བོད་དོན་ཞི་བའི་གོམ་བགྲོད་ཉིན་བརྒྱད་པ།

དེ་རིང་ཕྱི་ཚེས ༡༡ ཉིན་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་བརྒྱད་པ་ཡིན། གོམ་བགྲོད་པ་རྣམས་སུད་སི་ས་གནས་Murgenthal ནས་ས་གནས Koffingen བར་སྤྱི་ལེ་ ༢༥ ལྷག་ལ་གོམ་བགྲོད་གནང་སོང་ལ། གོམ་བགྲོད་པ་བུད་མེད་གཅིག་རྐང་པ་ན་རྐྱེན་རླངས་འཁོར་ནང་ཕེབས་དགོས་བྱུང་སོང་བ་དང་། གོམ་བགྲོད་པ་མང་པོ་ཞིག་གི་རྐང་པར་རྨ་བརྒྱབ་པ་དང་། རྒྱུན་རིང་བོར་ཕེབས་མཁན་ཁ་ཤས་རྐང་པ་ན་ཟུག་བརྒྱབ་པ་སོགས་དཀའ་ངལ་ཅུང་འཕྲད་ཀྱིན་འདུག ཉིན་འདིར་གོམ་བགྲོད་ནང་སྐྱེས་པ་གྲངས་༣༠ དང་། བུད་མེད་གྲངས ༡༣ ཁྱོན་མི་གྲངས་ ༤༣ དང་ལས་བྱེད་དྲུག་བཅས་མཉམ་ཞུགས་གནང་ཡོད། ཡིག་ཆ་གྲངས་ཆིག་སྟོང་ལྷག་འགྲེམ་སྤེལ་གནང་ཐུབ་སོང་།

ཉིན་འདིར་ས་གནས་ Bassel ཚོགས་ཆུང་གི་འཐུས་མི་མགོན་པོ་རྡོ་རྗེ་ཚང་ཐུབ་བསྟན་ཟླ་བ་ལགས་ཀྱི་ནང་མི་ངོས་ནས་གོམ་བགྲོད་པ་རྣམས་ལ་ཞོགས་ཇ་དང་། ཉིན་གུང་ཞལ་ལག་གྲ་རྒྱས་ཀྱིས་སྣེ་ལེན་གཟབ་རྒྱས་གནང་བྱུང་བ་དང་། དེ་བཞིན་ Bassel ཚོགས་ཆུང་གི་ངོས་ནས་དགོང་མོའི་ཞལ་ལག་གྲ་རྒྱས་གོ་སྒྲིག་གནང་བྱུང་བ་སོགས་ལ་ཚོགས་གཞོན་བསམ་པ་དོན་གྲུབ་ལགས་ཀྱིས་བཀའ་དྲིན་ཆེད་ཞུའི་ཕྱིར་མཇལ་དར་བསྒྲོན།

སུད་སི་ས་གནས་ St. Gallen ནང་གནས་བཞུགས་སྟག་ལྗོངས་ཞབས་ཚང་འཆི་མེད་སངས་རྒྱས་ལགས་སུ་མ་འོངས་པར་ང་ཚོས་ལས་འགུལ་ཅི་ཞིག་སྤེལ་ན་ཡག་པོ་ཡོང་ཚུལ་དང་། ཐེངས་འདིའི་བོད་དོན་ཞི་བའི་གོམ་བགྲོད་ལས་འགུལ་འདིས་བོད་དོན་ཆེད་ནུས་པ་ག་འདྲ་ཞིག་འཐོན་རྒྱུ་ཡིན་པའི་རེ་བ་གནང་གི་ཡོད་ཚུལ་གྱི་ཐད་བཅར་འདྲི་ཞུས་པར། ཁོང་གིས། རྩ་བའི་ཆ་ནས་བོད་དོན་དྲིལ་བསྒྲགས་ཡོང་ཕྱིར་ལས་འགུལ་རིགས་འདྲ་མིན་སྤེལ་ཡ་ཡོད་པའི་ནང་ནས། མ་འོངས་པ་ན་ལས་འགུལ་ག་འདྲ་ཞིག་སྤེལ་ན་ཟེར་བའི་ཐོག་ལ་བསམ་ཚུལ་ཏོག་ཙམ་ཞུས་པ་ཡིན་ན། རྒྱ་གར་ལྡི་ལིའི་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་པ་རེད། དེ་དྲིལ་བསྒྲགས་ཀྱང་ཡག་པོ་བྱུང་ཡོད་ས་རེད། དེ་ལྟ་བུ་ཞིག་མ་འོངས་པར་བོད་རིགས་འདུས་སྡོད་ཆེ་ས་ཁག་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་གནང་བའི་ཐོག་ལས་འགུལ་དེ་འདྲ་ཞིག་སྤེལ་ཐུབ་པ་ཡིན་ན། གསར་འགྱུར་བརྒྱུད་ལམ་ཁག་ནང་ཁྱབ་བསྒྲགས་ཡོང་བ་སོགས་ཀྱི་ཐད་ཡག་པོ་ཡོང་གི་འདུག་དྲན་གྱིན་འདུག དེ་ལྟ་བུ་ཞིག་མ་འོངས་པ་ན་སུད་སི་ནང་སྤེལ་ཐུབ་པ་ཡིན་ན་ཡག་པོ་ཞེ་དྲག་རེད་འདུག་བསམ་གྱིན་འདུག ཅེས་དང་། སྤྱིར་བཏང་ཐེངས་འདིའི་གོམ་བགྲོད་ལ་གྲུབ་འབྲས་གང་ལ་གང་འཚམས་ཤིག་ཐོན་ཡོད་རྒྱུ་རེད་བསམ་གྱིན་འདུག ཡིན་ཡང་གྲུབ་འབྲས་ཞེ་དྲག་ཆེན་པོ་དེ་འདྲའི་ཐོན་ཡོང་ཡ་ཞིག་ཡོང་རྒྱུ་དཀའ་ལས་ཁག་པོ་རེད་དེ། སུད་སི་ནང་ཁུལ་ལྟ་བུ་ཞིག་ལ་ཆ་མཚོན་པ་ཡིན་ན་གསར་འགྱུར་བརྒྱུད་ལམ་ཁག་དང་། དེ་ནང་བཞིན་ས་ཁུལ་ཁུག་ཀྱོག་དེ་འདྲ་ལ་བོད་དོན་ཡིག་ཆ་འགྲེམས་སྤེལ་བྱས་ཡོང་བའི་སྐབས་ལ། གང་ལ་གང་འཚམས་ཤིག་བོད་དོན་མཁྱེན་རྟོགས་ཡོང་བ་བཅས་ཀྱི་ཐད་གྲུབ་འབྲས་ཡག་ཙམ་བྱུང་གི་འདུག་བསམ་པ་འདུག ཅེས་གསུངས་སོང་།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 2 སྡོམས་རོགས།