བོད་དོན་ཞི་བའི་གོམ་བགྲོད་ཉིན་བཅུ་བདུན་པ།

ཕྱི་ཚེས་ ༢༠ ཉིན་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་བཅུ་བདུན་པ་དེ་ཡིན། ཉིན་འདིར་སུད་སུ་ས་གནས་ Cheserex ནས་ Geneva བར་སྤྱི་ལེ་ ༢༤ ལྷག་ལ་གོམ་བགྲོད་གནང་། དེ་རིང་གོམ་བགྲོད་ནང་མཉམ་ཞུགས་གནང་མཁན་སྐྱེས་པ་གྲངས། ༤༡ དང་། བུད་མེད་ ༢༨ བཅས་ཁྱོན་གྲངས་ ༦༩ ཡོད་ཅིང་། ལས་བྱེད་དྲུག་བཅས་མཉམ་ཞུགས་གནང་ཡོད། ཡིག་ཆ་ཆིག་སྟོང་ལྷག་འགྲེམས་སྤེལ་གནང་ཐུབ་ཡོད།

དེ་རིང་གོམ་བགྲོད་པ་རྣམས་གྲོང་ཁྱེར་ཇི་ནི་ཝ་རུ་སླེབས་སྐབས། Geneva Youth Hostel  མདུན་དུ་འབྱོར་སྐབས་ཡུ་རོབ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཐུབ་དབང་ཆེན་ལགས་དང་། སུད་སི་དོན་གཅོད་སྐུ་ཚབ་ཟླ་བ་རྒྱལ་མཚོ་ལགས། ས་གནས་ཇི་ནི་ཝ་ཚོགས་ཆུང་གི་འཐུས་མི་བཅས་ས་གནས་མི་མང་རྣམས་ཀྱིས་གོམ་བགྲོད་པ་རྣམས་ལ་མཇལ་དར་ལེགས་བསྒྲོན་གྱིས་སྣེ་ལེན་གནང་ཞིང་། ས་གནས་རི་ཀོང་ཚོགས་ཆུང་གི་ཚོགས་མི་རྫོང་གསར་པ་རྡོ་རྗེ་དང་ཟླ་ཆུང་ནང་མི་ལྷན་རྒྱས་ཀྱིས་གོམ་བགྲོད་པ་རྣམས་ལ་ཉིན་འདིའི་ཞོགས་ཇ་དང་། དགོང་མོིའི་ཞལ་ལག་བཅས་གོ་སྒྲིག་གནང་བ་དང་། ས་གནས་Basel ནང་གནས་སྡོད་སྐལ་བཟང་བདེ་ལེགས་ལགས་ཀྱིས་གོམ་བགྲོད་པ་རྣམས་ལ་ཉིན་འདིའི་ཆུ་མངར་མོ་དང་འོ་མ། བཏུང་ཆུ་སོགས་ཀྱི་སྦྱིན་བདག་གནང་བྱུང་བ་དང་།  དེ་བཞིན་སུད་སི་ལྷ་ས་བུའི་མཐུན་ཚོགས་ནས་ཞལ་འདེབས་སུད་སྒོར་ ༥༠༠ ཐམ་གནང་བ་སོགས་གོམ་བགྲོད་གོ་སྒྲིག་ཚོགས་ཆུང་དང་གོམ་བགྲོད་པ་རྣམས་ཀྱིས་ཐུགས་རྗེ་ཆེ་ཞུས་སོང་། 

༈  བོད་དོན་ཞི་བའི་གོམ་བགྲོད་ཉིན་བཅུ་བདུན་པ།སུད་སི་ས་གནས་ Glarus ནང་གནས་བཞུགས་བསྟན་འཛིན་སྒྲོལ་དཀར་ལགས་སུ་གོམ་བགྲོད་ནང་ཞུགས་དགོས་དོན་དང་། གོམ་བགྲོད་ནང་དཀའ་ངལ་དང་ཉམས་མྱོང་ག་རེ་རག་ཡོད་མེད་ཐད་བཅར་འདྲི་ཞུས་པར། ཁོང་བརྗོད་དོན། བོད་ནང་གི་གནས་སྟངས་ཚང་མས་མཁྱེན་གསལ་རེད། བོད་ནང་རང་ལུས་མཆོད་མེར་ཕུལ་མཁན་མང་པོ་བྱུང་བ་དང་། ཁྲིམས་ཆད་སོགས་དཀའ་ངལ་མང་པོ་ཡོད་པ་རེད་ལ། ཁོ་རང་ཚོ་རང་དབང་ཡོད་པ་མ་རེད་དེ་ཁོང་ཚོས་སེམས་ཤུགས་ཀྱིས་ལས་ཀ་གནང་བཞིན་པ་རེད། ང་ཚོ་རང་དབང་ལུང་པ་ནང་བསྡད་ཡོད་པ་ཡིན་དུས་འདི་འདྲའི་གོ་སྐབས་རག་དུས་མཉམ་ཞུགས་བྱེད་དགོས་ཀྱིན་འདུག་བསམ་ནས་མཉམ་ཞུགས་བྱས་པ་ཡིན། ཞེས་དང་། གོམ་བགྲོད་ནང་ཞུགས་ཉིན་ཤས་རིང་རྐང་པ་ན་ཡ་སོགས་དཀའ་ངལ་ཏོག་ཙམ་ཕྲད་ཀྱང་། རྗེས་སུ་དཀའ་དམིགས་བསལ་གང་ཡང་ཕྲད་མ་སོང་། ང་ཚོ་གོམ་པ་བརྒྱབ་ནས་ཡོང་བའི་སྐབས་ང་ཚོའི་བོད་པ་མང་པོ་ཞིག་ངོ་ཤེས་སོང་ལ། མི་མང་པོ་ཞིག་གིས་བགྲོ་གླེང་སོགས་གནང་བས་བསམ་ཚུལ་འདྲ་མིན་རག་ཡ་སོགས་མང་པོ་བྱུང་སོང་། མ་འོངས་པ་ན་ལས་འགུལ་ག་འདྲ་ཞིག་སྤེལ་བ་ཡིན་ནའང་ང་རང་མུ་མཐུད་མཉམ་ཞུགས་ཞུ་བའི་འདོད་པ་ཡོད། ང་རང་ད་ལྟའི་བར་དུ་སྐད་འབོད་དང་ལས་འགུལ་ག་འདྲ་ཞིག་ཡིན་ན་འགྲོ་བསྡད་ཡོད། མ་འོངས་པར་ཡང་གོམ་བགྲོད་དང་སྐད་འབོད་གང་ཡིན་ཡང་ག་ཚོད་ཐུབ་ཐུབ་མཉམ་ཞུགས་ཞུ་ཡ་ཡིན། ཞེས་གསུངས་སོང།ཙ་ཡུས་ཕུན་ཚོགས། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 3 སྡོམས་རོགས།