཆབ་མངར། དེ་བཞིན་གོམ་བགྲོད་པ་རྣམས་ལ་སྨན་ཞབས་ཆེད་གཏོང་གནང་བ་མ་ཟད། སྨན་རིན་སོགས་སྦྱིན་གཏོང་གནང་བ་བཅས་མཐུན་འགྱུར་རོགས་རམ་གང་ལེགས་གནང་བར་མི་མང་ཚོགས་གཞོན་བསམ་པ་དོན་གྲུབ་ལགས་ཀྱིས་མི་མང་དང་ས་འཐུས་ཀྱི་ཚབ་བྱས་ནས་ཚོགས་ཆུང་གི་འཐུས་མི་ཤྭ་བ་ཚེ་རིང་དོན་གྲུབ་ལགས་སུ་མཇལ་དར་དང་བཀའ་དྲིན་ཆེད་བརྗོད་གནང་། དེ་རིང་བོུ་ཞིག་རྐང་པར་ཆུ་སེར་དོན་པ་དང་རེ་ཟུང་ཞིག་ཕྲན་བུའི་རྐང་པར་རྨ་བཟོས་པ་ལས་དེ་མིན་དཀའ་ངལ་བྱུང་མེད། ཛུས་རིག་ Oberland Zeitung ཞེས་པའི་གསར་འགོད་པ་འབྱོར་ནས་དཔར་ལེན་དང་གསར་འགྱུར་འགོད་རྒྱུ་བཅས་ཡིན་འདུག་པའི་གནས་ཚུལ། ཙ་ཡུལ་ཕུན་ཚོགས།
(ཁ་སང་གོམ་བགྲོད་ཉིན་གཉིས་པར་གནས་ Münchwilen ལ་སླེབས་སྐབས་ས་གནས་ཚོགས་ཆུང་གི་མི་མང་རྣམས་ཀྱིས་གོམ་བགྲོད་པ་རྣམས་ལ་སྣེ་ལེན་གཟབ་རྒྱས་དང་། ཉིན་གུང་ཞལ་ལག་གྲ་རྒྱས་ཕུལ་ཅིང་གོམ་བགྲོད་པ་རྣམས་ལ་མཇལ་དར་ལེགས་བསྒྲོན་གནང་། ས་གནས་ Elgg ལ་སླབས་སྐབས་ས་གནས་ Rikon ཚོགས་ཆུང་གི་མི་མང་རྣམས་ཀྱིས་སྣེ་ལེན་གཟབ་རྒྱས་གནང་ཞིང་། ལྷག་དོན་ས་གནས་དེར་གནས་སྡོད་ཀླུ་གཏིང་ཤར་མ་ནང་མི་ནས་དགོང་མོའི་ཞལ་ལག་གྲ་རྒྱས་དང་། ཞོགས་ཇ་བཅས་ཀྱི་སྦྱིན་བདག་གནང་བ་སོགས་ཉིན་གཉིས་པའི་གོམ་བགྲོད་པ་རྣམས་ལ་མཐུན་འགྱུར་རོགས་རམ་གནང་གང་ལེགས་གནང་བར་ཚོགས་གཞོན་བསམ་པ་དོན་གྲུབ་ལགས་ཀྱིས་ས་འཐུས་དང་མི་མང་གི་ཚབ་བྱས་ནས་བཀའ་དྲིན་ཆེད་བརྗོད་གནང་། )
ཐེངས་འདིའི་གོམ་བགྲོད་ནང་མཉམ་ཞུགས་གནང་མཁན་སུད་སི་ས་གནས་ Rapperswil ནང་གནས་སྡོད་མཁན་དགུང་གྲངས་༧༠ སོན་པའི་ཨ་མ་རྣམ་རྒྱལ་སྒྲོལ་མ་ལགས་སུ་ཐེངས་འདིའི་གོམ་བགྲོད་ནང་མཉམ་ཞུགས་དགོས་པའི་རྒྱུ་མཚན་དང་། གོམ་བགྲོད་ནང་དཀའ་ངལ་ཅི་བྱུང་སོགས་ཀྱི་ཐད་བཅར་འདྲི་ཞུས་པར་ཁོང་གིས་བརྗོད་དོན། བོད་ནང་ལོ་ན་གཞོན་གཞོན་མང་པོ་ཞིག་གིས་བོད་ཀྱི་རྩ་དོན་ཆེད་སྐུ་ལུས་མེར་སྲེག་གནང་གི་ཡོད་པ་དང་། བོད་ཀྱི་ལུང་པ་བརླག་ནས་ལོ་ངོ་ལྔ་བཅུ་ང་གསུམ་ལྷག་འགྲོ་ཚར་བ། རང་གི་ལུང་པའི་ནང་དཀའ་ངལ་ག་ཚོད་ཡོད་པ་སོགས་སེམས་ནས་ནམ་ཡང་བརྗེད་ཡ་མི་འདུག