བོད་དོན་ཞི་བའི་གོམ་བགྲོད་ཉིན་བཞི་བ།
ཕྱི་ཚེས་༧ ཉིན་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་བཞི་པ་ཡིན། ཉིན་འདིར་ཡང་གནམ་གཤིས་ཡག་པོ་དེ་ཙམ་མེད། གོམ་བགྲོད་ཉིན་བཞི་པ་དེ་སུད་སི་ས་གནས་Effretikon ནས་ས་གནས་Dietikonབར་སྤྱི་ལེ ༢༥ ལྷག་ལ་གོམ་བགྲོད་གནང་ཞིང་། གོམ་བགྲོད་པ་སྐྱེས་པ་གྲངས་ ༣༤ དང་བུད་མེད་ ༡༢ བཅས་ཁྱོན་མི་གྲངས་༤༦ བྱུང་བའི་ཁྲོད་ཕྱི་རྒྱལ་མི་གཅིག ལས་བྱེད ༦་བཅས་བྱུང་ཡོད་ཅིང་། ཉིན་འདིར་བུད་མེད་གཅིག་གི་རྐང་བ་ཆུ་སེར་ཐོན་རྐྱེན་རླངས་འཁོར་ནང་འགྲོ་དགོས་ཐུག་པ་ལས། གཞན་དཀའ་ངལ་དམིགས་བསལ་གང་ཡང་བྱུང་མ་སོང་ལ། བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ་གཅིག་སྟོང་ལྷག་འགྲེམས་སྤེལ་གནང་ཐུབ་ཡོད།
ཉིན་བཞི་པའི་བོད་དོན་གོམ་བགྲོད་ཉིན་གྱི་ཕྱི་དྲོ་ས་གནས Dietikon ལ་སླེབས་སྐབས་ས་གནས་ཛུ་རིག་ཚོགས་ཆུང་གི་རྒྱུན་ལས་རྣམས་ཆེད་ཕེབས་གནང་སྟེ་གོམ་བགྲོད་པ་རྣམ་ལ་རྐང་སུབ་རེ་རེ་གནང་མཇལ་དར་བསྒྲོན། སུད་སི་ཛུ་རིག་གནས་སྡོད་མདོ་སྨད་ཚོགས་ཟུར་དོན་གྲུབ་བཀྲ་ཤིས་ལགས་ནས་ཉིན་བཞི་བའི་ཞལ་ལག་གི་འགྲོ་སོང་ཡོངས་རྫོགས་ཀྱི་སྦྱིན་བདག་གནང་བ་དང་། ཧོར་གྷན་ཚོགས་ཆུང་གིས་སྨན་ཞབས་ཆེད་གཏོང་གནང་བར་ཚོགས་གཞོན་བསམ་པ་དོན་གྲུབ་ལགས་ཀྱིས་བཀའ་དྲིན་ཆེད་བརྗོད་ཀྱི་མཇལ་དར་བསྒྲོན།
སུད་སི་ས་གནས་ཨར་གྷའོ་ནང་གནས་སྡོད་གདུག་ཚ་ཚང་བསྟན་འཛིན་འོད་ཟེར་ལགས་སུ་ད་ལྟ་ཁྱེད་རང་གོམ་བགྲོད་ནང་འཛུལ་ཞུགས་གནང་བཞིན་པ་ལྟར། མ་འོངས་པར་ལས་འགུལ་གཞན་ག་འདྲ་ཞིག་སྤེལ་ན་ཡག་པོ་ཡོད་ཚུལ་དང་། ལས་འགུལ་འདིས་ནུས་པ་ག་ཚོད་ཙམ་ཐོན་རྒྱུ་ཡིན་པའི་རེ་གནང་གི་ཡོད་མེད་ཐད་བསམ་ཚུལ་དྲིས་པར། ཁོང་གིས། རྩ་བའི་ང་ཚོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྟ་བ་ལངས་ཕྱོགས་གཞི་ལ་བཞག་པའི་ཐོག་ནས་ད་ལྟའི་བར་ལས་འགུལ་རབས་དང་རིམ་པ་མང་པོ་སྤེལ་བཞིན་ཡོད་པ་རེད། དེ་བཞིན་ད་ལྟ་ང་ཚོས་སུད་སི་བོད་རིགས་མི་མང་གིས་གོ་སྒྲིག་ཞུས་བ་ནང་བཞིན་གྱི་གོམ་བགྲོད་དང་ལས་འགུལ་འདྲ་མིན་སྤེལ་བཞིན་པ་རེད། དེར་བརྟེན་ང་རང་གི་བསམ་ཚུལ་ཡིན་ན་མ་འོངས་པར་ཡང་གོམ་བགྲོད་ལྟ་བུའི་ལས་འགུལ་སྤེལ་ཐུབ་པ་ཡིན་ན་ཡག་པོ་ཞེ་དྲག་མཐོང་གི་འདུག གང་ཡིན་ཟེར་ན་ང་ཚོས་བོད་ཀྱི་དཀའ་ངལ་མི་མང་ལ་ཁྱབ་བསྒྲགས་གནང་ཐུབ་དགོས་པ་ཡིན་ཙང་། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་འཁོད་པའི་ཡིག་ཆ་མང་པོ་སུད་སི་མི་མང་ལ་འགྲེམས་སྤེལ་ཐུབ་ཀྱིན་འདུག་པས། ལས་འགུལ་འདི་ཡག་པོ་མཐོང་གིན་འདུག ཅེས་དང་། ངས་གོང་དུ་ཞུས་པ་ནང་བཞིན་གོམ་བགྲོད་ལ་འགྲོ་བཞིན་པའི་སྐབས་མི་མང་ལ་བོད་དོན་ཐད་གོ་རྟོགས་སྤེལ་ཐུབ་ཀྱིན་འདུག་སྙམ་ལ། གཙོ་ཆེ་བ་དེ་མི་མང་གིས་ང་ཚོར་རྒྱབ་སྐྱོར་དགོས་པ་ཡིན་སྟབས། མི་མང་ལ་གསལ་བསྒྲགས་ག་ཚོད་བྱེད་ཐུབ་པ་ཙམ་གྱིས་བོད་དོན་ཐད་ནུས་པ་ཡང་དེ་ཙམ་ཐོན་གྱིན་འདུག་སྙམ་པ་བྱུང་། ཞེས་གསུངས་སོང་། ཙ་ཡུལ་ཕུན་ཚོགས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།