སོ་སོ་མ་ཤི་བར་དུ་བོད་ཀྱི་ཤ་ཁྲག་རུས་གསུམ་དེ་བོད་པ་ཡིན་པ་མ་བརྗེད་སོགས་གལ་ཆེན་པོ་ཡིན་པ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཇི་གསུང་བཀའ་བཞིན་སྒྲུབ་རྒྱུ་དང་། བོད་མི་ཚང་མ་མཉམ་རུབ་ཐོག་གང་ཐུབ་ཐུབ་གནང་དགོས་སོགས་གལ་ཆེ་བར་བསམ་ནས། དེ་རིང་གི་གོམ་བགྲོད་ནང་མཉམ་ཞུགས་ཞུས་པ་ཡིན། ཞེས་དང་། རྩ་བའི་ཆ་ནས་ང་རང་རྐང་པའི་ཚུགས་དང་པུས་མོ་ན་ཡ་སོགས་མང་པོ་ཡོད་ཀྱང། གོམ་པ་རྒྱག་བཞིན་པའི་སྐབས་དེ་དག་ཞེ་དྲག་ན་གི་འདུག་བསམ་གྱིན་མི་འདུག་ལ། དཀའ་ལས་ཏོག་ཙམ་ཁག་པ་དེ་ཡང་སོ་སོས་ཡིན་གཅིག་མིན་གཉིས་དཀའ་ངལ་རྒྱག་དགོས་བསམ་པ་ཙམ་ལས། དཀའ་ངལ་ཆེན་པོ་ཞིག་ལ་ཚོར་གྱིན་མི་འདུག ཅེས་གསུངས་སོང་།
སུད་སི་ས་གནས་ཛུ་རིག་ནང་གནས་སྡོད་དང་ཐེངས་འདིའི་གོམ་བགྲོད་པ་གོ་བ་བསོད་ནམས་རིང་འགྲོ་ལགས་སུ་ཐེངས་འདིའི་གོམ་བགྲོད་གནང་ཞུགས་དགོས་པའི་རྒྱུ་མཚན་དང་།ཐེངས་འདིའི་གོམ་བགྲོད་ནང་ཞུགས་པར་ཚོར་བ་ག་འདྲ་བྱུང་ཡོད་མེད་ཐད་བཅར་འདྲིི་ཞུས་པར། ཁོང་གིས། ཚང་མས་མཁྱེན་གསལ་ལྟར་བོད་ནང་ལ་ཛ་དྲག་གི་གནས་ཚུལ་མང་པོ་ཆགས་ཡོད་པ་དེ་དག་གི་ཆེད་དུ་ས་གནས་འཐུས་ཚོགས་ཀྱི་ངོས་ནས་འདི་ལྟ་བུའི་གོམ་བགྲོད་ལས་འགུལ་ཞིག་གོ་སྒྲིག་ཞུས་པར། སོ་སོའི་ངོས་ནས་བོད་ནང་གི་རྒྱལ་གཅེས་དཔའ་བོ་མོ་རྣམས་ཀྱིས་མཚོན་པའི་གཞིས་ལུས་སྤུན་ཟླ་ཚོ་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ལས་འགུལ་འདིར་མཉམ་ཞུགས་ཞུས་པ་ཡིན། ཞེས་དང་། དེ་རིང་གོམ་བགྲོད་ནང་གཞོན་སྐྱེས་མང་པོ་མཉམ་ཞུགས་གནང་འདུག་པ་དང་། ཚང་མ་སེམས་ཤུགས་ཆེན་པོ་འདུག་པ་བཅས་ཀྱིས་སོ་སོ་ལ་ཚོར་བ་སྐྱིད་པོ་སྤྲོད་ཀྱིན་འདུག་པ་མ་ཟད། ས་གནས་ས་ཐོག་རེ་རེ་ལ་བོད་ནང་གི་གནས་སྟངས་འགྲེལ་བརྗོད་ཀྱི་ཡིག་ཆ་འགྲེམས་སྤེལ་དང་བོད་དོན་དྲིལ་བསྒྲགས་གནང་ཐུབ་ཀྱིན་འདུག་པས། ལས་འགུལ་འདིར་གྲུབ་འབྲས་ཡག་པོ་ཡོང་གི་རེད་བསམ་པའི་ཚོར་བ་ཡོང་གི་འདུག ཅེས་གསུངས་སོང་།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།